ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཧུན་དྷུ་ར་སིའི་འདེམས་ཐོན་སྲིད་འཛིན་གྱིས་རྒྱ་ནག་ལ་ཕྱི་འབྲེལ་འཛུགས་སམ།


༄༅།། དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཧུན་དྷུ་ར་སིའི་འདེམས་ཐོན་སྲིད་འཛིན་ཁེ་སི་ཊེ་རོས་འོས་འདེམས་ལས་འགུལ་སྐབས་སུ་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་ནས་ཐེ་ཝན་ལ་འབྲེལ་བ་གཅོད་རྒྱུ་ཡིན་ཞེས་དམ་བཅའ་བཞག ད་ལྟ་ཁོ་མོས་འགོ་ཁྲིད་པའི་ཧུན་དྷུ་ར་སིའི་གཡོན་ཤོག་ཚོགས་པར་དངོས་སུ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་པས་ཐེ་ཝན་དང་ཨ་མི་རི་ཀ་གཉིས་ཀྱིས་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར། ཕྱི་ཟླ་༡༢་པའི་ཚེས་༢་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེང་སྐབས་འཛམ་གླིང་འདིར་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༡༥་ལས་མེད་པ་དེའི་ཁོངས་སུ་ཧུན་དྷུ་ར་སི་ཚུད། ཐེ་ཝན་དང་ཧུན་དྷུ་ར་སི་གཉིས་ལ་ལོ་༨༠་ལྷག་གི་ཕྱི་འབྲེལ་གྱི་འབྲེལ་བ་ཡོད་པ་སྐྱོབ་ཐབས་སུ་ཁ་སང་གཟའ་ལྷག་པའི་ཉིན་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཁེ་སི་ཊི་རོར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཐེ་ཝན་དང་ཧུན་དྷུ་ར་སི་གཉིས་ཀྱི་ཕྱི་འབྲེལ་རྒྱུན་འཁྱོངས་དང་ལས་དོན་མཉམ་སྒྲུབ་བྱས་ནས་ཕྱོགས་གཉིས་ཀྱི་མི་དམངས་ལ་སྲི་ཞུ་བསྒྲུབ་དགོས། ཧུན་དྷུ་ར་སི་དང་ཐེ་ཝན་གྱི་ཡུན་རིང་གི་འབྲེལ་བ་སྲ་བརྟན་བཏང་སྟེ་ཡར་རྒྱས་གཏོང་དགོས་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། འདེམས་ཐོན་སྲིད་འཛིན་ཁེ་སི་ཊི་རོས་ཀྱང་སྲིད་འཛིན་ཚེ་དབྱིན་ཝེན་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཡིག་ལན་བསློགས། ཁོ་མོས་འོས་འདེམས་ལས་འགུལ་སྐབས་སུ་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་འབྲེལ་བ་འཛུགས་རྒྱུའི་ཁས་ལེན་བྱས་པས་ཨ་མི་རི་ཀར་བློ་འཚབ་བྱུང་སྟེ་སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཧུན་དྷུ་ར་སིས་མུ་མཐུད་དུ་ཐེ་ཝན་ལ་ཕྱི་འབྲེལ་རྒྱུན་འཁྱོངས་བྱེད་ཐུབ་པའི་རེ་བ་ཡོད་ཅེས་ནན་སྐུལ་བྱས་འདུག སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་དུས་སུ་ཐེ་ཝན་ལ་ཕྱི་འབྲེལ་བཅད་པའི་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀས་དཔལ་འབྱོར་རོགས་རམ་མ་སྤྲད་པར་འབྲེལ་བ་སྡུག་ཏུ་བཏང་སྟེ་ཉེས་ཆད བཅད།།

མཉམ་འབྲེལ་གསར་ཁང་དང་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཧུན་དྷུ་ར་སིའི་འདེམས་ཐོན་སྲིད་འཛིན་ཁེ་སི་ཊི་རོར་འོས་ཤོག་བརྒྱ་ཆ་༥༣་ཐོབ་པ་དང་ཁོ་མོའི་ཁ་གཏད་པ་ཨ་སི་ཧྥུ་རར་འོས་ཤོག་བརྒྱ་ཆ་༣༤་ཐོབ། རྒྱལ་ཁབ་དེའི་རྒྱལ་ཡོངས་འོས་བསྡུ་ལྷན་ཁང་གིས་ཉི་མ་༣༠་ཐམ་པའི་ནང་ཚུད་དུ་འོས་འདེམས་ཀྱི་རྒྱལ་ཁ་སུ་ལ་ཐོབ་ཡོད་མེད་གཞུང་འབྲེལ་གྱིས་གསལ་བསྒྲགས་སྤེལ་དགོས། ཧུན་དྷུ་ར་སིའི་གཞུང་འཛིན་ཚོགས་པའི་སྲིད་འཛིན་འོས་མི་ཨ་སི་ཧྥུ་རས་འོས་འདེམས་ཀྱི་ཕམ་ཉེས་བྱུང་བ་ངོས་ལེན་བྱས་པའི་རྗེས་སུ་འདེམས་ཐོན་སྲིད་འཛིན་ཁེ་སི་ཊི་རོ་དང་ཁོ་མོའི་བཟའ་མི་ཚོར་ཐུག་འཕྲད་བྱས་པ་ཡིན་ཞེས་གསལ་བསྒྲགས་སྤེལ། འདེམས་ཐོན་སྲིད་འཛིན་ཁེ་སི་ཊི་རོས་ཁ་སང་མི་དམངས་ལ་ངས་ཁྱོད་ཚོ་བློ་ཕམ་འབྱུང་བའི་ལས་དོན་ཞིག་ནམ་ཡང་བསྒྲུབ་རྒྱུ་མིན་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷ་ལིན་ཁེན་གྱིས་ཁེ་སི་ཊི་རོར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས་པར་མ་ཟད། ཁོང་གིས་ཧུན་དྷུ་ར་སི་རྒྱལ་ཁབ་ལ་ཆེས་ཐོག་མར་བུད་མེད་སྲིད་འཛིན་ཞིག་འདེམས་ཐོན་བྱུང་བར་དམིགས་བསལ་གྱི་འཚམས་འདྲི་ཡོད། ང་ཚོས་ཧུན་དྷུ་ར་སིའི་སྲིད་གཞུང་གསར་པར་ལས་དོན་མཉམ་སྒྲུབ་བྱེད་ཐུབ་པའི་རེ་ལྟོས་འཆང་ཡོད་ཅེས་བསྒྲགས། ཧུན་དྷུ་ར་སིའི་གཞུང་འཛིན་ཚོགས་པའི་སྲིད་འཛིན་འོས་མི་ཨ་སི་ཧྥུ་རས་འོས་འདེམས་ཀྱི་གྲུབ་འབྲས་ལ་ངོས་ལེན་བྱས་པར་མི་དམངས་རྣམས་བློ་བདེ་བག་ཕེབས་བྱུང་། ༢༠༡༧་ལོར་རྒྱལ་ཁབ་དེའི་འོས་འདེམས་གྲུབ་འབྲས་ལ་རྩོད་གཞི་བྱུང་ནས་ཟིང་འཁྲུག་ལངས་ཏེ་མི་༢༣་ལ་སྲོག་སྐྱོན་ཕོག སྐབས་དེར་ཧུན་དྷུ་ར་སིའི་གཞུང་གིས་འགྲིམ་འགྲུལ་བཀག་ནས་དུས་ཡུན་བདུན་ཕྲག་གསུམ་གྱི་གཞུག་ཏུ་མ་གཏོགས་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ཐག་གཅོད་མ་ཐུབ།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་ཧུན་དྷུ་ར་སི་རྒྱལ་ཁབ་ནི་དབུས་ཨ་མི་རི་ཀའི་མཐུན་གྲོགས་གཙོ་བོ་ཞིག་ཡིན། ང་ཚོ་ཕྱོགས་གཉིས་མཉམ་འབྲེལ་བྱས་པ་དེར་གྲུབ་འབྲས་གང་ལེགས་ཐོན་ཡོད་པ་ཀུན་གྱིས་མཐོང་གསལ་རེད། ཐེ་ཝན་དང་ཧུན་དྷུ་ར་སི་རྒྱལ་ཁབ་གཉིས་ལ་ཡུན་རིང་གི་འབྲེལ་བ་ཡོད་པས་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་སྲ་བརྟན་དང་འདེམས་ཐོན་སྲིད་འཛིན་ཁེ་སི་ཊི་རོས་འགོ་ཁྲིད་པའི་སྲིད་གཞུང་གསར་པ་མཉམ་འབྲེལ་བྱ་རྒྱུའི་རེ་ལྟོས་འཆང་ཡོད། ང་ཚོས་ཐེ་ཝན་དང་ཧུ་དྷུ་ར་སིའི་མི་དམངས་ལ་ཕན་བདེ་སྒྲུབ་ཐུབ་པའི་རེ་བ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ༡༩༤༡་ལོར་ཧུན་དྷུ་ར་སི་དང་ཀྲུང་ཧྭ་མིན་གོ་གཉིས་ཀྱིས་ཕྱི་འབྲེལ་བཙུགས། ༡༩༤༩་ལོར་གོ་མིན་ཏང་ལ་རྒྱ་ནག་གི་ནང་འཁྲུག་དུས་སུ་ཕམ་ཉེས་བྱུང་སྟེ་ཐེ་ཝན་ལ་བྲོས་ཀྱང་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་རྒྱུན་འཛིན་བྱུང་ཞིང་། ཁེ་སི་ཊི་རོའི་འོས་འདེམས་ལས་འགུལ་གྱི་རྩ་འཛིན་ཁྱབ་བསྒྲགས་ནང་དུ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ན་རྒྱ་ནག་ལ་ཕྱི་འབྲེལ་འཛུགས་རྒྱུ་ཡིན་ཞེས་འཁོད་མོད། འོན་ཀྱང་བདུན་ཕྲག་སྔོན་མར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལས་རོགས་ཎི་ཁོ་ལི་སི་དབུས་ཨ་མི་རི་ཀའི་རྒྱལ་ཁབ་དེར་འཚམས་འདྲིར་ཕེབས་ནས་བཟུང་། ཁེ་སི་ཊི་རོའི་འོས་འདེམས་ལས་འགུལ་གྱི་རྩ་འཛིན་ཁྱབ་བསྒྲགས་འབྲི་མཁན་དེས་ང་ཚོས་རྒྱ་ནག་ལ་ཕྱི་འབྲེལ་འཛུགས་རྒྱུ་ཡིན་མིན་གྱི་མཐའ་མའི་ཐག་གཅོད་གང་ཡང་བྱས་མེད་ཅེས་བསྒྲགས། ཐེ་ཝན་གཞུང་གིས་ཧུན་དྷུ་ར་སིའི་འོས་འདེམས་སྔོན་དེར་རྒྱ་ནག་གི་གཡོ་ཁྲམ་དང་ཁ་སྟོང་ཁས་ལེན་དེ་ཚོར་མགོ་བོ་མི་འཁོར་བའི་རེ་བ་ཡོད་ཅེས་ནན་གྱིས་བསྐུལ། ༢༠༡༩་ལོར་ཁི་རི་བྷ་ཏི་དང་སོ་ལོ་མོན་མཚོ་གླིང་རྒྱལ་ཁབ་གཉིས་ཀྱིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་འབྲེལ་བ་བཙུགས།།

ཧུན་དྷུ་ར་སིའི་འོས་འདེམས་སྐབས་དེར་ཚོང་ལས་ཁག་གིས་སྤྱི་ཚོགས་ལ་ཟིང་འཁྲུག་ལང་སྲིད་པའི་འཇིགས་སྣང་བྱས་ནས་ཚོང་ཁང་སོགས་ཀྱི་སྒོ་དང་སྒེའུ་ཁུང་ལ་པང་ལེབ་བརྡབས། ལོ་ན་༢༨་ལ་སོན་པའི་སྨན་ཞབས་སློབ་ཕྲུག་ཅིག་གིས་གཞུང་འཛིན་ཚོགས་པའི་སྲིད་འཛིན་འོས་མི་ཨ་སི་ཧྥུ་རས་འོས་འདེམས་ཀྱི་གྲུབ་འབྲས་ལ་ངོས་ལེན་བྱས་ནས་ཟིང་ཆ་མ་བསླངས་པར་རྗེས་སུ་ཡི་རང་ཡོད། འདི་ནི་ཁོ་པ་ཆེད་ལས་པ་ཞིག་ཡིན་པ་དང་མི་ཡ་རབས། འདེམས་ཐོན་སྲིད་འཛིན་དང་ཧུན་དྷུ་ར་སི་རྒྱལ་ཁབ་ལ་ཡག་པོ་ཞིག་བྱུང་ན་སྙམ་པའི་ཀུན་སློང་འཆང་ཡོད་པའི་རྟགས་མཚན་རེད་ཅེས་བསྔགས་བརྗོད་ཞུས། ལོ་ཕེ་སི་ཞེས་པ་ཁྱོ་ག་སྟོན་རྒྱུ་མེད་པའི་ཕྲུ་གུ་གཉིས་ཀྱི་ཨ་མ་ལོ་ན་༢༤་ཅན་ཞིག་གིས་ངས་འོས་ཤོག་འཕངས་མེད། ང་འོས་ཤོག་འཕེན་དུ་འགྲོ་དགོས་ན་ཉི་མ་གཅིག་ལས་ཀར་དགོངས་པ་ཞུ་དགོས་ཀྱི་འདུག ངས་ལས་ཀར་དགོངས་པ་ཞུས་ན་བུ་ཕྲུག་གཉིས་ཇི་ལྟར་གསོ་དགོས་པ་རེད། ཧུན་དྷུ་ར་སིའི་འོས་འདེམས་རྗེས་སུ་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཅིག་ཐེབས་ཐུབ་པའི་རེ་བ་ཡོད་ཅེས་བཤད། ལོ་ཕེ་སི་ལ་ཏོག་དབྱིབས་ནད་དུག་འགོས་ནས་ནད་མནར་བྱུང་བའི་སྐབས་དེར་ཟླ་བ་གཉིས་ལ་ལས་ཀར་འགྲོ་ཐུབ། ཁོ་མོས་ཉལ་ཁྲི་དང་འཁྱག་སྒམ། བརྙན་འཕྲིན་དང་ལག་ཐོགས་ཁ་པར་རྣམས་བཙོངས་ནས་བཟའ་བཏུང་དང་ཕྲུ་གུའི་ཆབ་གདན་སོགས་མཁོ་ཆས་རྣམས་ཉོ་དགོས་བྱུང་འདུག སྲིད་འཛིན་ཧར་ནེ་ཌེ་ཛིས་ལོ་༡༢་ལ་སྲིད་དབང་བཟུང་བའི་རིང་དེར་ཧུན་དྷུ་ར་སིའི་མི་མང་ལས་ཤོར་བའི་གྲངས་འབོར་བརྒྱ་ཆ་༡༠་ལྷག་འཕར། རྒྱལ་ཁབ་དེའི་བྱང་ཕྱོགས་ས་གནས་ཁག་ཏུ་དུད་ནག་ཉོ་ཚོང་དང་སྲང་ལམ་ཐམས་ཅད་ཇག་ཚོགས་ཀྱིས་དབང་དུ་བསྒྱུར། ཧུན་དྷུ་ར་སིའི་དཔལ་འབྱོར་ཉམས་རྒུད་དང་མི་མང་ཁྲི་ཚོ་མང་པོས་རང་ཡུལ་བཞག་སྟེ་ཨ་མི་རི་ཀར་སྐྱབས་བཅོལ་དུ་སོང་།།

ཉམས་ཞིབ་པ་ཚོས་ཧུན་དྷུ་ར་སིའི་སྲིད་གཞུང་གསར་པ་དང་ཨ་མི་རི་ཀའི་འབྲེལ་བ་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་དེར་གླེང་སློང་སྣ་ཚོགས་ཤིག་བྱེད་འགོ་ཚུགས། ཁེ་སི་ཊི་རོའི་རྒྱབ་སྐྱོར་བ་མང་དག་ཅིག་གིས་༢༠༠༩་ལོར་རྒྱལ་ཁབ་དེར་སྲིད་འགྱུར་བྱུང་སྟེ་སྐབས་དེའི་སྲིད་འཛིན་ཏེ། ད་ལྟའི་འདེམས་ཐོན་སྲིད་འཛིན་གྱི་ཁྱོ་གར་ཨ་རིའི་གཞུང་གིས་རྒྱབ་སྐྱོར་ཡག་པོ་ཞིག་མ་བྱས་པ་རྣམས་བརྗེད་མེད་ཅིང་། ད་ལོའི་ཕྱི་ཟླ་༦་པར་ཁེ་སི་ཊི་རོས་ང་ལ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ན་ཉི་མ་༡༠༠་ཐམ་པའི་ནང་དུ་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རཱི་སི་གཉིས་ཀྱི་སྲིད་གཞུང་ལ་ཨ་མི་རི་ཀར་ཕྱི་མི་གཞིས་ཆགས་པ་སིམ་འཛུལ་འབྱུང་གི་ཡོད་པའི་འགག་རྩ་དེ་སེལ་ཐུབ་པའི་འཆར་གཞི་ཞིག་འདོན་ཆོག ཧུན་དྷུ་ར་སིའི་སྤྱི་དམངས་ཚོས་རང་ཡུལ་དུ་འདྲ་མཉམ་མེད་པ་དང་ལྐོག་ཟ་རུལ་སུངས་དར་ཁྱབ། དབུལ་ཕོངས་དང་དྲག་ཟིང་གི་དཀའ་སྡུག་ལ་གཡོལ་བར་ཨ་མི་རི་ཀར་བྲོས་བྱོལ་དུ་འགྲོ་ཡི་ཡོད་པ་རེད་ཅེས་ཕྱོགས་གཉིས་མཉམ་འབྲེལ་བྱེད་དགོས་པའི་བརྡ་ཞིག་བཏང་འདུག ཁེ་སི་ཊི་རོའི་སྐད་ཆ་དེ་རྣམས་སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཕྱི་མི་གཞིས་ཆགས་པའི་དཀའ་ངལ་ལ་ངོས་འཛིན་བྱེད་སྟངས་དང་གཅིག་མཚུངས་སུ་གྱུར། ཉམས་ཞིབ་པ་ཚོས་ཨ་མི་རི་ཀ་དང་དང་ཧུན་དྷུ་ར་སི་གཉིས་ཕྱི་མི་གཞིས་ཆགས་དང་དུད་ནག་ཉོ་ཚོང་། ལྐོག་ཟ་རུལ་སུངས་བཀག་སྡོམ་བཅས་ལས་དོན་གསུམ་གྱི་ཐོག་ཏུ་མཉམ་འབྲེལ་བྱེད་ཐུབ་ཅེས་བསྟན། ཉེ་ཆར་གཟའ་ཉི་མའི་དགོང་མར་ཁེ་སི་ཊི་རོས་དྲག་ཟིང་དང་སྡང་ཟུག སྲོག་གཅོད་ཇག་ཚོགས་དང་ལྐོག་ཟ་རུལ་སུངས། དུད་ནག་ཉོ་ཚོང་བ་དང་སྒྲིག་འཛུགས་ལྡན་པའི་ཇག་ཚོགས་རྣམས་མཐར་སྐྲོད་གཏོང་དགོས། རྒྱལ་སྤྱིའི་ལྐོག་ཟ་རུལ་སུངས་བཀག་སྡོམ་ལྷན་ཚོགས་ཀྱི་ལན་ལག་ལས་ཁུངས་བསྐྱར་དུ་ཧུན་དྷུ་ར་སིར་སྒོ་འབྱེད་དགོས་ཞེས་མི་དམངས་ལ་གཏམ་བཤད་བྱས་ནས་འགྱུར་བ་ཆེན་པོ་ཞིག་གཏོང་རྒྱུའི་བརྡ་ཞིག་བཏང་འདུག

XS
SM
MD
LG