ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༥/༡༧

ཞིས་ཅིན་ཕིང་གི་བཀའ་ལྟར་ཧོང་ཀོང་རྒྱལ་ཡོངས་སུ་བརྟག་དཔྱད་བྱ་རྒྱུ།


༄༅།། ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་འགོ་ཁྲིད་ཚོས་ཏོག་དབྱིབས་ནད་དུག་ཁྱབ་གདལ་སྔོན་འགོག་གི་གཙོ་འགན་འཁུར་དགོས། གལ་སྲིད་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་འགོག་མ་ཐུབ་ཚེ། ཧོང་ཀོང་མི་དམངས་ཀྱིས་སླར་ཡང་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་སྲིད་པའི་ཉེན་ཁ་ཆེ། དེ་ནི་རྒྱ་ནག་དབུས་གཞུང་ལ་འབྱུང་དུ་འཇུག་འདོད་མེད། ཧོང་ཀོང་ས་གནས་གཞུང་ལ་མི་དང་སྨན་བཅོས་ཀྱི་མཐུན་རྐྱེན་སོགས་ཅི་ཞིག་ཡོད་ཀྱང་ཐམས་ཅད་བཀོལ་སྤྱོད་བཏང་ནས་མི་དམངས་ཀྱི་འཕྲོད་བསྟེན་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་དགོས། རྒྱ་ནག་དབུས་གཞུང་དང་ས་གནས་ཁག་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་གཞུང་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་བྱེད་ཆོག ཧོང་ཀོང་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་འགོག་ཐབས་སུ་དགོས་ངེས་ཀྱི་སྲིད་ཇུས་རྣམས་ལག་ལེན་བསྟར་དགོས་ཞེས་བཀའ་ཕབ། དེར་བརྟེན་ཧོང་ཀོང་ས་གནས་གཞུང་གིས་མངའ་ཁུལ་དེར་མི་གྲངས་ས་ཡ་༧་དང་འབུམ་༧་མ་ཟིན་ཙམ་ཡོད་པ་ཚང་མར་བརྟག་དཔྱད་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཅིང་། ཧོང་ཀོང་གི་སྨན་པ་མཁས་པ་ཚོས་གྲོང་ཁྱེར་ཧྲིལ་པོར་སྒོ་རྒྱ་མ་བསྡམས་པར་ནད་དུག་ཁྱབ་གདལ་འགྲོ་བཞིན་པ་འགོག་མི་ཐུབ། མི་མང་གིས་ཕན་ཚུན་ནད་དུག་བགོ་རྒྱུ་ཉག་གཅིག་རེད་ཅེས་བཤད། ཡིན་ནའང་ཧོང་ཀོང་ས་གནས་གཞུང་གི་འགོ་ཁྲིད་ཚོ་དཔལ་འབྱོར་དང་ཚོང་ལས་ཉམས་རྒུད་འགྲོ་རྒྱུ་དེར་སྐྲག་ནས་འགྲོ་འོང་བཀག་སྡོམ་བྱ་རྒྱུའི་འདོད་པ་མེད་ཅེས་བསྒྲགས། ཧོང་ཀོང་དང་ཨོ་མེན་ཞིབ་འཇུག་མཐུན་ཚོགས་ཀྱི་གཙོ་འཛིན་གཞོན་པ་ལའོ་ཧྲུ་ཁེ་ཞེས་པ་ཞིག་གིས་ཞིས་ཅིན་ཕིང་ལ་རྒྱ་ནག་དབུས་གཞུང་གི་ནད་འགོག་གི་སྲིད་ཇུས་ཤིག་འཛིན་བཞིན་པ་ནི་ཡང་དག་པ་ཡིན་པའི་ཡིད་ཆེས་འདུག ཁོ་པར་ཧོང་ཀོང་ས་གནས་སུ་ཞི་བདེ་བརྟན་ལྷིང་ཚུགས་ཡོད་པ་ཏོག་དབྱིབས་ནད་ཡམས་ལ་མེད་པར་གཏོང་དུ་འཇུག་འདོད་མེད་པ་རེད་ཅེས་བསྟན།།

དེ་རིང་ཕྱི་ཟླ་༢་པའི་ཚེས་༡༨་ཉིན་ཧོང་ཀོང་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་ངེས་གཏན་བྱུང་བའི་ནད་པ་གསར་པ་༣༦༢༩་དང་ནད་རྟགས་ཐོན་པའི་མི་༧༦༠༠་ཐོན། རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལོ་ན་༦༢་ལ་སོན་པའི་རྒད་པོ་ཞིག་དང་ལོ་༩༦་ལ་སོན་པའི་རྒན་མོ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་ཕོག ཧོང་ཀོང་ས་གནས་གཞུང་གིས་མགྲོན་ཁང་ཁག་གི་ཁང་མིག་ཁྲི་ཚོ་༢་ཟུར་འགོག་ཁང་ལ་བསྒྱུར་རྒྱུའི་ཐག་བཅད། ནད་པ་མང་དག་ཅིག་ལ་སྨན་ཁང་ནང་དུ་ཉལ་ཁྲི་མ་ཐེམས་པར་སྨན་ཁང་ཕྱི་ལོགས་སུ་གུར་ཕུབ་སྟེ་སྙལ་ཡོད་པ་རྣམས་མྱུར་དུ་ཁང་པའི་ནང་དུ་ལེན་ཐབས་བྱ་རྒྱུ། ཏོག་དབྱིབས་ནད་དུག་འགོས་ཡོད་པར་དོགས་པ་ཡོད་པའི་ནད་པ་བརྒྱ་ཕྲག་མང་པོས་སྨན་ཁང་ཕྱི་ལོགས་ཀྱི་གྲང་ངར་ཁྲོད་དུ་སྨན་ཁང་ནང་ལ་ཚུད་ཐབས་སུ་སྒུག ཧོང་ཀོང་གི་འཕྲོད་བསྟེན་ལས་སྣེ་ཚོས་ནད་པ་ཚབས་ཆེན་མིན་པ་དང་ན་གཞོན་ཚོ་ཨེ་ཤི་ཡའི་འཛམ་གླིང་འགྲེམས་སྟོན་ཁང་གི་མགྲོན་ཁང་ལ་སྤོར་ཏེ་སྨན་ཁང་གི་ཉལ་ཁྲི་རྣམས་ནད་པ་ཛ་དྲག་ཅན་དང་རྒན་རྒོན་ལ་སྤྲོད་རྒྱུའི་འཆར་འགོད་བྱས་ཤིང་། ད་ལྟ་ཧོང་ཀོང་གི་སྤྱི་དམངས་སྨན་ཁང་༡༧་གྱི་ནང་དུ་ནད་པར་ལྟ་སྐྱོང་བྱེད་ཐུབ་པའི་ཚད་གཞི་ལས་བརྒལ་བ་ཞིག་ལ་ལྟ་རྟོག་བྱེད་ཀྱི་ཡོད་ཀྱང་ཧོང་ཀོང་གི་སྒེར་གྱི་སྨན་ཁང་ཁག་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚོར་ལྟ་སྐྱོང་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན། ཧོང་ཀོང་སློབ་གྲྭ་ཆེན་མོའི་སྨན་དཔྱད་སློབ་དཔོན་གྷེ་བྷ་རིལ་ལུང་ཞེས་པ་ཞིག་གིས་མངའ་ཁུལ་དེར་ནད་པ་ཁྲི་སྟོང་མང་པོར་སྨན་བཅོས་བྱེད་ཐུབ་པའི་འཕྲོད་བསྟེན་ལམ་ལུགས་ཤིག་ཚུགས་ཐུབ་མི་འདུག ད་དུང་ཡང་ཧོང་ཀོང་ལ་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་རྒྱུ་རེད་ཅེས་བསྟན།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་སྐབས་འདིར་མི་མང་དབུལ་ཕོངས་དང་རྒན་རྒོན་ཚོས་དཀའ་སྡུག་ཆེན་པོ་ཞིག་མྱོང་གི་ཡོད་པ་སྟེ། ལོ་ན་༩༨་ལ་སོན་པའི་རྒན་མོ་ལམ་ཧྥུན་ཞེས་པ་ཞིག་གིས་སྨན་ཁང་ཕྱི་ལོགས་སུ་ཀམ་པ་ལི་དཀྲིས་ནས་ཉལ་ཁྲི་ཞིག་གི་ཐོག་ཏུ་ཙོག་ཙོག་བྱས་ནས་བསྡད། རྒན་མོ་དེས་ཁ་རས་བརྒྱབ་ནས་སྔོན་འགྲོའི་བརྟག་དཔྱད་བྱ་རྒྱུ་དེར་སྒུག ཁོ་མོས་རོ་ཡེ་ཊར་སི་གསར་ཁང་གི་གསར་འགོད་པར་ང་བདེ་པོ་མི་འདུག་ཅེས་སྡུག་སྐད་བརྒྱབ། ཁྲེང་ཧྲ་ཝན་ཞེས་པའི་ངལ་རྩོལ་བ་གནས་འཁོད་ཀྱི་ས་ཁུལ་དེའི་སྨན་ཁང་དེར་ནད་པ་༤༠༠༠༠༠་ལ་ལྟ་རྟོག་བྱེད་ཐུབ་པའི་མཐུན་རྐྱེན་ཡོད་ཀྱང་རྒན་མོ་ལམ་ཧྥུན་ལྟ་བུའི་མི་མང་དབུལ་ཕོངས་བཅུ་ཕྲག་མང་པོས་སྨན་ཁང་ཕྱི་ལོགས་སུ་ཆར་པ་དང་གྲང་རླུང་གི་ཁྲོད་དུ་སྒུག་དགོས་བྱུང་འདུག ཧོང་ཀོང་གི་སྨན་ཁང་ཁག་གིས་ནད་པ་ཚོར་སྨན་བཅོས་མ་བྱས་སྔོན་དུ་སྔོན་འགྲོའི་བརྟག་དཔྱད་དང་དངོས་གཞིའི་བརྟག་དཔྱད་བཅས་བརྟག་དཔྱད་རིམ་པ་གཉིས་བྱེད་ཀྱི་ཡོད་པས་དུས་ཡུན་རིང་པོ་འགོར། དེ་བཞིན་ཧོང་ཀོང་གི་ངལ་རྩོལ་བ་གནས་འཁོད་ཀྱི་ས་གནས་ཤམ་ཧྲུའི་པོ་ཟེར་བ་དེའི་མི་མང་གིས་སྒོ་རྒྱ་བསྡམས། གཞུང་གི་ཁང་པའི་ནང་དུ་གནས་སྡོད་བྱེད་མཁན་མི་མང་ངལ་རྩོལ་བ་ཚོས་འགྲོ་འོང་བཀག་པ་དང་ཚོང་ཁང་ཁག་ཏུ་མི་ཚོགས་ཇེ་ཉུང་དུ་སོང་། ལོ་ན་༢༩་ལ་སོན་པའི་ཊི་རེ་ཝོར་ཁྲུང་ཞེས་པའི་འཕྲོད་བསྟེན་ལས་སྣེ་ཞིག་གིས་ཧོང་ཀོང་ས་གནས་གཞུང་ལ་གྲ་སྒྲིག་མེད་པ་དང་ནད་འགོག་གི་མིའི་སྟོབས་ཤུགས་འདང་ངེས་མི་འདུག ཧོང་ཀོང་ས་གནས་གཞུང་གིས་ནད་ཡམས་ལ་སྣང་ཆུང་བྱས་པ་དང་ངས་བལྟས་ནས་གང་ཅིའི་གནས་སྟངས་སྡུག་ཏུ་འགྲོ་རྒྱུ་རེད་ཅེས་འཁང་ར་བཤད།།

ཉེ་དུས་ཤིག་ནས་ཧོང་ཀོང་རྒྱལ་ཡོངས་ཀྱི་སྨན་ཁང་ཁག་གི་ཉལ་ཁྲི་བརྒྱ་ཆའི་༩༧་ལྷག་ཁེངས་ཟིན། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་ཧོང་ཀོང་ལའང་ལག་ལེན་བསྟར་དུ་འཇུག་གི་ཡོད་ཀྱང་ནད་དུག་མ་ཁོགས། ལོ་ན་༥༩་ལ་སོན་པའི་ཧོང་ཀོང་གི་ནད་དུག་བརྟག་དཔྱད་བྱ་ཡུལ་ཞིག་གི་འཕྲོད་བསྟེན་ལས་སྣེ་ལཱོ་ཁེ་ཝེ་ཞེས་པ་ཞིག་གིས་གསར་འགོད་པར་ཁྱོད་ཀྱིས་མཐོང་གསལ་ལྟར་ངས་ཁ་རས་ཉིས་བརྩེགས་བརྒྱབ་ཡོད། ངས་རང་གི་བདེ་ཐང་ལ་སོ་སོས་སྲུང་སྐྱོབ་བྱེད་དགོས་པ་དང་གཞུང་གིས་སྲུང་སྐྱོབ་བྱེད་ཀྱི་མི་འདུག ང་ལ་ཁེ་རི་ལམ་བསྐྱར་དུ་ཐེངས་གཉིས་པར་ཧོང་ཀོང་སྤྱི་ཁྱབ་ལ་འདེམས་ཐོན་འབྱུང་དུ་འཇུག་འདོད་མེད་ཅེས་ཡིད་མ་ཚིམས། ཧོང་ཀོང་གི་ཚོང་པ་ཚོས་ཀྱང་ནད་འགོག་གི་དམ་དྲག་མང་དྲགས་ཏེ་ཚོང་ལས་ལ་གྱོང་གུད་ཕོག་གི་འདུག ཁེ་རི་ལམ་ལ་ནད་ཡམས་སྔོན་འགོག་གི་འཇོན་ཐང་མི་འདུག་ཅེས་གླེང་། ལོ་ན་༢༣་ལ་སོན་པའི་ཟ་ཁང་སྤྱི་གཉེར་ཞིག་གིས་གཞུང་གི་བཀག་སྡོམ་ལ་བརྟེན་ནས་ཚོང་ལས་བརྒྱ་ཆ་༦༠་ལྷག་ཉམས་རྒུད་ཕྱིན་སོང་། ཏོག་དབྱིབས་ནད་འགོས་པའི་མི་གཅིག་ཀྱང་མེད་པར་གཏོང་རྒྱུ་ནི་འགྲུབ་ཐབས་མེད་པ་ཞིག་རེད་ཅེས་བཤད། ལོ་ན་༧༨་ལ་སོན་པའི་ལུང་མེ་ཁྲུ་ཞེས་པ་ཞིག་གིས་མི་ཚང་མས་འགོག་ཁབ་བརྒྱབ་ན་ནད་ཡམས་ཁྱབ་གདལ་མགོ་འཇོམས་ཐུབ་ངེས་རེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། བྱང་ལན་ཐོ་སྨན་ཁང་གི་ཕྱི་ལོགས་སུ་ནད་པ་ཁྲི་ཚོ་༡་ལྷག་སྒུག་ཡོད་པ་དང་མིང་དངོས་སུ་བརྗོད་འདོད་མེད་པའི་སྨན་པ་ཞིག་གིས་སྨན་ཁང་གི་ཁང་མིག་ཚང་མ་ནད་པས་ཁེངས་ཡོད། ལོ་༩༠་ཅན་གྱི་རྒན་མོ་ཞིག་སྨན་ཁང་ནང་དུ་མ་ཚུད་པར་ཕྱི་ལོགས་སུ་ཉིན་གསུམ་སྒུག་དགོས་བྱུང་སོང་། འདི་ནི་སྔོན་ཆད་བྱུང་མྱོང་མེད་པ་དང་ཕྱི་ལོགས་ཀྱི་ནད་པ་གཅིག་སྡུག་ཏུ་ཕྱིན་ན་ང་ཚོས་ནང་དུ་བླངས་ཏེ་ཉེན་སྐྱོབ་བྱེད་ཐུབ་ཀྱི་མི་འདུག་ཅེས་བཀྲལ།།

ད་ལོའི་ཕྱི་ཟླ་༦་པའི་ནང་དུ་ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་གྱི་ལོ་ལྔའི་ལས་དུས་ཚང་སྟེ་བསྐྱར་དུ་ཧོང་ཀོང་ལ་སྤྱི་ཁྱབ་འོས་འདེམས་བྱ་དགོས། ཐོག་མའི་འཆར་གཞི་ལྟར་ན་ལོ་འདིའི་ཕྱི་ཟླ་༣་པའི་ཚེས་༢༧་ཉིན་ཧོང་ཀོང་གི་སྤྱི་ཁྱབ་འོས་འདེམས་བྱེད་ཀྱི་ཡོད་ཀྱང་ཕྱི་ཟླ་༥་པའི་ཚེས་༨་བར་དུ་འོས་འདེམས་ཀྱི་ཚེས་གྲངས་ཕར་འགྱངས་བྱས་ཤིང་། གཟའ་འཁོར་འདིར་ཧོང་ཀོང་གི་ཏ་གུང་པའོ་དང་ཝེན་ཝེ་པའོ་བཅས་རྒྱ་ནག་གི་ཕྱོགས་གཏོགས་ཚགས་པར་ཁག་ཏུ་ཞིས་ཅིན་ཕིང་གིས་སྲིད་བློན་གཞོན་པ་ཧན་ཀྲེང་བརྒྱུད་ནས་ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་ལ་མངའ་ཁུལ་དེར་ནད་རླབས་ཐེངས་ལྔ་པ་འཕྱུར་གྱི་ཡོད་པར་བློ་འཚབ་ཡོད། ཧོང་ཀོང་མི་དམངས་ལ་སྤྲོ་སེམས་རབ་ཏུ་འཁོལ་བའི་འཚམས་འདྲི་ཡོད་ཅེས་སྐད་བསྐུར། ཞིས་ཅིན་ཕིང་གིས་ཧོང་ཀོང་ལ་སྒོ་རྒྱ་བསྡམས་ནས་ཏོག་དབྱིབས་ནད་དུག་གཅིག་ཀྱང་མེད་པར་གཏོང་དགོས་པའི་རྣམ་འགྱུར་བསྟན། ཧོང་ཀོང་ས་གནས་གཞུང་གིས་འཛམ་གླིང་སྤྱི་ཡོངས་ལ་བསྟུན་ནས་སྒོ་མོ་འབྱེད་དགོས་པའི་ལངས་ཕྱོགས་བཟུང་། དེས་ན་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཐབས་ཇུས་ཐོག་ཏུ་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་ས་གནས་ཀྱི་འགོ་ཁྲིད་ཚོ་ལྟ་བ་མ་མཐུན་པར་ཞིས་ཅིན་ཕིང་གིས་སླར་ཡང་ཁེ་རི་ལམ་ཧོང་ཀོང་གི་སྤྱི་ཁྱབ་འདེམས་བསྐོ་བྱ་རྒྱུ་དེར་རྒྱབ་སྐྱོར་བྱ་རྒྱུ་ཡིན་མིན་ངེས་གཏན་བྲལ། ན་ནིང་ཕྱི་ཟླ་༡༢་པ་ནས་ཧོང་ཀོང་ལ་འཛམ་གླིང་ཡོངས་སུ་ཁྱབ་ཀྱི་ཡོད་པའི་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ནད་རླབས་ལྔ་པ་ཞིག་འཕྱུར། ཁ་སང་གཟའ་ཕུར་བུ་གཅིག་པུར་ཧོང་ཀོང་གཞུང་གིས་མི་༦༡༡༦་ལ་ཏོག་དབྱིབས་ནད་དུག་འགོས་པ་ངེས་གཏན་བྱུང་། མི་༦༡༡༦་གི་གྲས་ནས་མི་༩་མ་གཏོགས་ནད་པ་ཚང་མར་ཧོང་ཀོང་ས་གནས་སུ་ནད་དུག་འགོས་པ་ཡིན་ཞིང་། ཧོང་ཀོང་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པ་འགོག་མ་ཐུབ་ན་རྒྱ་ནག་གི་ཧྲེན་ཀྲེན་དང་ཀོང་ཀྲུག ཀྲུའུ་ཧེ་དང་ཧྥོ་སན། ཏུང་གྭན་བཅས་ལའང་ནད་དུག་ཁྱབ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་རེད།།

XS
SM
MD
LG