ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ས་གནས་ཁག་གི་དབང་ཆ་དབུས་གཞུང་གིས་བསྡུ་འཆར། 


༄༅།། རྒྱ་ནག་དམར་ཤོག་ཚོགས་པས་ས་གནས་ཁག་ལ་སྤྲད་ཟིན་པའི་དཔལ་འབྱོར་དང་ཆབ་སྲིད་ཀྱི་དབང་ཆ་རྣམས་བསྐྱར་དུ་དབུས་གཞུང་གིས་བསྡུ་དགོས། དེ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་ཞེས་མཐོ་རིམ་འགོ་ཁྲིད་ཚོའི་བསམ་བློའི་ཁ་ཕྱོགས་མཚོན་པའི་རྩོམ་ཡིག་ཁག་ཅིག་གཞུང་གཉེར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་འདུག དེ་རིང་ཕྱི་ཟླ་༡༡་པའི་ཚེས་༡་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྩོམ་ཡིག་དེ་རྣམས་ཞིས་ཅིན་ཕིང་གིས་རྒྱ་ནག་གི་ས་ཁང་ཚོང་ལས་དང་སྒེར་གཉེར་ཚན་རྩལ་བཟོ་ཚོང་ལས་ཁང་ཁག བྱིས་པ་ཚོས་བདུན་ཕྲག་གཅིག་ལ་ཆུ་ཚོད་ཅི་ཙམ་གྱི་རིང་དུ་དྲྭ་ལམ་གྱི་རྩེད་མོ་རྩེ་ཆོག་མིན་བཅས་ལ་ཐེ་ཇུས་བྱ་རྒྱུ་ཤུགས་ཆེ་རུ་བཏང་བའི་གཞུག་ཏུ་ཐོན། དེས་ན་འདས་པའི་ལོ་བཅུ་ཕྲག་འགའ་ཞིག་གི་རིང་དེར་རྒྱ་ནག་གཞུང་གིས་འཛིན་སྐྱོང་ལ་ལེགས་བཅོས་བྱེད་པར་དབུས་གཞུང་གི་དབང་ཚད་ཁག་ཅིག་ས་གནས་ཁག་ལ་སྤྲོད་དགོས་པའི་རིག་པའི་གཞུང་ལུགས་ཤིག་ལག་ལེན་བསྟར་པར་འགྱུར་བ་ཐེབས་ཀྱི་ཡོད་པའི་རྟགས་སུ་མངོན། རྩོམ་ཡིག་གཅིག་གི་ནང་དུ་ཧན་རྒྱལ་རབས་ཀྱི་དུས་སུ་ཅ་དབྱི་ཞེས་པའི་སྲིད་དོན་ཐབས་ཇུས་པ་ཞིག་གིས་དབུས་གཞུང་གིས་ས་བདག་ཚོ་ཁྲིམས་མགོ་རང་བཙན་བྱེད་ཀྱི་ཡོད་པ་ངེས་པར་དུ་འགོག་དགོས་ཞེས་བསྟན་པའི་ལྟ་གྲུབ་བཀོད། རྩོམ་ཡིག་དེར་རྒྱལ་ཁབ་ཀྱི་དཔལ་འབྱོར་སྲིད་ཇུས་ལ་དབུས་གཞུང་གིས་ཐེ་གཏོགས་མ་བྱས་ཚེ། མི་དམངས་ཀྱི་ཡོང་འབབ་ལ་ཁྱད་པར་ཤོར་ཏེ་སྤྱི་ཚོགས་ལ་བརྟན་ལྷིང་མེད་པར་འགྱུར་ཉེན་ཡོད་ཅེས་ཞིས་ཅིན་ཕིང་གི་ཐུན་མོང་གི་ཡར་རྒྱས་ཟེར་བའི་ཆབ་སྲིད་ཀྱི་ལྟ་གྲུབ་གསར་པ་ཞིག་བཏོན་པ་མཚོན་ཐབས་བྱས་འདུག

རྩོམ་ཡིག་གཉིས་པ་དེ་དབུས་ཡིག་ཚང་གཤམ་འོག་གི་དབུས་ནོར་སྲིད་དང་དཔལ་འབྱོར་ལས་དོན་ཁང་གི་ཉམས་ཞིབ་པ་ཀྲང་ཤའོ་པུ་ཞེས་པ་ཞིག་གིས་བྲིས་ཤིང་། ཁོང་གིས་ལོ་རབས་༩༠་པ་ནས་རྒྱ་ནག་གི་མཚོ་ཁའི་ཞིང་ཆེན་ཁག་གིས་མ་རྩ་འཛུགས་འཇོག་སོགས་ལས་རིགས་ཁག་ཅིག་དབུས་གཞུང་གི་དཔལ་འབྱོར་འཆར་འགོད་ཀྱི་སྲིད་ཇུས་ལ་རྒྱབ་འགལ་དུ་གྱུར་འདུག ས་གནས་སྲིད་གཞུང་འགའ་ཞིག་གིས་མུ་མཐུད་དུ་ནག་རྫས་དུད་རླངས་མང་པོ་གཏོང་བའི་བཟོ་གྲྭ་ཁག་ལ་མ་རྩ་བཙུགས་ཏེ་པེ་ཅིང་འགོ་ཁྲིད་ཚོས་ནག་རྫས་དུད་རླངས་མེད་པར་གཏོང་དགོས་པའི་སྲིད་ཇུས་ཤིག་གཏན་ལ་ཕབ་པར་སྣང་མེད་གཏོང་བའམ། ཡང་ན་ས་གནས་སྲིད་གཞུང་ཁག་ཅིག་གིས་ཧོལ་རྒྱུག་བྱས་ནས་ལས་གཞི་གསར་པ་མགོ་བརྩམས་ཀྱང་དེ་དག་ལ་དཀའ་ངལ་གསར་པ་འཕྲད་ཀྱི་འདུག་ཅེས་བཤད། ཀྲང་ཞའོ་པུས་ཉམས་ཞིབ་པ་ཁག་ཅིག་གིས་ས་གནས་སྲིད་གཞུང་འགའ་ཤས་ཀྱིས་ལག་བསྟར་བྱེད་ཀྱི་ཡོད་པ་རྣམས་སྲིད་དབང་ཧམ་འཕྲོག་གི་ངོ་བོར་འགྱུར་གྱི་ཡོད་པའི་དཔྱད་བརྗོད་སྤེལ་འདུག་ཅེས་བཀྲལ། ཕྱི་ཟླ་༡༡་པའི་ཚེས་༨་དང་༡༡་བར་དུ་འཐུས་མི་༢༠༠༠་ཐམ་པ་པེ་ཅིང་ལ་འདུས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་དྲུག་པའི་བཞུགས་མོལ་ཚོགས་འདུ་ཚོགས་ཏེ་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གྲོས་ཆོད་ཐེངས་གསུམ་པ་འཇོག་རྒྱུ། གྲོས་ཆོད་ཐེངས་གསུམ་པའི་ནང་དུ་ཞིས་ཅིན་ཕིང་གི་འགོ་ཁྲིད་ཀྱི་གནས་བབ་དང་བྱས་རྗེས་སྲ་བརྟན། ཞིས་ཅིན་ཕིང་གིས་བཏོན་པའི་ཐུན་མོང་གི་ཡར་རྒྱས་ཟེར་བའི་ལྟ་གྲུབ་ལ་གསལ་བཀྲོལ་བྱ་རྒྱུ། ད་ལོའི་ཕྱི་ཟླ་༨་པའི་ཚེས་༡༧་ཉིན་ཞིས་ཅིན་ཕིང་གིས་བཟོ་ལས་གསར་བརྗེའི་གཞུག་ཏུ་ཡར་ཐོན་རྒྱལ་ཁབ་ཁག་གི་མི་དམངས་ལ་ཡོང་འབབ་ཆ་མཉམ་མེད་པ་བསྐྱར་ཟློས་མི་འབྱུང་བའི་ཆེད་དུ་རྒྱ་ནག་གིས་གོམ་སྟབས་རེ་རེ་བཞིན་ཐུན་མོང་གི་ཡར་རྒྱས་ལག་ལེན་བསྟར་དགོས་ཞེས་བསྒྲགས།།

ཞིས་ཅིན་ཕིང་གིས་ཕྱི་ཟླ་༡༠་པའི་ཚེས་༡༥་ཉིན་རྩོམ་ཡིག་ཅིག་བྲིས་ནས་རྒྱ་ནག་གི་དཔྱ་ཁྲལ་ལམ་ལུགས་ལ་ལེགས་བཅོས། མི་དམངས་ཀྱི་ཤེས་ཡོན་སློབ་གསོ་དང་སྨན་བཅོས་ཀྱི་མཐུན་རྐྱེན་ཡར་རྒྱས་བཏང་ནས་ཐུན་མོང་གི་ཡར་རྒྱས་མངོན་འགྱུར་བྱེད་དུ་འཇུག་དགོས་ཞེས་བཀོད། ཕྱི་ཟླ་༡༠་པའི་ཚེས་༢༢་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་དམར་ཤོག་སློབ་གྲྭའི་སློབ་སྦྱོང་ཚགས་པར་ལ་ཕྱི་ལོའི་སྔོན་གྱི་༢༠༠་ལོར་སྐྱེས་པའི་ཧན་རྒྱལ་རབས་ཀྱི་འབངས་མི་སྟེ། ཕྱིས་སུ་ཆབ་སྲིད་ཀྱི་སློབ་སྟོན་པ་དང་རིག་པའི་གཞུང་ལུགས་པ་ཞིག་ལ་གྱུར་པའི་ཅ་དབྱི་ཞེས་པ་ཞིག་གིས་བྲིས་པའི་རྩོམ་ཡིག་རྣམས་སྤེལ། ཅ་དབྱིའི་རྩོམ་ཡིག་དེར་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་དབང་ཆ་རྣམས་དབུས་གཞུང་གིས་བཟུང་སྟེ་ས་བདག་ཚོར་མཐའ་གཅིག་ཏུ་སྟངས་འཛིན་བྱ་དགོས། ཧན་རྒྱལ་རབས་ཀྱི་གོང་མ་དགུང་ལོ་༣༣་ཐོག་ཏུ་འདས་པས་ཅ་དབྱིའི་སྒྲིག་སྲོལ་དང་བརྟན་ལྷིང་ཞེས་པའི་བསྟན་བཅོས་དེ་ལག་ལེན་བསྟར་མ་ཐུབ། འོན་ཀྱང་ཅ་དབྱིས་རྒྱལ་ཁབ་ལ་ཆབ་སྲིད་ཀྱི་སྒྲིག་སྲོལ་བརྟན་པོ་ཞིག་བཙུགས་ནས་ས་གནས་ཁག་གི་གོང་དུ་དབུས་གཞུང་ལ་བླ་ན་མེད་པའི་དབང་ཚད་ཅིག་ཡོད་དགོས། རྒྱལ་ཁབ་ལ་གཅིག་སྒྲིལ་དང་བརྟན་ལྷིང་ཡོང་བར་དབུས་གཞུང་གི་སྲིད་ཇུས་རྣམས་ས་གནས་རིམ་པར་ཡོངས་སུ་ལག་ལེན་བསྟར་དུ་འཇུག་དགོས། དཔེར་ན་ལུས་པོས་ལག་ངར་ལ་སྟངས་འཛིན་བྱེད་ཀྱི་ཡོད་པ་དང་ལག་ངར་གྱིས་མཛུབ་མོར་སྟངས་འཛིན་བྱེད་ཀྱི་ཡོད་པ་ལྟར་ཡིན་དགོས་ཞེས་བསྟན། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཅ་དབྱིའི་གཞུང་ལུགས་ལ་འགྲེལ་བཤད་རྒྱག་མཁན་ཚོས་རྒྱལ་ཁབ་ཀྱི་སྲིད་དབང་དབུས་གཞུང་གིས་བཟུང་བས་ན་རྒྱ་ནག་ལ་སྟོབས་ཤུགས་ལྡན་པའི་དམག་དཔུང་ཞིག་བཙུགས་ནས་མི་དམངས་ལ་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད་ཅེས་བཀྲལ།།

རྒྱ་ནག་གི་སྲིད་དབང་དབུས་གཞུང་གིས་བསྡུ་དགོས་ཞེས་རྩོམ་ཡིག་འབྲི་མཁན་ཀྲང་ཤའོ་པུས་ཐང་རྒྱལ་རབས་ཀྱི་དུས་སུ་དབུས་གཞུང་གི་སྲིད་དབང་ཁག་ཅིག་ས་གནས་ཁག་ལ་སྤྲད་པ་རེད། དེའི་འབྲས་བུར་འཐབ་ཇུས་མཁས་པ་ཚོ་དང་སྟོབས་ཤུགས་ཅན་གྱི་དམག་དཔོན་རྣམས་ས་གནས་སྲིད་གཞུང་ཁག་ལ་གཞུང་དྲང་བློ་དཀར་དུ་གྱུར་ཏེ་རྒྱལ་ཁབ་ལ་བློ་ལོག མཐར་ཐང་རྒྱལ་རབས་ཀྱང་ཐོར་པ་རེད། དབུས་གཞུང་གི་སྟངས་འཛིན་མེད་ན་ཕྱུག་པོ་ནི་ཇེ་ཕྱུག་དང་དབུལ་ཕོངས་ནི་ཇེ་དབུལ། གཏེར་བདག་ལྟ་བུའི་འབྱོར་ལྡན་པ་ཚོས་འཇོན་ཐང་ཅན་དང་གཡོག་པོ་གླས། བཙན་དབང་དང་གཡོ་ཐབས་ཀྱི་སྒོ་ནས་དངུལ་སྒོར་འདུ་འགོད། ཉེས་ཅན་ཚོར་སྲུང་སྐྱོབ་བྱས་ནས་མཐའ་མཇུག་སྟོབས་ཤུགས་ཅན་གྱི་དཔུང་ཁག་ཅིག་ལ་གྱུར་ཏེ་དབུས་གཞུང་ལ་གྱེན་རྒོལ་བྱེད་ཐུབ་པ་ཞིག་ཏུ་འགྱུར་ཐུབ། ཆབ་སྲིད་ཀྱི་སྟོབས་ཤུགས་རྒྱས་བཞིན་པ་དེ་དག་གིས་དངུལ་སྒོར་གྱི་སྟོབས་ཤུགས་བཀོལ་ནས་དབུས་གཞུང་གི་སྲིད་དབང་དང་དཔལ་འབྱོར་བརྟན་ལྷིང་མགོ་རྟིང་སློག་ཉེན་ཆེ། དཔལ་འབྱོར་གྱི་ཡོང་འབབ་ལ་ཁྱད་པར་ཇེ་ཆེར་སོང་བའི་སྟབས་ཀྱིས་དབུལ་ཕོངས་ཚོ་སྤྱི་ཚོགས་ལ་སྡང་ཟུག་དང་སྲིད་གཞུང་ལ་སྡང་ཟུག་འབྱུང་རྒྱུ་ཆོས་ཉིད་རེད། མཐར་སྡང་ཟུག་དེས་སྤྱི་ཚོགས་ལ་བརྟན་ལྷིང་མེད་པར་གཏོང་གི་རེད་ཅེས་བསྟན་པའི་ཅ་དབྱིའི་གཞུང་ལུགས་རྣམས་ལུང་དྲངས། ཉམས་ཞིབ་ཁག་ཅིག་གིས་ཀྲང་ཤའོ་པུའི་རྩོམ་ཡིག་དེ་རྣམས་ཞིས་ཅིན་ཕིང་གིས་ཐུན་མོང་གི་ཡར་རྒྱས་ཟེར་པ་དེ་ཁྱབ་སྤེལ་གཏོང་ཐབས་ཤིག་རེད། དེ་ལྟར་ཡིན་པའི་རྟགས་མཚན་ནི་ཞིས་ཅིན་ཕིང་གིས་རྒྱ་ནག་ལ་དབུལ་ཕྱུག་ཆ་མཉམ་ཐེངས་གསུམ་པ་ཞིག་བྱ་དགོས། རྒྱ་ཆེའི་མང་ཚོགས་རྣམས་ཕྱུག་པོར་འགྱུར་བའི་ཁོར་ཡུག་དང་གོ་སྐབས་འཐོབ་པའི་ལམ་སྲོལ་ཞིག་བསྐྲུན་དགོས་པའི་གཏམ་བཤད་བྱས་པ་རེད་ཅེས་བཤད།།

ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཆབ་སྲིད་ཉམས་ཞིབ་པ་ཕལ་མོ་ཆེས་ཞིས་ཅིན་ཕིང་གིས་རྒྱ་ནག་ལ་མའོ་ཙེ་ཏུང་གི་དུས་སྐབས་ཀྱི་སྲིད་དབང་གཅིག་སྡུད་ལམ་ལུགས་སླར་གསོ་བྱེད་ཀྱི་ཡོད་པར་རྒྱུ་མཚན་འགའ་ཞིག་འདུག གཅིག་ནི་ཞིས་ཅིན་ཕིང་རྒྱ་ནག་ནས་ཕྱི་ལ་མ་ཐོན་པར་ལོ་གཉིས་མ་ཟིན་ཙམ་ཞིག་འགྲོ་བཞིན་འདུག ད་ལོའི་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོའི་ལོ་འཁོར་ཚོགས་ཆེན་དང་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་གཉིས་ལ་ཞིས་ཅིན་ཕིང་ཞུགས་ཀྱི་མེད་པ་རེད། དེ་ནི་རྒྱ་ནག་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་རྒྱལ་ཁབ་མང་ཆེ་བས་རྒྱ་ནག་ལ་སྐྱོན་བརྗོད་དང་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ལ་རྩད་གཅོད་བྱེད་དུ་འཇུག་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པར་གཡོལ་ཐབས། གཉིས་ནི་རྒྱ་ནག་དང་ཨ་རི་གཙོས་འཛམ་གླིང་རྒྱལ་ཁབ་ཁག་གི་འབྲེལ་བ་སྡུག་ཏུ་སོང་སྟེ་ཞིས་ཅིན་ཕིང་རྒྱལ་སྤྱིའི་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དུ་གྱུར། ལྷག་པར་དུ་ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་དམངས་གཙོའི་རྒྱལ་ཁབ་ཁག་གི་མཐུན་གྲོགས་བསྒྲིགས་ནས་ཞིས་ཅིན་ཕིང་དམངས་གཙོའི་རྒྱལ་ཁབ་ཁག་གི་ཚོགས་ཁོངས་དེར་ནམ་ཡང་ཚུད་ཀྱི་མེད་པར་དོགས་མ་བདེ་བ། གསུམ་ནི་ལོ་རྗེས་མར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པ་ཚོགས་ཏེ་ཞིས་ཅིན་ཕིང་ལ་འཕོ་འགྱུར་གཏོང་རྒྱུ་ཡིན་མིན། ཞིས་ཅིན་ཕིང་གིས་མའོ་ཙེ་ཏུང་ལྟར་མི་ཚེ་ཧྲིལ་པོར་སྲིད་དབང་འཛིན་རྩིས་བྱས་ཏེ་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོའི་ནང་ཁུལ་དུ་དབང་རྩོད་ཆེན་པོ་ཞིག་འབྱུང་གི་ཡོད་པའི་རྟགས་མཚན་རེད། ཞིས་ཅིན་ཕིང་གིས་དབུལ་ཕྱུག་ཆ་སྙོམས་དང་ཐུན་མོང་གི་ཡར་རྒྱས། རྒྱལ་ཁབ་ཀྱི་བདག་དབང་དང་སྤྱི་ཚོགས་བརྟན་ལྷིང་ཟེར་གྱི་ཡོད་པ་རྣམས་ནི་མི་དམངས་ཀྱི་བདེ་དོན་ལ་དམིགས་པ་ཞིག་མིན་ཞིང་། དེ་ནི་ཁོ་པའི་སྲིད་དབང་སྲ་བརྟན་དང་ཆབ་སྲིད་ཀྱི་ཁ་གཏད་པ་རྣམས་རྩ་མེད་གཏོང་ཐབས་ཤིག་རེད་ཅེས་བཤད་འདུག

XS
SM
MD
LG