ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨུ་ཡུཀ་གཉིས་ཀའི་དམག་མིར་བསད་རྨས་ཚབས་ཆེན་འཕོག་གི་ཡོད་སྐད།


༄༅།། དབྱིན་ཇིའི་རྒྱལ་སྲུང་གསང་བའི་ལས་ཁུངས་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀའི་དམག་མིར་བསད་རྨས་ཚབས་ཆེན་འཕོག་གི་འདུག ལྷག་པར་དུ་ལོ་འདིའི་ཕྱི་ཟླ་༣་པའི་ནང་བྷག་མུ་ཏའི་འཐབ་འཁྲུག་ཛ་དྲག་ཆེ་རུ་ཕྱིན་ནས་བཟུང་། ཨུ་རུ་སུའི་དམག་མི་བསད་རྨས་ཆེན་པོ་འབྱུང་གི་འདུག་ཅེས་གནས་ཚུལ་སྤེལ། ཕྱི་ཟླ་༦་པའི་ཚེས་༡༩་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་དམག་དཔོན་ཨོ་ལེཀ་སན་ཌར་ཊར་ནབ་སི་ཀིས་(Oleksandr Tarnavsky)་འདས་པའི་ཉིན་ཞག་གཅིག་གི་རིང་ཨུ་རུ་སུའི་དམག་གི་བརྒྱ་ཤོག་༤་བསད་རྨས་ཐུབ་སོང་། ཨུ་རུ་སུའི་དམག་གིས་ཉིན་ལྟར་དམྱལ་བ་མྱོང་གི་ཡོད་པ་དང་ཡུཀ་རེན་གྱི་དམག་གིས་འཐབ་ཇུས་མཁས་པའི་སྒོ་ནས་དགྲ་དམག་རྣམས་ཆམ་ལ་འབེབས་ཀྱི་ཡོད་ཅེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཕྱི་ཟླ་༦་པའི་མགོ་སྟོད་འདིར་ཡུཀ་རེན་གྱིས་ཨུ་རུ་སུའི་བཙན་འཛུལ་དམག་ལ་ཕར་རྒོལ་བྱ་རྒྱུ་མགོ་བརྩམས། དེ་རིང་གཟའ་ཟླ་བའི་ཞོགས་པར་ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་གཞོན་པ་ཧ་ན་མ་ལིར་(Hanna Maiar)་གྱིས་ད་ལྟའི་བར་དུ་གཞིས་ཆགས་༨་ཕྱིར་ལེན་ཐུབ་སོང་ཞེས་བཤད་འདུག

སྲིད་འཛིན་ཛེ་ལན་སི་ཀིའི་སློབ་སྟོན་པ་པོ་ཌོ་ལི་ཡཀ་
སྲིད་འཛིན་ཛེ་ལན་སི་ཀིའི་སློབ་སྟོན་པ་པོ་ཌོ་ལི་ཡཀ་

སྲིད་འཛིན་ཛེ་ལན་སི་ཀིའི་སློབ་སྟོན་པ་པོ་ཌོ་ལི་ཡཀ་ནས་ཕར་རྒོལ་ཤུགས་ཆེ་ཤོས་དེ་འགོ་བཙུགས་མེད་ཟེར། རྒྱལ་སྲུང་བློན་ཆེན་གཞོན་པ་མ་ལིར་ནས་བདུན་ཕྲག་གཉིས་ཀྱི་རིང་ཡུཀ་རེན་གྱི་དམག་གིས་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༡༡༣་ཕྱིར་ལེན་བྱས་ཡོད། ཁ་སང་གཅིག་པུར་ཊབ་རི་ཡའི་ཕྱོགས་ནས་ཡུཀ་རེན་གྱི་འཕུར་མདེལ་དང་མེ་སྒྱོགས་རུ་ཁག་གིས་གཏོར་རྒོལ་ཐེངས་༡༨༢༩་བྱས་ཏེ་དགྲ་བོའི་བརྒྱ་ཤོག་༤་ལྷག་བསད་རྨས་ཐུབ་སོང་ཞེས་བཀྲལ། ཨ་རིའི་རྒྱལ་སྤྱིའི་བདེ་འཇགས་ཞིབ་འཇུག་ཁང་གིས་ཨུ་རུ་སུའི་དམག་མིའི་བརྒྱ་ཤོག་གཅིག་ལ་དམག་མི་༣༠་ནས་༡༥༠་ཙམ་ཡོད་པའི་སྙན་ཐོ་བཏོན། ཡུཀ་རེན་གྱི་དམག་དཔོན་ཊར་ནབ་སི་ཀིས་ང་ཚོས་ཨུ་རུ་སུའི་དམག་གི་ཐད་འཕུར་གནམ་གྲུ་༥༢་དང་ལྕགས་ཁྲབ་འཁོར་༢༤། མདེལ་མཛོད་༡༢་ལ་གཏོར་རྒོལ་བྱས་པ་རྩ་མེད་བཏང་བ་ཡིན་ཞེས་བསྒྲགས། གཟའ་ཉི་མའི་ཉིན་དབྱིན་ཇིའི་རྒྱལ་སྲུང་གསང་བའི་ལྷན་ཁང་ནས་ཡུཀ་རེན་གྱི་དམག་གིས་ཕར་རྒོལ་བྱས་ནས་ཛ་པོ་རི་ཤི་ཡ་དང་ཌོ་ནེ་ཛིཀ་ས་ཁུལ་གྱི་ས་ཆ་གང་འཚམ་ཞིག་ཕྱིར་ལེན་བྱས་འདུག་ཅེས་གནས་ཚུལ་སྤེལ།།

ཡུཀ་རེན་གྱི་ལྷོ་ཕྱོགས་སུ་ཨུ་རུ་སུའི་དམག་གིས་འགོག་རྒོལ་དྲག་པོ་བྱེད་ཀྱི་ཡོད་ཅིང་། ཁ་སང་གཟའ་ཉི་མའི་ཉིན་སྲིད་འཛིན་ཛེ་ལན་སི་ཀིས་ང་ཚོའི་དམག་དཔུང་རྣམས་བཙན་ས་རེ་རེ་དང་གོམ་པ་རེ་རེ་བྱས་ནས་མདུན་སྐྱོད་བྱེད་ཀྱི་ཡོད་ཅེས་ཌོ་ནེཀ་ཛིཀ་མངའ་ཁུལ་གྱི་ཨབ་ཌིབ་ཀ་ས་གནས་སུ་ཡུཀ་རེན་གྱི་དམག་གིས་ཕར་རྒོལ་བྱས་ནས་གྲུབ་འབྲས་ཐོན་པར་བསྔགས་བརྗོད་ཞུས། ཕྱི་ཟླ་༦་པའི་ཚེས་༡༨་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་(Peskov)ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བར་འདུམ་བྱས་པ་ལྟར་མཚོ་ནག་བརྒྱུད་ནས་ཡུཀ་རེན་གྱི་འབྲུ་རིགས་ཕྱིར་ཚོང་བྱེད་ཆོག་པའི་གྲོས་མཐུན་གྱི་དུས་ཡུན་རིང་དུ་གཏོང་རྒྱུ་མིན་ཞེས་སྡིགས་ར་བསྐུལ། ཡུ་རོབ་མཉམ་འབྲེལ་གྱི་བཟོ་ལས་འགན་འཛིན་བྷེ་རེ་ཊོན་གྱིས་(Thierry Breton)་ཧྥ་རན་སིའི་ཕེ་རི་སི་ཉིན་རེའི་ཚགས་པར་གྱི་གསར་འགོད་པར་ཡུཀ་རེན་ལ་མཚོན་ཆ་དང་མདེའུ་མྱུར་དུ་སྤྲོད་ཐུབ་པའི་ཤུགས་སྣོན་རྒྱག་གི་ཡོད། ང་ཚོས་དམག་འཁྲུག་འདི་ཟླ་བ་མང་པོ་དང་དེ་ལས་དུས་ཡུན་རིང་བ་འགོར་རྒྱུའི་རྩིས་རྒྱག་གི་ཡོད་ཅེས་གླེང་མོལ་བྱས་འདུག

ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་
ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་

ཕྱི་ཟླ་༦་པའི་ཚེས་༡༧་ཉིན་དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གྱིས་ལྕགས་ཁྲབ་འཁོར་ལོ་འདང་ངེས་མེད་པ་ཁས་བླངས། ཡུཀ་རེན་གྱི་དམག་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་སྤྲད་པའི་ལྕགས་ཁྲབ་འཁོར་ལོ་དང་མཚོན་ཆ་རྣམས་བཀོལ་ཏེ་རྒྱལ་ཁབ་དེའི་ལྷོ་ཕྱོགས་དང་ཤར་ཕྱོགས་ནས་དཔུང་འཇུག་བྱས། ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ་མཚོན་ཆའི་བཟོ་གྲྭ་ཞིག་ལ་གཟིགས་ཞིབ་ཏུ་བསྐྱོད་ནས་འཐབ་འཁོར་བཟོ་རྒྱུ་མང་དུ་ཐོངས། ཨུ་རུ་སུའི་དམག་གི་དགོས་མཁོ་བསྒྲུབ་པར་ལྕགས་ཁྲབ་འཁོར་ལོ་བཟོ་རྒྱུ་མང་དུ་གཏོང་དགོས་ཞེས་བཀའ་ཕབ། ཕུ་ཊིན་གྱིས་ཨུ་རུ་སུའི་དམག་ལ་འཕེན་ཕོག་འཕུར་མདེལ་དང་བརྡ་འཕྲིན་ཡོ་བྱད། གནམ་གྲུ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་སོགས་མེད་པར་དཀའ་ངལ་འཕྲད་ཀྱི་འདུག ཡུཀ་རེན་གྱིས་ཚུར་རྒོལ་བྱས་ནས་བདུན་ཕྲག་གཉིས་ཀྱི་རིང་དགྲ་ཕྱོགས་སུ་བསད་རྨས་ཚབས་ཆེན་བྱུང་འདུག་ཅེས་བཤད། ཕུ་ཊིན་དང་དབྱིན་ཇིའི་དམག་དོན་གསང་བའི་ལས་ཁུངས་གཉིས་ཀས་ཨུ་ཡུཀ་ཟུང་གི་དམག་ལ་བསད་རྨས་ཅི་ཙམ་བྱུང་ཡོད་མེད་ཀྱི་གྲངས་ཐོ་གསལ་པོ་ཞིག་ཕྱིར་བསྒྲགས་མ་བྱུང་།།

བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་གཞོན་པས་གྷར་ཌི་ཡན་ཚགས་པར་གྱི་གསར་འགོད་པར་ཛ་པོ་རི་ཡ་གཙོས་ལྷོ་ཕྱོགས་ཀྱི་དམག་ས་ཀུན་ཏུ་ང་ཚོའི་དམག་དཔུང་རྣམས་མདུན་སྐྱོད་བྱེད་ཀྱི་ཡོད། བདུན་ཕྲག་སྔོན་མ་ནས་དཔུང་འཇུག་གི་ཁ་ཕྱོགས་བསྒྱུར་ཏེ་མ་རི་ཨུ་པུལ་གྲོང་ཁྱེར་དུ་བསྐྱོད་པའི་རྒྱ་ལམ་དམིགས་འབེན་དུ་བཟུང་ཡོད། ཡུཀ་རེན་གྱི་དམག་གིས་དབྱིན་ཇིས་སྤྲད་པའི་ལྕགས་ཁྲབ་འཁོར་ལོ་རྣམས་མ་རི་ཨུ་པུལ་གྲོང་ཁྱེར་དུ་སྐྱོད་པའི་རྒྱ་ལམ་ཐོག་ཏུ་བཀོལ་སྤྱོད་བྱེད་ཀྱི་ཡོད་པར་མ་ཟད། ཡུཀ་རེན་གྱི་དམག་གིས་འཇར་མན་གྱི་གཟིག་གཉིས་རྟགས་ཅན་གྱི་ལྕགས་ཁྲབ་འཁོར་ལོ་དང་ཨ་རིའི་ལྕགས་ཁྲབ་འཁོར་ལོ་རྣམས་ཀྱང་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་མི་དམངས་རྣམས་གཉའ་ཆག་པའི་ཆེད་དུ་མི་མང་དཀྱུས་པའི་ཁང་ཆེན་ཁག་ལ་གཏོར་རྒོལ་བྱས་ནས་མི་སེར་དམར་གསོད་བྱ་རྒྱུ་མཚམས་འཇོག་གི་མེད་པ་སྟེ། གཟའ་སྤེན་པའི་ཉིན་ཁར་སན་མངའ་ཁུལ་དུ་གཏོར་རྒོལ་བྱས་ནས་བྱིས་པ་ཚུད་པའི་མི་༢༣་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༦་པའི་ཚེས་༥་ཉིན་ཉི་ཧོང་གི་ནི་ཀེ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུར་མཚོན་ཆ་འདང་ངེས་མེད་པར་རྒྱ་གར་དང་འབར་མར་བཙོངས་ཟིན་པའི་མཚོན་ཆ་རྙིང་པའི་ལྷུ་ལག་རྣམས་ཕྱིར་ཉོ་བྱ་དགོས་པར་གྱུར། ཨུ་རུ་སུས་རྒྱ་གར་དང་འབར་མ་ནས་ཕྱིར་ཉོ་བྱེད་ཀྱི་ཡོད་པའི་མཚོན་ཆའི་ལྷུ་ལག་རྣམས་འཕུར་མདེལ་དང་ལྕགས་ཁྲབ་འཁོར་ལོའི་ལྷུག་ལག་རྣམས་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ཚོང་ལས་བཀག་སྟེ་མཚོན་ཆའི་ལྷུ་ལག་རྣམས་རག་གི་མེད་པ་ཤིན་ཏུ་གསལ། ཨུ་རུ་སུས་རང་གི་མཚོན་ཆ་རྙིང་པ་རྣམས་ཡག་ཏུ་གཏོང་བར་རྒྱ་གར་དང་འབར་མ་སོགས་ལ་བཙོངས་པའི་མཚོན་ཆ་རྙིང་པ་རྣམས་ཕྱིར་ཉོ་བྱེད་ཀྱི་འདུག ༢༠༢༢་ལོའི་ཕྱི་ཟླ་༩་པའི་ཚེས་༩་ཉིན་ཨུ་རུ་སུའི་ཨུ་རལ་ཝོ་གྷོན་ཛ་ཝོ་ཌི་ལྕགས་ཁྲབ་འཁོར་ལོ་བཟོ་ཚོང་ཁང་གིས་ཨ་སྒོར་ས་ཡ་༢༤་སྤྲད་དེ་འབར་མ་ནས་ལྕགས་ཁྲབ་འཁོར་ལོའི་རྒྱང་ཤེལ་༦༧༧༥་དང་པར་ཆས་༢༠༠་ཕྱིར་ཉོ་བྱས་འདུག་ཅེས་བསྟན།།

ཨུ་རུ་སུའི་T-72་རྟགས་ཅན་གྱི་ལྕགས་ཁྲབ་འཁོར་ལོ་
ཨུ་རུ་སུའི་T-72་རྟགས་ཅན་གྱི་ལྕགས་ཁྲབ་འཁོར་ལོ་

དབྱིན་ཇིའི་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ཁང་གི་ཉམས་ཞིབ་ཨོ་ལེག་ཨིག་ན་ཏོབ་(Oleg Ignatov)་ཀྱིས་༢༠༢༣་ལོར་ཨུ་རུ་སུར་ལྕགས་ཁྲབ་འཁོར་ལོ་༥༠༠༠་ཡོད་ཅེས་གྲངས་ཐོ་ཞིག་བཀོད་འདུག ཨུ་རུ་སུའི་T-72་རྟགས་ཅན་གྱི་ལྕགས་ཁྲབ་འཁོར་ལོ་གོ་མཛོད་དུ་བཅུག་ཡོད་པ་རྣམས་ཡར་རྒྱས་གཏོང་དགོས་ཤིང་། ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་དེ་རྣམས་དེང་རབས་ཅན་དུ་སྒྱུར་ཐུབ་ཀྱི་མེད་པའི་དཀའ་ངལ་འཕྲད་ཀྱི་འདུག ཁོ་ཚོས་ལྕགས་ཁྲབ་འཁོར་ལོ་དེ་རྣམས་དེང་རབས་ཅན་དུ་མ་བསྒྱུར་བར་དམག་སར་གཏོང་ཐབས་བྲལ། ཨུ་རུ་སུས་མཚོན་ཆ་བཙོངས་ཟིན་པ་རྣམས་ཕྱིར་ཉོ་མ་བྱས་པར་ཐབས་ཤེས་གཞན་པ་རྙེད་དཀའ། སྔོན་ཆད་ཨུ་རུ་སུས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འཕྲུལ་རིག་ལག་རྩལ་ལ་བརྟེན་ནས་མཚོན་ཆ་བཟོས་པ་རེད། ད་ལྟ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་དམག་དོན་ལ་མཁོ་བའི་འཕྲུལ་ཆས་གཅིག་ཀྱང་འཚོང་གི་མེད་པའི་སྙན་ཐོ་བཏོན། ནི་ཀེ་གསར་ཁང་གིས་ཨུ་རུ་སུའི་གཞུང་དང་ཨུ་རལ་ཝོ་གྷོན་ཛ་ཝོ་ཌི་བཟོ་ཚོང་ཁང་། འབར་མའི་དམག་གཞུང་བཅས་ལ་སྐད་ཆ་དྲིས་ཀྱང་ལན་འདེབས་མ་བྱུང་།།

ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌིའི་རྒྱལ་སྲུང་གསང་བའི་ལས་ཁུངས་ཀྱི་ཞིབ་འཇུག་དྲྭ་ཚིགས་སུ་ཨུ་རུ་སུའི་འཕུར་མདེལ་བཟོ་སྐྲུན་ཁང་གིས་༢༠༢༢་ལོའི་ཕྱི་ཟླ་༨་པ་དང་ཕྱི་ཟླ་༡༡་པའི་ནང་དུ་ཨ་སྒོར་འབུམ་༡་དང་ཕྱེད་ཀ་སྤྲད་དེ་རྒྱ་གར་གྱི་རྒྱལ་སྲུང་ལྷན་ཁང་ནས་འཕུར་མདེལ་གྱི་མཚན་མོའི་རྒྱང་ཤེལ་གྱི་ལྷུ་ལག་༦་ཕྱིར་ཉོ་བྱས་འདུག་ཅེས་གནས་ཚུལ་སྤེལ། ལྷུ་ལག་དེ་རྣམས་འཕུར་མདེལ་རྣམས་དམའ་ས་དང་མཚན་མོར་འཕེན་ཐུབ་པར་དགོས་མཁོ་ཆེ། ཨུ་རུ་སུས་༢༠༡༣་ལོར་འཕུར་མདེལ་གྱི་ལྷུ་ལག་དེ་རྣམས་རྒྱ་གར་ལ་བཙོངས་འདུག འཕུར་མདེལ་གྱི་ལྷུ་ལག་དེ་རྣམས་བཟོ་བཅོས་རྒྱག་པར་ཨུ་རུ་སུས་ཕྱིར་ལེན་བྱས་པ་ཡིན་ཟེར་སྲིད་ཀྱང་བཟོ་བཅོས་བརྒྱབ་པའི་རྗེས་སུ་རྒྱ་གར་ལ་ཕྱིར་སྤྲོད་བྱས་པའི་ཟིན་ཐོ་མི་རྙེད། རྒྱ་གར་དང་ཨུ་རུ་སུ་གཉིས་ཀས་ཉི་ཧོང་གི་ནི་ཀེ་གསར་འགྱུར་ལས་ཁང་གི་འདྲི་རྩད་ལ་ལན་འདེབས་བྱས་མེད་པའི་གནས་ཚུལ་ཐོན། རྒྱ་གར་ནི་འཛམ་གླིང་གི་མཚོན་ཆ་ནང་འདྲེན་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་དང་རྒྱ་གར་གྱི་མཚོན་ཆ་བརྒྱ་ཆ་༦༠་ལྷག་ཨུ་རུ་སུ་ནས་ནང་འདྲེན་བྱེད་ཀྱི་ཡོད་མོད། ཡུཀ་རེན་གྱི་དམག་འཁྲུག་རྗེས་སུ་ཨུ་རུ་སུས་རྒྱ་གར་ལ་མཚོན་ཆ་བཙོང་རྒྱུའི་གན་རྒྱ་བཞག་པ་རྣམས་སྒྲུབ་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG