ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཧམ་ཟ་བྷིན་ལཱ་ཌན་བསད་པ་ཡིན་ཟེར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་པའི་འགོ་གཙོ་འདས་པོ་ཨོ་ས་མ་བྷིན་ལཱ་ཌིན་གྱི་བུ་སྟེ། ཧམ་ཟ་བྷིན་ལཱ་ཌན་གྱིས་རང་གི་ཨ་ཕ་འདས་པོར་དགྲ་ཤ་ལེན་རྒྱུ་ཡིན། ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འཐབ་མོ་བ་ཚོས་ཨ་མི་རི་ཀར་གཏོར་རྒོལ་བྱ་དགོས་ཞེས་སྐུལ་སློང་ལན་མང་བྱས་པ་དང་ཨ་མི་རི་ཀའི་གཞུང་གིས་ཀྱང་ཧམ་ཟ་བྷིན་ལཱ་ཌན་གང་དུ་ཡོད་མེད་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་བྱུང་ཚེ། མི་དེར་ཨ་མི་རི་ཀའི་གཞུང་གིས་ཨ་སྒོར་ས་ཡ་༡་བྱ་དགར་སྤྲོད་ཆོག་ཅེས་བསྒྲགས། ཉམས་ཞིབ་པ་ཚོས་ཧམ་ཟ་བྷིན་ལཱ་ཌན་རིམ་བཞིན་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་གྱུར་ཏེ་འཇིགས་སྐུལ་རིང་ལུགས་ཀྱི་སྒྲིག་འཛུགས་དེའི་སྟོབས་ཤུགས་སླར་གསོ་བྱ་སྲིད་པའི་ཚོད་དཔག་བྱས་མོད། ད་ལྟ་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་གཉིས་ཀྱིས་ཧམ་ཟ་བྷིན་ལཱ་ཌན་འཚོ་གནས་མིན། ཁོ་པ་ཨལ་ཁེ་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་འགྱུར་སྲིད་པའི་ཉེན་ཀ་མེད་པར་གྱུར་ཡོད་ཅེས་བཤད། ཨ་མི་རི་ཀའི་གཞུང་གིས་ཧམ་ཟ་བྷིན་ལཱ་ཌན་ཇི་ལྟར་བསད་པ་དང་དུས་ནམ་ཞིག་བསད་པ། ས་གནས་གང་དུ་བསད་པ་ཡིན་མིན་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཕྱིར་བསྒྲགས་བྱས་མི་འདུག།

ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་དེས་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་ལོ་དང་པོ་གཉིས་ཀྱི་རིང་དེར་ཧམ་ཟ་བྷིན་ལཱ་ཌན་བསད་པ་རེད། དེ་ནི་ལོ་འདིའི་ཕྱི་ཟླ་༢་པའི་ནང་དུ་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཧམ་ཟ་བྷིན་ལཱ་ཌན་གང་དུ་ཡོད་མེད་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་བྱུང་ན་ཨ་སྒོར་ས་ཡ་༡་བྱ་དགར་སྤྲོད་ཆོག་ཅེས་ཁྱབ་བསྒྲགས་བྱས་པ་དེའི་སྔོན་ལ་བྱུང་ཡོད་ཅེས་བཀྲལ། ཨ་མི་རི་ཀའི་དམག་དང་གསང་བའི་ལས་ཁང་ཁག་གིས་ཧམ་ཟ་བྷིན་ལཱ་ཌན་ངོ་མར་བསད་པ་ཡིན་མིན་གྱི་ངེས་གཏན་བྱས་མེད་ཅིང་། ཨལ་ཁེ་དྷ་སྒྲིག་འཛུགས་ཀྱིས་ཨ་མི་རི་ཀར་གཏོར་རྒོལ་ཆེན་པོ་ཞིག་བྱ་ཐུབ་པར་ལོ་མང་སོང་། ཧམ་ཟ་བྷིན་ལཱ་ཌན་ལ་ཁྱིམ་ཚང་དང་ཕ་རྒྱུད་ཀྱི་མིང་ཆེན་པོ་ཡོད་པས་ཁོ་པ་གསོད་ཐུབ་ཡོད་པ་ཡིན་ན་ཨ་མི་རི་ཀར་མཚོན་དོན་གྱི་རྒྱལ་ཁ་ཞིག་ཡིན། ཨ་རིའི་དབུས་ཞིབ་གཅོད་ལྷན་ཁང་གི་ལས་སྣེ་ཟུར་པ་ཨ་ལི་སུ་ཧྥན་ཞེས་པ་ཞིག་གིས་ལོ་མང་རིང་ཨལ་ཁེ་དྷ་སྒྲིག་འཛུགས་ལ་ཞིབ་འཇུག་དང་༢༠༡༧་ལོར་ཧམ་ཟ་བྷིན་ལཱ་ཌན་གྱི་ལོ་རྒྱུས་རིང་པོ་ཞིག་བྲིས། ཁོ་པས་ཧམ་ཟ་བྷིན་ལཱ་ཌན་བསད་པ་རེད་ཟེར་པའི་གསར་འགྱུར་དེར་དོགས་ཟོན་བྱེད་ཀྱི་ཡོད་པ་དང་། ཧམ་ཟ་བྷིན་ལཱ་ཌན་བསད་པ་རེད་ཟེར་པ་ངོ་མར་བདེན་པ་ཡིན་ན་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱིས་རང་གི་འགོ་ཁྲིད་དེ་སྔོན་གཤེགས་དཔའ་བོར་གྱུར་སོང་ཞེས་ཁྱབ་བསྒྲགས་བྱས་ནས་དགའ་སྟོན་མ་བྱས་པ་ཁྱད་མཚར་ཞིག་རེད། གལ་སྲིད་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་དེས་བཤད་པའི་སྐད་ཆ་དེ་བདེན་པ་ཡིན་ན་ཨལ་ཁེ་དྷ་སྒྲིག་འཛུགས་ལ་མི་རབས་གཉིས་པའི་འགོ་ཁྲིད་ཅིག་མེད་པར་གྱུར་པ་རེད་ཅེས་བཤད་འདུག

ཨ་རིའི་དབུས་ཞིབ་གཅོད་ལྷན་ཁང་གི་ལས་སྣེ་ཟུར་པ་ཨ་ལི་སུ་ཧྥན་གྱིས་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འགོ་ཁྲིད་གཞན་དང་མ་འདྲ་བར་ཧམ་ཟ་བྷིན་ལཱ་ཌན་གྱིས་ཁ་ཆེའི་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོར་གཏན་ནས་སྐྱོན་བརྗོད་བྱས་མྱོང་མེད། ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་རྣམས་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་ཁོངས་ནས་ལྟ་བ་མ་མཐུན་པར་ལོགས་སུ་ཐོན་པའི་འཇིགས་སྐུལ་ཚོགས་པ་ཞིག་རེད། དེར་བརྟེན་ཧམ་ཟ་བྷིན་ལཱ་ཌན་གྱིས་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་དང་ཨལ་ཁེ་དྷ་སྒྲིག་འཛུགས་གཉིས་བསྐྱར་དུ་གཅིག་གྱུར་བྱ་རྒྱུ། མཐར་ཁོ་པ་ཁ་ཆེའི་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་ཚོས་ཀྱང་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་ངོས་ལེན་བྱ་རྒྱུའི་རེ་བ་ཞིག་འཆང་ཡོད་པའི་རྟགས་མཚན་འདུག་ཅེས་བཤད། ༢༠༡༥་ལོར་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱིས་ཧམ་ཟ་བྷིན་ལཱ་ཌན་ནི་རྩ་དོན་རྒྱུན་འཁྱོངས་བྱེད་མཁན་གྱི་སེང་ཕྲུག་ཅིག་ཡིན་ཞེས་རྒྱལ་སྤྱིའི་ཐོག་ཏུ་བསྒྲགས། ཡིན་ནའང་ཧམ་ཟ་བྷིན་ལཱ་ཌན་གྱིས་འཇིགས་སྐུལ་ཚོགས་པ་དེའི་རྗེས་འབྲང་བ་ཚོར་གཏམ་བཤད་བྱེད་ཀྱི་ཡོད་པ་ཟླ་བ་མང་པོར་མཚམས་ཆད། ༢༠༡༧་ལོའི་ཕྱི་ཟླ་༡༢་པའི་ནང་དུ་ལོ་དེའི་དབྱར་དུས་ཀྱི་ཚེས་གྲངས་འཁོད་པའི་འཕྲིན་ཡིག་ཅིག་ཕྱིར་བསྒྲགས་བྱས་ནས་ཧམ་ཟ་བྷིན་ལཱ་ཌན་ལ་བུ་ལོ་ན་༡༢་ལ་སོན་པ་ཞིག་ཡོད་པ་བསད་སོང་ཞེས་བཀོད།

༢༠༡༡་ལོར་ཨ་མི་རི་ཀའི་འཕྲལ་སྒྲུབ་དམག་གིས་པ་ཀི་སི་ཐན་ས་ཐོག་ཏུ་འཇབ་རྒོལ་བྱས་ནས་ཨོ་ས་མ་བྷིན་ལཱ་ཌན་རང་ཁྱིམ་དུ་བསད། ད་ལྟ་བྷིན་ལཱ་ཌན་གྱི་འཐབ་གྲོགས་གཙོ་བོ་ཛ་བ་ཧི་རི་འཇིགས་སྐུལ་ཚོགས་པ་དེའི་འགོ་ཁྲིད་ལ་གྱུར། ཉི་མ་གཅིག་ཧམ་ཟ་བྷིན་ལཱ་ཌན་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་འགྱུར་དགོས་པའི་རྩིས་རྒྱག་གི་ཡོད་པ་དང་། ཨལ་ཁེ་དྷ་སྒྲིག་འཛུགས་དང་ཏ་ལི་བན་ཤོག་ཁག འཇིགས་སྐུལ་རིང་ལུགས་པའི་ཚོགས་ཁག་གིས་ཧམ་ཟ་བྷིན་ལཱ་ཌན་ལ་བརྩི་བཀུར་བྱེད་ཀྱི་ཡོད་པ་རེད། ཨོ་མར་བྷིན་ལཱ་ཌན་ཞེས་པའི་ཨོ་ས་མ་བྷིན་ལཱ་ཌན་གྱི་བུ་གཞན་པ་ཞིག་གིས་ཨལ་ཁེ་དྷ་སྒྲིག་འཛུགས་སམ། ཡང་ན་ཏ་ལི་བན་ཤོག་ཁག་གི་འགོ་ཁྲིད་ཚོས་ཧམ་ཟ་བྷིན་ལཱ་ཌན་ལ་མིང་ཞིག་ཡོད་པ་བཀོལ་སྤྱོད་བྱེད་ཀྱིན་འདུག ཁོ་ཚོས་ཧམ་ཟ་བྷིན་ལཱ་ཌན་ལ་ནམ་ཡང་དབང་ཆ་རྩིས་སྤྲོད་བྱ་མི་སྲིད་ཅེས་ལྟ་ཚུལ་ཐ་དད་ཅིག་བརྗོད་ཡོད་ཅིང་། གཟའ་ལྷག་པའི་ཉིན་ཨ་རིའི་གསར་འགོད་པ་ཚོས་སྲིད་འཛིན་ཌོ་ནལ་ཊམ་ལ་ཧམ་ཟ་བྷིན་ལཱ་ཌན་བསད་པ་རེད་ཟེར་པ་བདེན་པ་ཡིན་མིན་དྲིས་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་གསར་འགོད་པའི་དྲི་བར་ལནའདེབས་བྱས་མི་འདུག ཨ་རིའི་དབུས་གསང་བའི་ལས་ཁང་གིས་༢༠༠༩་ལོར་བྷིན་ལཱ་ཌན་ལ་སཱ་ཐེ་བྷིན་ལཱ་ཌན་ཟེར་པ་ཞིག་ཡོད་པ་བསད་པར་མ་ཟད། ༢༠༡༡་ལོར་བྷིན་ལཱ་ཌན་གྱི་མཉམ་དུ་ཧ་ལི་ཐེ་བྷིན་ལཱ་ཌན་ཟེར་པའི་བུ་ཞིག་ཡོད་པའང་བསད། ཨ་མི་རི་ཀར་༩་པའི་༡༡་གི་གཏོང་རྒོལ་བྱུང་བའི་རྗེས་སུ་ཨ་རིའི་དབུས་གསང་བའི་ལས་ཁང་གིས་བྷིན་ལཱ་ཌན་ཕ་བུ་རྣམས་རྩ་མེད་གཏོང་རྒྱུ་འགོ་ཚུགས།

འདི་ཙམ་ན་ཨོ་ས་མ་བྷིན་ལཱ་ཌན་གྱི་སྲིང་མོ་ཞིག་གི་ཁྱོ་ག་དང་སྔོན་ཆད་བྷིན་ལཱ་ཌན་གྱི་བློས་ཐུབ་གྲོགས་པོར་གྱུར་པའི་མི་ཞིག་ཧྥི་ལི་ཕིན་གྱི་ས་ཐོག་ཏུ་འཛིན་བཟུང་བྱས་འདུག ཧྥི་ལི་ཕིན་གྱི་གཞུང་གིས་ཕྱི་ཟླ་༧་ཚེས་༤་ཉིན་ཨོ་ས་མ་བྷིན་ལཱ་ཌན་གྱི་ཨབ་ཕྲུག་ཟུར་པ་སྟེ། ལོ་ན་༥༡་ལ་སོན་པའི་ཨབ་དྷིལ་ཇཱ་ལིལ་ཞེས་པ་ཞིག་འཛིན་བཟུང་བྱས་པ་ཡིན། ང་ཚོས་ཨབ་དྷིལ་ཇཱ་ལིལ་ཁྲིམས་འགལ་ཐོག་ཏུ་ཧྥི་ལི་ཕིན་གྱི་མངའ་ཁོངས་སུ་སིམ་འཛུལ་བྱས་པའི་ནག་ཉེས་ཐོག་ཏུ་ཕྱིར་ཕུད་བྱ་རྒྱུ་ཡིན། ༢༠༠༣་ལོ་ཡང་ཨབ་དྷིལ་ཇཱ་ལིལ་འཛིན་བཟུང་བྱས་ནས་ཕྱིར་ཕུད་བྱས་པ་ཡིན་ཞེས་བསྒྲགས། ཧྥི་ལི་ཕིན་གྱི་གཞུང་འབྲེལ་མི་སྣ་ཚོས་ཨབ་དྷིལ་ཇཱ་ལིལ་ལ་འདྲི་རྩད་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན་ཁོ་པ་༢༠༠༧་ནས་ཧྥི་ལི་ཕིན་གྱི་ས་ཐོག་ཏུ་སྐུང་བསྡད་ཡོད་པ་ངོས་ལེན་བྱས་པ་དང་། སི་རི་ཡ་དང་ཨི་རཀ་སོགས་ཀྱི་དམག་ས་ཁག་ནས་ཕམ་ཉེས་བྱུང་བའི་ཁ་ཆེའི་རྒྱལ་ཁམས་དང་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་འཇིགས་སྐུལ་རིང་ལུགས་པ་རྣམས་ཧྥི་ལི་ཕིན་དང་ཨབ་གྷ་ཎི་སི་ཐན། པ་ཀི་སི་ཐན་གྱི་མཐའ་མཚམས་ཁག་དང་ཨ་ཧྥི་རི་ཀའི་ཁ་ཆེའི་རྒྱལ་ཁབ་ཁག་ཅིག་གི་ས་ཐོག་ཏུ་གཞིས་ཚུགས་ཀྱི་ཡོད་པ་རེད།།

XS
SM
MD
LG