ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རི་བ་ལོ་ནར་སོན་པ་བརྒྱ་ཆ་༥༠་ལ་འགོག་ཁབ་བརྒྱབ་པ། 


༄༅།། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་ཨ་མི་རི་ཀར་ཁྱབ་སྟེ་གནོད་འཚེ་ཚབས་ཆེན་ཞིག་ཕོག ད་ལྟའི་བར་དུ་ཨ་མི་རི་ཀ་བ་ས་ཡ་༣༡་ལ་ནད་དུག་འགོས་པ་དང་མི་གྲངས་འབུམ་༥་དང་ཁྲི་ཚོ་༦་ལྷག་ལ་འཆི་སྐྱོན་བྱུང་། ཁ་སང་གཟའ་ཉི་མའི་ཉིན་ཨ་མི་རི་ཀའི་ནད་རིགས་བཀག་སྡོམ་དང་སྔོན་འགོག་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཨ་མི་རི་ཀར་མི་དུང་ཕྱུར་༣་དང་བྱེ་བ་༣་ལྷག་ཡོད་པ་དེའི་གྲས་ཀྱི་ལོ་ནར་སོན་པ་བརྒྱ་ཆ་༥༠་ཐམ་པར་ཉུང་མཐར་ཡང་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ། ཨ་རི་བ་ལོ་ནར་སོན་པ་བརྒྱ་ཆ་༣༢་དང་ཕྱེད་ཀར་སྨན་ཐུན་གཉིས་ཀའི་འགོ་ཁབ་བརྒྱབ་ཟིན་ཡོད་པ་སྟེ། ལོ་ན་༡༨་ཡན་ཆད་ཀྱི་ཨ་རི་བ་དུང་ཕྱུར་༡་དང་བྱེ་བ་༣་ལྷག་ལ་འགོག་ཁབ་བརྒྱབ་འདུག དེ་རིང་གཟའ་ཟླ་བ་ནས་ལོ་ན་༡༨་ཡན་ཆད་ཀྱི་མི་སུ་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་འདོད་ཡོད་ཀྱང་སྨན་ཁབ་འདང་ངེས་ཡོད་པ། ད་ནས་ལོ་ན་༡༦་མན་ཆད་ཀྱི་ཨ་རི་བ་ཚོ་ལའང་འགོག་ཁབ་རྒྱག་རྒྱུ་འགོ་ཚུགས་རྒྱུ། ད་དུང་ཡང་འགོག་ཁབ་ལ་ཡིད་ཆེས་མེད་པར་དོགས་ཟོན་ཅན་མང་དག་ཅིག་ལུས་ཡོད་པ་དེ་དག་ལ་འགོག་ཁབ་རྒྱག་རྒྱུའི་འབོད་སྐུལ་ཞུ་རྒྱུ་དང་འགོག་ཁབ་ཀྱི་དགེ་མཚན་སློབ་གསོ་གཏོང་རྒྱུ་དེར་ཤུགས་སྣོན་རྒྱག་འཆར་ཡོད་འདུག

ཨ་རིའི་སློབ་ཆེན་ཞིག་ཏུ་སློབ་ཕྲུག་ཚོར་འགོག་ཁབ་རྒྱག་བཞིན་པ།
ཨ་རིའི་སློབ་ཆེན་ཞིག་ཏུ་སློབ་ཕྲུག་ཚོར་འགོག་ཁབ་རྒྱག་བཞིན་པ།

ཨ་མི་རི་ཀའི་མི་དམངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་པའི་ཆ་མཉམ་གྲངས་འབོར་དེ་བསྡོམས་ཚེ། མི་བརྒྱ་རེའི་ནང་དུ་མི་༦༡་དང་གྲངས་ཆུང་༥་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་ཐུབ་ཡོད་ཅིང་། ཨི་སི་རལ་དང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཆི་ལེ་དང་དབྱིན་ཇི་བཅས་ཀྱིས་རང་རང་གི་མི་དམངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་པའི་གྲངས་འབོར་ཨ་མི་རི་ཀ་ལས་མང་བ་བྱུང་འདུག ཐོག་མར་འགོག་ཁབ་ལ་དོགས་པ་ཡོད་པའི་ཨ་མི་རི་ཀ་བ་ཚོས་ཀྱང་རིམ་བཞིན་སྨན་ཁབ་དེའི་དགེ་མཚན་ངོས་ཟིན་གྱི་ཡོད་པའི་གནས་ཚུལ་ཐོན། དཔེར་ན་ཁ་སང་གཟའ་ཉི་མར་ཨ་རིའི་ཊེ་ཎི་སི་མངའ་སྡེའི་ན་ཤི་ཝྭིལ་གྲོང་ཁྱེར་དུ་འགོག་ཁབ་རྒྱག་རྒྱུའི་དུས་ཚོད་བཟོ་མཁན་དང་འགོག་ཁབ་གང་དུ་རག་གི་ཡོད་མེད་རྩད་གཅོད་བྱེད་མཁན་ཇེ་མང་དུ་སོང་། ཨ་མན་ཌ་གྷེ་རིམ་སི་ལེ་ཞེས་པ་ཞིག་གིས་སྨན་ཐུན་གཉིས་ཀའི་འགོག་ཁབ་བརྒྱབ་ཟིན། ད་ནི་ལོ་ན་༩༦་ལ་སོན་པའི་རྨོ་བོར་ཐུག་འཕྲད་བྱེད་དུ་བསྐྱོད་ཆོག ང་རྨོ་བོར་མ་ཐུག་པར་ལོ་གཅིག་དང་ཕྱེད་ཀ་ལྷག་ཕྱིན་སོང་། འདི་ནི་ང་ཚོའི་ཁྱིམ་ཚང་གི་བཟའ་མི་ཚོ་ཕན་ཚུན་ངོ་མ་ཐུག་པའི་དུས་ཡུན་རིང་ཤོས་དེ་ཡིན། ཕྱི་ཟླ་༥་པའི་ཟླ་དཀྱིལ་དུ་ང་ཚོ་ཚང་མ་ལྷན་འཛོམ་བྱ་འཆར་ཡོད་ཅེས་བཤད། ཨ་མི་རི་ཀའི་ནེའུ་ཧམྤ་ཤཱར་མངའ་སྡེ་ནི་༢༠༢༠་ལོའི་སྲིད་འཛིན་འོས་འདེམས་སྐབས་སུ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་ལ་རྒྱབ་སྐྱོར་གྱི་འོས་ཤོག་འཕེན་མཁན་མངའ་སྡེ་ཞིག་ཡིན། ཨ་རིའི་རྒྱལ་ཡོངས་སུ་ནེའུ་ཧམྤ་ཤར་མངའ་སྡེའི་མི་གྲངས་བརྒྱ་ཆ་༧༡་ལྷག་དང་དེའི་རྗེས་སུ་ནེའུ་མེཀ་སི་ཀོ ཁེ་ན་ཊི་ཁེ་ཊི་དང་མེ་སེ་ཆུ་སེ་ཊི་སི། མཱེན་མངའ་སྡེ་བཅས་ཀྱིས་རང་རང་གི་མི་དམངས་ལ་འགོག་ཁབ་མང་བ་རྒྱག་ཐུབ་ཡོད་པའི་གནས་ཚུལ་ཐོན་འདུག ༢༠༢༠་ལོའི་སྲིད་འཛིན་འོས་འདེམས་སྐབས་སུ་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་གྱི་འོས་ཤོག་འཕེན་ཡུལ་ཊེ་ཎི་སི་དང་ལུ་ཝི་སི་ཡ་ན། ཨ་ལ་བྷ་མ་དང་མཱི་སི་སི་ཕི་བཅས་མངའ་སྡེ་ཁག་་བཞི་ནི་ཨ་རི་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་མཁན་ཆེས་ཉུང་ཤོས་ཀྱི་མངའ་སྡེ་ཁག་ཡིན་ཞིང་། ད་ལྟའི་བར་དུ་མངའ་སྡེ་དེ་དག་གི་མི་འབོར་བརྒྱ་ཆ་༤༠་དང་གྲངས་ཆུང་༨་ལ་མ་གཏོགས་འགོག་ཁབ་རྒྱག་མ་ཐུབ། ལྷག་པར་དུ་ཊེ་ཎི་སིའི་གྲོང་གསེབ་ཁག་ཏུ་འགོག་ཁབ་ལ་དོགས་ཟོན་བྱེད་མཁན་ཧ་ཅང་མང་པོ་ཡོད་འདུག

མཉམ་འབྲེལ་གསར་ཁང་གིས་ཨ་མི་རི་ཀ་བ་ཚོས་འགོག་ཁབ་རྒྱག་གི་ཡོད་མེད་དེ་འོས་ཤོག་འཕེན་སྟངས་ལ་མཐའ་གཅིག་ཏུ་འབྲེལ་བ་ཡོད་པ་སྒྲུབ་དཀའ། ཡིན་ནའང་ཨ་རིའི་སྤྱི་མཐུན་ཚོགས་པའི་རྒྱབ་སྐྱོར་བ་བརྒྱ་ཆ་༣༦་གིས་འགོག་ཁབ་ཧ་ལམ་རྒྱག་གི་མིན་ཟེར་བའམ། ཡང་ན་འགོག་ཁབ་གཏན་ནས་རྒྱག་གི་མིན་ཞེས་ལན་བཏབ། དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་བའི་གྲས་སུ་འགོག་ཁབ་རྒྱག་གི་མིན་ཟེར་མཁན་བརྒྱ་ཆ་༡༢་ལས་མི་འདུག འགོག་ཁབ་ལ་ཡིད་ཆེས་མེད་པ་དང་འགོག་ཁབ་རྒྱག་གི་མིན་ཟེར་མཁན་མང་ཆེ་བ་ནི་ཨ་མི་རི་ཀའི་གྲོང་གསེབ་ཁག་གི་མི་མང་རྣམས་རེད། སྤྱི་ཡོངས་ཀྱི་ཆ་ནས་ཨ་མི་རི་ཀ་བའི་གྲས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་འདོད་ཡོད་ཟེར་མཁན་མང་བ་འདུག་ཅེས་ཞིབ་འཇུག་སྙན་ཐོ་བཏོན། ད་ལོའི་ཕྱི་ཟླ་དང་པོའི་ནང་དུ་ཨ་རི་བ་ལོ་ནར་སོན་པ་བརྒྱ་ཆ་༦༧་གྱིས་འགོག་ཁབ་རྒྱག་རྒྱུ་ཡིན་ཟེར། ད་ལྟ་ཨ་མི་རི་ཀ་བ་བརྒྱ་ཆ་༧༥་ལྷག་གིས་འགོག་ཁབ་བརྒྱབ་པ་དང་འགོག་ཁབ་རྒྱག་འདོད་ཡོད་ཟེར། ཨ་རིའི་མི་རིགས་ནག་པོ་བརྒྱ་ཆ་༢༤་དང་ཧི་སི་པན་བ་བརྒྱ་ཆ་༢༢་ཀྱིས་འགོག་ཁབ་ཧ་ལམ་རྒྱག་གི་མིན་ཟེར་བའམ། ཡང་ན་གཏན་ནས་འགོག་ཁབ་རྒྱག་གི་མིན་ཟེར། ཨ་མི་རི་ཀའི་མི་རིགས་དཀར་པོ་བརྒྱ་ཆ་༢༦་གིས་འགོག་ཁབ་རྒྱག་གི་མིན་ཟེར། ཨ་མི་རི་ཀའི་འགོས་ནད་སྔོན་འགོག་མཁས་པ་སྨན་པ་ཧྥོ་ཆིས་ས་གནས་ཁག་གི་གནད་ཡོད་མི་སྣ་དང་རྩེད་འགྲན་པ་གྲགས་ཅན། ཆོས་ཚོགས་ཁག་གི་བླ་མ་དང་གློག་བརྙན་འཁྲབ་མཁན། གཞས་པ་གཞས་མ་གྲགས་ཅན་སོགས་ཀྱིས་མི་མང་ལ་འགོག་ཁབ་རྒྱག་དགོས་པའི་སྐུལ་སློང་བྱེད་དགོས། འདས་པའི་ཉི་མ་༧་ལ་ཨ་རིའི་རྒྱལ་ཡོངས་སུ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་ཁྲི་ཚོ་༦་རེ་བྱུང་ཡོད་པ་ཉུང་དུ་གཏོང་དགོས། དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་རྒྱབ་སྐྱོར་བ་ཡིན་མིན་ལ་ཁྱད་པར་མེད། ཨ་མི་རི་ཀ་བ་སུ་ཞིག་ལ་ཉན་འདོད་ཡོད་ཀྱང་དེ་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་དེའི་དགེ་སྐྱོན་རྣམས་འགྲེལ་བཤད་གང་ལེགས་རྒྱག་དགོས་ཞེས་འབོད་སྐུལ་ཞུས་འདུག

ཉེ་ཆར་ཨ་མི་རི་ཀའི་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་བརྒྱབ་ན་མི་ཁག་ཅིག་གི་ཁྲག་དཀག་སྟེ་སྨན་ཁབ་རྒྱག་རྒྱུ་རེ་ཞིག་མཚམས་བཞག སྨན་པ་ཧྥོ་ཆིས་བདུན་ཕྲག་འདིའི་གཟའ་པ་སངས་ཡས་མས་ནས་ཨ་མི་རི་ཀར་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་རྒྱག་རྒྱུ་འཕྲོ་སྐྱོང་བྱེད་ཐུབ་པའི་རེ་བ་ཡོད། མི་ལ་ན་ཚ་ཡོད་མེད་དང་ལོ་ན་རྒན་གཞོན་གྱི་དབྱེ་བ་ཞིག་ཕྱེ་ནས་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་རྒྱག་དགོས་པའི་ཐག་གཅོད་བྱེད་ཐུབ་པའི་རེ་བ་ཡོད་ཅེས་བཤད། བདུན་ཕྲག་སྔོན་མར་ཨ་རིའི་ཟས་རིགས་དང་སྨན་རྫས་དོ་དམ་ལས་ཁུངས་ཀྱིས་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་བརྒྱབ་པའི་རྗེས་སུ་མི་ཁག་ཅིག་ལ་མ་འཕྲོད་པར་ཁྲག་དཀག་གི་འདུག མི་དེ་ཚོར་ཁྲག་དཀག་གི་ཡོད་པ་སྨན་ཁབ་དེར་འབྲེལ་བ་ཡོད་མེད་བརྟག་དཔྱད་གཟབ་ནན་ཞིག་བྱ་དགོས་ཀྱི་འདུག་ཅེས་བཀག ཨ་མི་རི་ཀ་བ་ས་ཡ་༧་ལྷག་ལ་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་བརྒྱབ་སྟེ་མི་༦་ལ་ཁྲག་དཀག་པའི་གནས་ཚུལ་བྱུང་། ཁྲག་དཀག་མཁན་དེ་རྣམས་ལོ་ན་༡༨་ནས་༤༨་བར་དུ་ཡིན་པ་དང་མི་གཅིག་ལ་འཆི་སྐྱོན་བྱུང་། དེང་སྐབས་ཨ་མི་རི་ཀར་ཡོངས་ཁྱབ་ཏུ་རྒྱག་གི་ཡོད་པའི་མོ་ཌེར་ན་དང་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་གཉིས་ལ་ཁྲག་དཀག་པའི་གནས་ཚུལ་མ་བྱུང་། དེ་བཞིན་དབྱིན་ཇིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ལའང་ཁྲག་དཀག་པའི་ཟུར་གནོད་ཁག་ཅིག་འབྱུང་གི་ཡོད་པས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས་འགོག་ཁབ་དེ་རྒྱག་རྒྱུ་ངང་འཐེན་བྱས་ཤིང་། ལོ་ནའི་ཁྱད་པར་དང་སྔོན་ནས་ན་ཚ་ཡོད་པའི་མི་ཁག་ཅིག་གིས་དབྱིན་ཇིའི་འགོག་ཁབ་དང་ཨ་རིའི་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་གཉིས་འཕྲོད་རྒྱུ་ཡིན་མིན་སོགས་སྨན་པར་སྐད་ཆ་འདྲི་རྒྱུ་གནད་འགག་ཆེན་པོ་ཡིན་འདུག

ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་རང་གི་མི་དམངས་ལ་འགོག་ཁབ་རྒྱག་ཐུབ་ཀྱི་ཡོད་པ་ནི་འཛམ་གླིང་སྤྱི་ལ་གཏམ་བཟང་ཞིག་ཏུ་གྱུར། གལ་སྲིད་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་རང་གི་མི་དམངས་ལ་འགོག་ཁབ་བརྒྱབ་ཚར་ཚེ། ཁོ་ཚོའི་འགོག་ཁབ་ཚད་ལྡན་དང་ནད་དུག་སྔོན་འགོག་གི་ཕན་ནུས་ཆེ་བ་རྣམས་འཛམ་གླིང་ཡོངས་ལ་བགྲོ་འགྲེམ་བྱེད་ཐུབ། ད་སྔ་ཨ་མི་རི་ཀས་བཟོས་པའི་འགོག་ཁབ་རྣམས་རང་ཡུལ་དུ་འདང་ངེས་ཤིག་མ་བྱུང་བར་འཛམ་གླིང་ཡོངས་ལ་ཚོང་འགྲེམ་དང་རོགས་སྐྱོར་མང་པོ་ཞིག་སྤྲོད་མ་ཐུབ། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འགོག་ཁབ་བརྒྱབ་པའི་རྗེས་སུ་འགྲིམ་འགྲུལ་དང་ཟུར་འགོག་སོགས་ལའང་བཀག་སྡོམ་ཆུང་དུ་འགྲོ་རྒྱུ། ཕྱི་ཟླ་༤་པའི་ཚེས་༡༩་ནས་ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌི་གཉིས་ཀྱིས་འགྲུལ་པ་ཟུར་འགོག་བྱེད་མི་དགོས་པའི་འགྲིམ་འགྲུལ་སྒོ་འབྱེད། ཨི་སི་རལ་གྱི་གཞུང་གིས་མང་ཚོགས་ཀྱིས་ཕྱི་ལོགས་སུ་ཁ་རས་གྱོན་དགོས་པའི་ཁྲིམས་ཕྱིར་འཐེན། ཡུ་རོབ་རྒྱལ་ཁབ་འགའ་ཞིག་གིས་ཀྱང་ཕྱི་རྒྱལ་གྱི་འགྲུལ་པ་རྣམས་དུས་ཡུན་བདུན་ཕྲག་གཉིས་ལ་ཟུར་འགོག་བྱེད་དགོས་པའི་བཀག་སྡོམ་ཕྱིར་འཐེན་བྱ་འཆར་ཡོད་འདུག འོན་ཀྱང་རྒྱ་གར་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་གསར་དུ་ཁྱབ་པའི་ནད་པ་འབུམ་༢་ལྷག་འབྱུང་གི་ཡོད་པར་མ་ཟད། ཡུ་རོབ་རྒྱལ་ཁབ་འཇར་མན་ཎི་དང་ཧྥ་རན་སི་སོགས་རྒྱལ་ཁབ་མང་དག་ཅིག་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཐེངས་གསུམ་པ་བྱུང་སྟེ་འགྲོ་འོང་བཀག་སྡོམ། ད་ལྟའི་བར་དུ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་ནས་མི་ས་ཡ་༣་ལྷག་ལ་འཆི་སྐྱོན་དང་མི་གྲངས་དུང་ཕྱུར་༡་དང་བྱེ་བ་༤་ལྷག་ལ་ནད་དུག་འགོས་ཡོད་པ་རེད།།

XS
SM
MD
LG