ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་གསར་འགོད་པ་ཕོ་བྲང་དཀར་པོར་བཅར་ས་ཡོད་པར་སྐྱོན་བརྗོད།


༄༅།། རྒྱ་ནག་གཞུང་གིས་པེ་ཅིང་དུ་བཅའ་སྡོད་ཨ་མི་རི་ཀའི་གསར་འགོད་པ་རྣམས་ཕྱིར་ཕུད་བཏང་སྟེ། ཨ་རིའི་གསར་འགོད་པ་ཚོར་རྒྱ་ནག་གི་ས་ཐོག་ཏུ་གསར་འགོད་ལས་རིགས་གཉེར་ཐུབ་པའི་གོ་སྐབས་ཆུང་དུ་འགྲོ་བཞིན་ཡོད་མོད། རྒྱ་ནག་གཞུང་ལ་འབྲེལ་བ་དམ་ཟབ་ཡོད་པའི་ཧོང་ཀོང་གི་གསར་འགོད་པ་ཞིག་ཕོ་བྲང་དཀར་པའི་གསར་འགོད་ལྷན་ཚོགས་ལ་བཅར་ས་ཡོད་པར་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོ་དང་། ཉམས་ཞིབ་པ་སོགས་ཀྱིས་ཕོ་བྲང་དཀར་པོའི་ཉིན་རེའི་གསར་འགོད་ལྷན་ཚོགས་ལ་ཨ་མི་རི་ཀ་གཅིག་ཅེས་པའི་གསར་འགྱུར་ལས་ཁང་སོགས་ཚུད་པའི་ཨ་རིའི་གསར་འགྱུར་ལས་ཁང་མང་པོ་ཞིག་གི་གསར་འགོད་པ་རྣམས་བཅར་ས་མེད་ཀྱང་ཧོང་ཀོང་གི་རྒྱ་བྱ་བརྙན་འཕྲིན་ཁང་གི་གསར་འགོད་པ་ཞིག་ཕོ་བྲང་དཀར་པོའི་གསར་འགོད་ལྷན་ཚོགས་ལ་ཇི་ལྟར་བཅར་ཆོག་གི་ཡོད་པ་རེད་དམ་ཞེས་སྐྱོན་བརྗོ་བྱས་ནས་དངངས་སྐྲག་ལངས་ཡོད་པ་སྟེ། ཁ་སང་གཟའ་ཟླ་བའི་ཕྱི་དྲོར་ཨ་རིའི་གྲོས་ཚོགས་འཐུས་མི་འགའ་ཞིག་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་དྲིལ་བསྒྲགས་རྣམས་ཕོ་བྲང་དཀར་པོར་ཁྱབ་ཀྱི་ཡོད་སྲིད་པའི་ཉེན་ཀ་འདུག ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཨ་མི་རི་ཀའི་ཆབ་སྲིད་ལ་ཕྱི་རྒྱལ་གྱི་ཐེ་གཏོགས་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པས་ཕོ་བྲང་དཀར་པོས་འཕྲལ་དུ་དེ་ལ་གཟབ་ནན་བྱེད་ན་དགེ་མཚན་ཆེ་ཞེས་ནན་སྐུལ་བྱས་འདུག

ཕོ་བྲང་དཀར་པོའི་གསར་འགོད་ལྷན་ཚོགས་ལ་བཅར་པའི་ཧོང་ཀོང་གི་རྒྱ་བྱ་བརྙན་འཕྲིན་ཁང་གི་གསར་འགོད་པས་སྲིད་འཛིན་ཌོ་ནལ་ཊམ་ལ་བདུན་ཕྲག་སྔོན་མར་རྒྱ་ནག་ནས་གནམ་གྲུ་མང་པོའི་ནང་དུ་ནད་བརྟག་འཕྲུལ་ཆས་དང་ཁ་རས། དབུགས་གཏོང་འཕྲུལ་ཆས་སོགས་སྨན་ཆས་ཕོན་ཆེན་ཞིག་བརྩིགས་ནས་ཨ་མི་རི་ཀར་སྐྱེལ་འདྲེན་བྱས་སོང་། རྒྱ་ནག་གི་ཧྭ་ཝེ་དང་ཨ་ལི་བྷ་བྷ་ལྟ་བུའི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀར་ཨེན་༩༥་རྟགས་ཅན་ཁ་རས་༡༥༠༠༠༠༠་དང་སྨན་པའི་ལག་ཤུབས་སོགས་སྨན་ཆས་ཧ་ཅང་མང་པོ་ཞིག་ཞལ་འདེབས་དང་རོགས་རམ་སྤྲོད་ཀྱི་འདུག་ཅེས་བཤད། འདི་ནི་གསར་འགོད་པས་དྲི་བ་དྲིས་པ་ཞིག་མིན་པར་རྒྱ་ནག་གིས་ཨ་མི་རི་ཀར་རོགས་སྐྱོར་བྱས་པ་རྣམས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་ཞིག་ཏུ་སྣང་། དེ་ནས་སྲིད་འཛིན་ཌོ་ནལ་ཊམ་གྱིས་གསར་འགོད་པའི་སྐད་ཆ་བར་མཚམས་བཅད། གསར་འགོད་པས་སླར་ཡང་སྲིད་འཛིན་ཌོ་ནལ་ཊམ་ལ་ཁྱོད་ཀྱིས་རྒྱ་ནག་ལ་ཐད་ཀར་མཉམ་འབྲེལ་བྱེད་འདོད་ཡོད་དམ་ཞེས་དྲིས། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་དང་ཨ་མི་རི་ཀས་ཚོང་ལས་གྲོས་མཐུན་བཞག་པའི་འབྲུ་དོན་ཁག་ལ་རྒྱ་ནག་གིས་ངེས་པར་དུ་བརྩི་སྲུང་བྱ་དགོས་ཞེས་ལན་བཏབ། གསར་འགོད་པས་བསྐྱར་དུ་སྲིད་འཛིན་ཌོ་ནལ་ཊམ་ལ་ཁྱེད་རང་གིས་རྒྱ་ནག་ལ་མཉམ་འབྲེལ་བྱེད་ཀྱི་ཡོད་དམ་ཞེས་དྲིས། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁྱོད་ཀྱི་སུ་ལ་ལས་དོན་སྒྲུབ་ཀྱི་ཡོད་དམརྒྱ་ནག་ལ་སྒྲུབ་ཀྱི་ཡོད་དམཁྱོད་གསར་འགྱུར་ལས་ཁང་གང་གི་ཡིན་ནམ་ཞེས་གསར་འགོད་པར་ཕར་དྲིསགསར་འགོད་པ་དེས་འཛུམ་ཞིག་བསྟན་ནས་ངས་རྒྱ་ནག་ལ་ལས་དོན་སྒྲུབ་ཀྱི་མེད། ང་ཧོང་ཀོང་གི་རྒྱ་བྱ་བརྙན་འཕྲིན་ཁང་གི་གསར་འགོད་པ་ཡིན་ཞེས་ལན་བཏབསྲིད་འཛིན་ཌོ་ནལ་ཊམ་གྱིས་བརྙན་འཕྲིན་ཁང་དེའི་བདག་པོ་སུ་རེདརྒྱ་ནག་རེད་དམ་ཞེས་དྲིས། གསར་འགོད་པས་རྒྱ་བྱ་བརྙན་འཕྲིན་ཁང་ནི་ཧོང་ཀོང་ས་གནས་སུ་གཞིས་ཚུགས་ཡོད་པ་དང་སྒེར་བདག་གི་བཟོ་ཚོང་ལས་ཁང་ཞིག་རེད་ཅེས་ལན་བཏབ།

ཧོང་ཀོང་གི་རྒྱ་བྱ་བརྙན་འཕྲིན་ཁང་ནི་གསར་འགོད་པས་འགྲེལ་བཤད་བརྒྱབ་པ་ལྟར་གྱི་བརྙན་འཕྲིན་ཁང་ཞིག་མིན་པར་རྒྱ་ནག་ལ་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད། ཨ་མི་རི་ཀའི་ས་གནས་ཁག་ཏུ་ལན་ཡག་གསར་འགྱུར་ལས་ཁང་བཙུགས་ནས་རྒྱ་སྐྱེད་བྱེད་གང་ཐུབ་བྱེད་ཀྱི་ཡོད་པ་ཞིག་ཡིན་ཞིང་། ཕོ་བྲང་དཀར་པོར་སྲིད་འཛིན་ཌོ་ནལ་ཊམ་དང་གསར་འགོད་པ་དེས་ཕན་ཚུན་དྲི་བ་འདྲི་རེས་བྱས་མ་ཐག་ཏུ་ཨ་མི་རི་ཀའི་ཉམས་ཞིབ་པ་ཨེ་ལི་ཡེ་ཊི་ཤཱི་ཝར་ཛི་ཞེས་པ་ཞིག་གིས་༢༠༡༨་ནས་ཧོང་ཀོང་གི་རྒྱ་བྱ་བརྙན་འཕྲིན་ཁང་རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ལྷན་ཁང་གི་བཀོད་འདོམས་འོག་ཏུ་ཚུད་པ་རེད། རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་བྱ་བརྙན་འཕྲིན་ཁང་ལ་ཨ་མི་རི་ཀའི་བཟང་ཕྱོགས་ཀྱི་གསར་འགྱུར་རྣམས་སྤེལ་མི་ཆོག་ཅེས་བཀོད་ཁྱབ་བཏང་ནས་ལག་ལེན་བསྟར་དུ་འཇུག་གི་འདུག དེ་ལྟར་བྱེད་ཀྱི་ཡོད་པ་ནི་ྒྱ་བྱ་བརྙན་འཕྲིན་ཁང་གི་གསར་འགྱུར་འགན་འཛིན་ཟུར་པ་ཞིག་གིས་བདེན་དཔང་བྱས་ཡོད་ཅེས་བཤད། ཧོང་ཀོང་གི་རྒྱ་བྱ་བརྙན་འཕྲིན་ཁང་གི་གསར་འགྱུར་འགན་འཛིན་ཟུར་པ་ཁྲུང་ཕོང་གིས་བཤད་པ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ལྷན་ཁང་དང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གཉིས་ཀྱིས་ཐད་ཀར་ཧོང་ཀོང་གི་རྒྱ་བྱ་བརྙན་འཕྲིན་ཁང་ལ་བཀོད་འདོམས་བྱེད་ཀྱི་ཡོད་པའམ། ཡང་ན་རྒྱ་བྱ་བརྙན་འཕྲིན་ཁང་གིས་གསར་འགྱུར་ཅི་ཞིག་སྤེལ་ཆོག་པ་དང་ཅི་ཞིག་སྤེལ་མི་ཆོག་པའི་ལམ་སྟོན་བྱེད་ཀྱི་ཡོད་པ་ང་རང་སྒེར་ལ་ཉམས་མྱོང་ཡོད། ༢༠༠༢་ལོར་རྒྱ་ནག་གི་འགོ་ཁྲིད་ཅང་ཙེ་མིན་གྱི་བཀོད་འདོམས་ལྟར་ང་ཧོང་ཀོང་གི་རྒྱ་བྱ་བརྙན་འཕྲིན་ཁང་ནས་ཕྱིར་ཕུད་བཏང་སོང་ཞེས་བཤད

ཨ་མི་རི་ཀའི་ཧུ་ཝྭར་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཆཀ་རོ་སི་ཞེས་པ་ཞིག་གིས་ཀྱང་ཧོང་ཀོང་གི་རྒྱ་བྱ་བརྙན་འཕྲིན་ཁང་ནི་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ལྟ་བུ་ཞིག་རེད། དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་ལ་འབྲེལ་བ་དམ་པོ་འདུག་ཅེས་བཤད། ༢༠༡༧་ལོར་ཨ་རིའི་རང་དབང་ཁང་གིས་ཀྱང་ཧོང་ཀོང་གི་རྒྱ་བྱ་བརྙན་འཕྲིན་ཁང་རྒྱ་ནག་གི་དམག་དཔོན་ཟུར་པ་ལིའུ་ཁང་ལེ་ཞེས་པ་ཞིག་ལ་གཏོགས་ཀྱི་ཡོད་པ་དང་བརྙན་འཕྲིན་ཁང་དེ་རྒྱ་ནག་གཞུང་ལ་འབྲེལ་བ་ཉེ་བོ་འདུག རྒྱ་བྱ་བརྙན་འཕྲིན་ཁང་ལ་རྒྱ་ནག་གིབཟང་ཕྱོགས་གསར་འགྱུར་སྤེལ་རྒྱུའི་ལམ་སྲོལ་ཞིག་ཚུགས་སོང་། ༢༠༡༥་ལོར་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པའི་ཧོང་ཀོང་གི་དཔེ་དེབ་ཚང་པ་ལྔ་དང་རྒྱ་ནག་དམར་ཤོག་ཚོགས་པར་སྐྱོན་བརྗོད་བྱེད་མཁན་ཚོས་རང་སྐྱོན་ངོས་ལེན་པ་རྣམས་ལོ་གཉིས་ཀྱི་རིང་ལ་ཧོང་ཀོང་གི་ྱ་རྒྱ་བརྙན་འཕྲིན་ཁང་གིས་ཁྱབ་བསྒྲགས་བྱས་སོང་། རྒྱ་བྱ་བརྙན་འཕྲིན་ཁང་གི་མ་རྩ་བརྒྱ་ཆ་༡༠་ཐམ་པ་རྒྱ་ནག་གི་དབུས་བརྙན་འཕྲིན་ལས་ཁང་གི་རེད། དེས་ན་རྒྱ་བྱ་བརྙན་འཕྲིན་ཁང་གིས་རྒྱ་ནག་གི་བཟང་ཕྱོགས་གསར་འགྱུར་སྤེལ་གྱི་ཡོད་པའང་སྟེས་དབང་ལས་བྱུང་བ་ཞིག་མིན་པར་སྣང་ཞེས་སྙན་ཐོ་བཏོན།།

ཕོ་བྲང་དཀར་པོའི་གསར་འགོད་ལྷན་ཚོགས་མཇུག་བསྡུས་ནས་ཆུ་ཚོད་རེ་ཟུང་གི་རྗེས་སུ་སྤྱི་མཐུན་ཚོགས་པའི་མཐོ་རིམ་གྲོས་ཚོགས་འཐུས་མི་ཚོས་སྲིད་གཞུང་གི་ལས་སྣེ་ཚོས་འཕྲལ་དུ་ནོར་འཁྲུལ་ཡོ་བསྲང་བྱ་དགོས་ཞེས་དགོས་འདུན་བཏོན། ཐ་ན་གཡོན་ཕྱོགས་ཀྱི་ལྟ་བ་འཛིན་པའི་གསར་འགོད་པ་ཁག་ཅིག་གིས་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཧོང་ཀོང་གི་རྒྱ་བྱ་བརྙན་འཕྲིན་ཁང་གི་གསར་འགོད་པར་དྲིས་ལེན་བྱས་པ་འོས་འཚམས་ཤིག་བྱུང་མ་སོང་ཞེས་སྐྱོན་བཙུགས། ཨ་རིའི་ཊེཀ་སེ་སི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཊེ་ཌི་ཁུ་རུ་ཛིས་རྒྱ་བྱ་བརྙན་འཕྲིན་ཁང་ནི་མིང་ཙམ་གྱིས་སྒེར་བདག་ཡིན་རུང་དོན་དངོས་སུ་གཞུང་གཉེར་རེད། ངས་༢༠༡༨་ནས་བརྙན་འཕྲིན་ཁང་དེས་དྲིལ་བསྒྲགས་ལོག་པ་རྣམས་འགོག་ཐབས་བྱས་པ་ཡིན། ཁོ་ཚོར་ཕོ་བྲང་དཀར་པོའི་གསར་འགོད་པའི་མཐུན་ཚོགས་གྲས་སུ་གདན་ཐོབ་ཅིག་ནམ་ཡང་སྤྲོད་མི་རུང་། རྒྱ་བྱ་བརྙན་འཕྲིན་ཁང་གིས་ལོ་མང་རིང་ཨ་མི་རི་ཀར་དྲིལ་བསྒྲགས་ལོག་པའི་དམག་འཐབ་ཅིག་བྱེད་བཞིན་འདུག རྒྱ་ནག་དམར་ཤོག་སྲིད་གཞུང་གིས་རང་ཡུལ་གྱི་གསར་འགྱུར་ལས་ཁང་ཁག་ལ་སྟངས་འཛིན་བྱེད་ཀྱི་ཡོད་པ་རྒྱ་བྱ་བརྙན་འཕྲིན་ཁང་ལའང་ཁྱབ་ཀྱི་ཡོད་པས་ཕོ་བྲང་དཀར་པོའི་གསར་འགོད་པའི་མཐུན་ཚོགས་ཁོངས་སུ་ཧོང་ཀོང་གི་རྒྱ་བྱ་བརྙན་འཕྲིན་ཁང་གི་གསར་འགོད་པར་གདན་ཐོབ་སྟེར་རྒྱུ་མཚམས་འཇོག་བྱ་དགོས་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ༢༠༠༩་ལོར་ཨ་རིའི་དཔལ་འབྱོར་དང་བདེ་འཇགས་བསྐྱར་ཞིབ་ལྷན་ཁང་གི་གཙོ་འཛིན་ཨན་ནེ་མཱེ་རི་བྷ་རེ་ཌིས་ཧོང་ཀོང་གི་རྒྱ་བྱ་བརྙན་འཕྲིན་ཁང་མིང་ཙམ་གྱིས་སྒེར་བདག་ཡིན་རུང་དེའི་མ་རྩ་འཛུགས་མཁན་གཙོ་བོ་ནི་རྒྱ་ནག་གི་ལག་ཐོགས་ཁ་པར་ཁེ་ལས་ཁང་རེད་ཅེས་བསྟན། ༢༠༡༦་ལོར་རྒྱ་བྱ་བརྙན་འཕྲིན་ཁང་གིས་ཧོང་ཀོང་གི་དཔེ་དེབ་ཚོང་པ་ལྔས་རང་སྐྱོན་ངོས་ལེན་བྱས་པ་རྣམས་ང་ཚོས་ཁྱབ་བསྒྲགས་བྱས་པ་ཡིན། རང་སྐྱོན་དེ་རྣམས་བཙན་ཤེད་ཀྱིས་ངོས་ལེན་བྱེད་དུ་བཅུག་པ་རེད་ཅེས་ཁས་ལེན་བྱ་དགོས་ཐུག་འདུག

XS
SM
MD
LG