ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༣༠

ཨི་སི་རལ་ལ་དམག་འཁྲུག་རྒྱ་ཆེ་རུ་གཏོང་མི་ཉན་ཞེས་འབོད་སྐུལ་ཞུས།


ཧྥ་རན་སིའི་སྲིད་འཛིན་མེཀ་རོན་དང་འཇར་མན་གྱི་སྲིད་བློན་ཨོ་ལཱབ་ཤོལ་ཛིས་
ཧྥ་རན་སིའི་སྲིད་འཛིན་མེཀ་རོན་དང་འཇར་མན་གྱི་སྲིད་བློན་ཨོ་ལཱབ་ཤོལ་ཛིས་

༄༅།། འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ཨི་སི་རལ་གྱིས་ཨི་རན་ལ་རྒོལ་ལན་བསློགས་ནས་དམག་འཁྲུག་རྒྱ་ཆེ་རུ་གཏོང་མི་ཉན་ཞེས་འབོད་སྐུལ་ཞུས། ཕྱི་ཟླ་༤་པའི་ཚེས་༡༦་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྥ་རན་སིའི་སྲིད་འཛིན་མེཀ་རོན་གྱིས་ཨི་རན་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། ཏ་ཟིག་མཚོ་ཁག་གི་རྒྱལ་ཁབ་ཁག་ལ་ཨི་རན་ཉེན་ཁ་ཅན་ཞིག་ཡིན་པ་ངོ་འཕྲོད་དུ་འཇུག་ཆོག ཨི་སི་རལ་གྱིས་ཨི་རན་ལ་རྒོལ་ལན་མ་བསློགས་ན་ལེགས་ཞེས་ནན་གྱིས་བསྐུལ། དབྱིན་ཇིའི་སྲིད་བློན་རི་ཤི་སུ་ནག་གིས་ཕྱོགས་ཁག་ཚང་མས་དམག་འཁྲུག་རྒྱ་ཆེ་རུ་གཏོང་རྒྱུར་གཡོལ་ཐབས་བྱ་དགོས་ཞེས་གསལ་བསྒྲགས་སྤེལ། འཇར་མན་གྱི་སྲིད་བློན་ཨོ་ལཱབ་ཤོལ་ཛིས་དཀྱིལ་ཤར་ས་ཁུལ་གྱི་དམག་འཁྲུག་རྒྱ་ཆེ་རུ་གཏོང་མི་ཉན། ཨི་རན་གྱིས་འཁྲུག་རྩོད་སློང་རྒྱུ་མཚམས་འཇོག་བྱ་དགོས་པ་དང་ཨི་སི་རལ་གྱིས་ཀྱང་ཨི་རན་ལ་རྒོལ་ལན་སློག་མི་ཉན་ཞེས་ནན་བརྗོད་བྱས་འདུག

དབྱིན་ཇིའི་སྲིད་བློན་རི་ཤི་སུ་ནག
དབྱིན་ཇིའི་སྲིད་བློན་རི་ཤི་སུ་ནག

རྒྱ་ནག་གིས་ཉིན་ཤས་སྔོན་ནས་ཨི་སི་རལ་དང་ཨི་རན་གཉིས་ཀས་དམག་འཁྲུག་སློང་རྒྱུ་ཚོད་འཛིན་བྱ་དགོས་ཞེས་གསལ་བསྒྲགས་སྤེལ། ཨོ་སི་ཊི་རི་ཡའི་ཕྱི་སྲིད་བློན་ཆེན་ནས་ཨི་རན་གྱི་ཕྱི་སྲིད་བློན་ཆེན་ལ་ཁ་པར་བཏང་སྟེ་སྔ་ལོ་ནས་ཨི་སི་རལ་དང་མ་ཧ་སི་ཤོག་ཁག་གི་དམག་འཁྲུག་ལངས་ཡོད་པ་རེད། ད་ལྟ་དཀྱིལ་ཤར་ས་ཁུལ་དུ་དམག་འཁྲུག་གསར་པ་ཞིག་བསླངས་ན་དགེ་མཚན་མེད། ཨི་རན་གྱིས་དམག་འཁྲུག་སློང་རྒྱུ་མཚམས་འཇོག་བྱོས། ཨི་སི་རལ་ལ་གཏོར་རྒོལ་བྱས་པ་མ་འགྲིགས་པ་རེད་ཅེས་སྐྱོན་བརྗོད་བྱས་འདུག ཨི་སི་རལ་དང་ཨི་རན་གཉིས་ཀྱིས་དམག་འཁྲུག་རྒྱག་སྲིད་པར་ཨུ་རུ་སུའི་གཞུང་གིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་སྟེ། ཁེ་རིམ་ལིན་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཚང་མས་དམག་འཁྲུག་ལ་གཡོལ་ཐབས་བྱ་དགོས། དམག་འཁྲུག་རྒྱ་ཆེ་རུ་བཏང་ན་སུ་གཅིག་ལའང་ཁེ་ཕན་མེད། ང་ཚོས་འགལ་ཟླ་ཐམས་ཅད་ཞི་བའི་གྲོས་མོལ་དང་ཕྱི་འབྲེལ་གྱི་ལམ་ནས་སེལ་ཐབས་བྱ་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་ཅེས་གསལ་བསྒྲགས་སྤེལ།།

ཨི་སི་རལ་གྱིས་ཨི་རན་ལ་རྒོལ་ལན་ཤུགས་ཆེ་ཆུང་ཅི་ཙམ་སློག་རྒྱུ་ཡིན་མིན་ཕྱིར་བསྒྲགས་བྱས་མེད་མོད། ཁ་སང་གཟའ་ཟླ་བའི་ཉིན་ཨི་སི་རལ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པས་ཨི་རན་གྱིས་ཁ་ལོ་བ་མེད་པའི་འཕུར་གྲུ་དང་འཕུར་མདེལ་༣༠༠་ལྷག་འཕངས་ནས་ཨི་སི་རལ་ལ་ཚུར་རྒོལ་བྱས་པ་རེད། ང་ཚོས་ཨི་རན་ལ་རྒོལ་ལན་འོས་ཤིང་འཚམས་པ་ཞིག་སློག་རྒྱུ་ཡིན་ཞེས་ངར་སྐད་བསྒྲགས། ཕྱི་ཟླ་༤་པའི་ཚེས་༡༦་ཉིན་ཨ་རིའི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་བཞིས་ཨི་སི་རལ་གྱིས་ཨི་རན་ལ་རྒོལ་ལན་ཚད་ངེས་ཅན་ཞིག་སློག་ཤས་ཆེ། དཔེར་ན་ཨི་རན་གྱི་དམག་སྒར་ཁག་ཅིག་དང་ལེ་བྷ་ནན་གྱི་ལྷོ་ཕྱོགས་སུ་ཡོད་པའི་ཧི་ཛི་བྷུ་ལཱ་ཤོག་ཁག་སོགས་ཨི་རན་གྱིས་རྒྱལ་སྐྱོར་བྱེད་བཞིན་པའི་ཕྱི་ལོགས་ཀྱི་སྒྲིག་འཛུགས་ཁག་ལ་གཏོར་རྒོལ་འཕོག་སྲིད། ཨི་སི་རལ་གྱིས་ཨི་རན་ལ་རྒོལ་ལན་ཇི་ལྟར་སློག་རྒྱུ་ཡིན་མིན་དང་དུས་ནམ་ཞིག་རྒོལ་ལན་སློག་རྒྱུ་ཡིན་མིན་གྱི་ཐ་མའི་ཐག་གཅོད་རྣམས་ཨ་མི་རི་ཀས་ཤེས་ཀྱི་མེད་ཅེས་བཀྲལ།།

ཨི་རན་གྱིས་མེ་ཤུགས་འཕུར་མདའ་ཨི་ཟི་རེལ་ལ་རྒོལ་རྡུང་བྱས་རྗེས་ཨི་རན་གྱིས་དགའ་སྟོན་བྱེད་བཞིན་ཡོད།
ཨི་རན་གྱིས་མེ་ཤུགས་འཕུར་མདའ་ཨི་ཟི་རེལ་ལ་རྒོལ་རྡུང་བྱས་རྗེས་ཨི་རན་གྱིས་དགའ་སྟོན་བྱེད་བཞིན་ཡོད།

ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཨི་སི་རལ་ལ་དམག་འཁྲུག་རྒྱ་ཆེ་རུ་གཏོང་མི་ཉན་ཞེས་ནན་བརྗོད་བྱས་པར་མ་ཟད། ཨི་རན་གྱིས་རྒོལ་རྡུང་དེས་ཨི་སི་རལ་གྱི་མི་ལ་བསད་རྨས་སམ། ཡང་ན་ཁང་པ་སོགས་ལ་གཏོར་བཤིག་ཚབས་ཆེན་ཕོག་མེད་པས་ཨི་སི་རལ་གྱིས་ཨི་རན་ལ་ཐད་ཀར་དམག་འཁྲུག་རྒྱ་དཀའ། ཨི་སི་རལ་གྱིས་ཨི་རན་ལ་རྒོལ་ལན་སློག་ན་ཨ་མི་རི་ཀ་འཐབ་འཁྲུག་དེར་མཉམ་ཞུགས་བྱ་རྒྱུ་མིན། ཨི་སི་རལ་གྱིས་ཨི་རན་ལ་རྒོལ་ལན་མ་བསློགས་གོང་དུ་ཨ་མི་རི་ཀར་གནས་ཚུལ་ཚང་མ་ནང་མོལ་བྱ་རྒྱུའ་རེ་བ་ཡོད་ཅེས་སྨྲས། ཁ་སྔོན་གཟའ་སྤེན་པའི་མཚན་མོར་ཨི་སི་རལ་ལ་རྒོལ་རྡུང་ཕོག་མ་ཐག་ཏུ་སྲིད་འཛིན་བྷ་ཌན་ནས་ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུར་ཁ་པར་བཏང་སྟེ་ཕྱོགས་གཉིས་ཀྱི་བདེ་འཇགས་སྲུང་སྐྱོབ་འབྲེལ་བར་འགྱུར་བ་མེད། ཨི་སི་རལ་གྱིས་ཨི་རན་ལ་རྒོལ་ལན་སློག་ན་ཨ་མི་རི་ཀ་འཐབ་འཁྲུག་དེར་མཉམ་ཞུགས་བྱ་རྒྱུ་མིན་ཞེས་གསལ་པོར་བཤད་ཡོད་པའི་གནས་ཚུལ་ཐོན་འདུག

༡༩༧༩་ལོར་ཨི་རན་ལ་ཁ་ཆེའི་གསར་བརྗེ་ལངས་ནས་བཟུང་། བདུན་ཕྲག་སྔོན་མའི་གཟའ་སྤེན་པའི་མཚན་མོར་ཨི་རན་གྱིས་འཕུར་གྲུ་དང་འཕུར་མདེལ་འཕངས་ནས་ཨི་སི་རལ་ལ་རྒོལ་རྡུང་བྱས་པ་ནི་རྒྱལ་ཁབ་དེས་ཐད་ཀར་ཨི་སི་རལ་ལ་གཏོར་རྒོལ་བྱས་པ་ཐེངས་དང་པོ་ཡིན་ཞིང་། ཨི་རན་གྱི་འཕུར་གྲུ་དང་འཕུར་མདེལ་བརྒྱ་ཆ་༩༩་ལྷག་བར་སྣང་དུ་གཏོར་ཏེ་ཨི་སི་རལ་གྱི་ས་ཐོག་ཏུ་འབབ་ཐུབ་མེད་ཅིང་། བདུན་ཕྲག་གཉིས་ཀྱི་སྔོན་དེར་སི་རི་ཡའི་རྒྱལ་ས་ཌ་མ་སི་ཀར་བཅའ་སྡོད་ཨི་རན་གྱི་གཞུང་ཚབ་ཁང་ལ་འཕུར་མདེལ་གྱི་གཏོར་རྒོལ་ཕོག་སྟེ་ཨི་རན་གྱི་དམག་སྤྱི་༢་བསད། ཨི་རན་གྱིས་རང་གི་གཞུང་ཚབ་ཁང་ལ་རྒོལ་རྡུང་བྱེད་མཁན་ཨི་སི་རལ་རེད་ཅེས་ནག་ཉེས་བཙུགས་ནས་རྒོལ་ལན་བསློགས། ཨི་སི་རལ་གྱིས་སི་རི་ཡར་བཅའ་སྡོད་ཨི་རན་གྱི་གཞུང་ཚབ་ཁང་ལ་རྒོལ་རྡུང་བྱས་དང་མ་བྱས་ཀྱི་འགྲེལ་བཤད་གང་ཡང་བརྒྱབ་མེད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་གསར་འགོད་དྲུང་ཆེ་དམག་སྤྱི་པེ་ཊི་རེ་ཌར་
ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་གསར་འགོད་དྲུང་ཆེ་དམག་སྤྱི་པེ་ཊི་རེ་ཌར་

ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་གསར་འགོད་དྲུང་ཆེ་དམག་སྤྱི་པེ་ཊི་རེ་ཌར་གྱིས་དཀྱིལ་ཤར་ས་ཁུལ་དུ་འགྲེམ་འཇོག་བྱས་ཡོད་པའི་ཨ་རིའི་གནམ་དམག་དང་དཀྱིལ་ཐིག་རྒྱ་མཚོའི་ནང་དུ་འགྲེམ་འཇོག་བྱས་ཡོད་པའི་ཨ་རིའི་མཚོ་དམག་གིས་ཨི་རན་གྱི་འཕུར་མདེལ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་རྣམས་བར་སྣང་དུ་གཏོར་བ་ཡིན། ཨ་མི་རི་ཀས་དཀྱིལ་ཤར་ས་ཁུལ་དུ་འཐབ་འཛིང་གནམ་གྲུའི་རུ་ཁག་འགའ་ཞིག་ཁ་སྣོན་བཏང་ཟིན་ཞེས་བཤད་ཀྱང་ཨ་རིའི་འཐབ་འཛིང་གནམ་གྲུ་དེ་རྣམས་རྒྱལ་ཁབ་གང་དུ་འགྲེམ་འཇོག་བྱས་ཡོད་མེད་གསལ་བཀྲོལ་མ་བྱུང་། ཁོང་གིས་ཨི་རན་ལ་རྒོལ་ལན་སློག་རྒྱུ་ཡིན་མིན་ནི་ཨི་སི་རལ་གྱིས་ཐག་གཅོད་བྱ་དགོས། ཡིན་ནའང་ང་ཚོར་ཨི་སི་རལ་དང་ཨི་རན་གྱི་འཁྲུག་རྩོད་དེ་དཀྱིལ་ཤར་ས་ཁུལ་གྱི་དམག་འཁྲུག་ཅིག་ལ་འགྱུར་དུ་འཇུག་འདོད་མེད། ཨ་མི་རི་ཀས་དཀྱིལ་ཤར་ས་ཁུལ་དུ་འགྲེམ་འཇོག་བྱས་ཡོད་པའི་ཨ་རིའི་དམག་དཔུང་ལ་དགོས་ངེས་ཀྱི་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག

ཕྱི་ཟླ་༤་པའི་ཚེས་༡༥་ཉིན་ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སོ་ཌི་ཨ་རེ་བྷི་ཡ་དང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ། ཨི་ཇེབ་སོགས་ཏ་ཟིག་མཚོ་ཁག་གི་ཁ་ཆེ་རྒྱལ་ཁབ་འགའ་ཞིག་གིས་ཨི་སི་རལ་ལ་གསང་བའི་གནས་ཚུལ་སྤྲད། ཨི་རན་གྱིས་རྒོལ་རྡུང་བྱ་འཆར་འདུག་ཅེས་ཉེན་བརྡ་བཏང་ནས་འཕུར་མདེལ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་དེ་རྣམས་བར་སྣང་དུ་གཏོར་རྒྱུའི་གྲ་སྒྲིག་བྱེད་ལོང་བྱུང་ཡོད་པ་རེད། ཨ་མི་རི་ཀས་ལོ་མང་སྔོན་ནས་ཨི་རན་གྱི་ཉེན་ཁ་འགོག་པར་ཏ་ཟིག་མཚོ་ཁུག་གི་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་དངོས་གཞི་མ་ཡིན་པའི་དམག་དོན་ཟླ་གྲོགས་མཐུན་ཚོགས་ལྟ་བུ་ཞིག་བཙུགས། འཇོར་ཌན་གྱི་མཁའ་དབྱིངས་བརྒྱུད་ནས་ཨི་རན་གྱི་འཕུར་མདེལ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་རྣམས་ཨི་སི་རལ་གྱི་ཕྱོགས་སུ་འཕངས། ཨི་རན་གྱི་འཕུར་མདེལ་སོགས་བར་སྣང་དུ་གཏོར་བར་འཇོར་ཌན་མཉམས་ཞུགས་བྱས་པ་ཡོངས་གྲགས་སུ་གྱུར། འཇོར་ཌན་གྱིས་ཆེས་ཐོག་མར་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས་མེད་པའི་ཨ་རབ་རྒྱལ་ཁབ་ཁག་གིས་ཀྱང་རྒྱབ་སྐྱོར་ཇི་ལྟར་བྱས་མིན་ཞིབ་ཕྲ་ཞིག་ཕྱིར་བསྒྲགས་བྱས་འདུག

ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ཨི་རན་གྱི་འཕུར་མདེལ་དང་འཕུར་གྲུ་བརྒྱ་༩༩་ལྷག་བར་སྣང་དུ་གཏོར་ཐུབ་ཡོད་པ་ནི་ཨ་རབ་རྒྱལ་ཁབ་ཁག་གིས་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པ་དང་དེ་དག་གི་མཁའ་དབྱིངས་ནས་ཨི་རན་གྱི་འཕུར་མདེལ་རྣམས་འཚོལ་ཞིབ་ཐུབ་པ། ཨ་རབ་རྒྱལ་ཁབ་ཁག་ཅིག་གི་དམག་དཔུང་ཡང་ཨི་རན་གྱི་འཕུར་མདེལ་རྩ་གཏོར་ལ་མཉམ་ཞུགས་ཧུར་པོ་བྱས་སོང་། འཇོག་ཌན་གཅིག་པུ་འགོག་རྒོལ་དེར་མཉམ་ཞུགས་བྱས་པ་མ་རེད། ཐོག་མར་ཨ་རབ་རྒྱལ་ཁབ་ཁག་གིས་ཐེ་ཚོམ་འཛིན་པ་དང་ཨི་སི་རལ་ལ་རྒྱབ་སྐྱོར་བྱས་ན་ཨི་རན་གྱིས་རྒོལ་ལན་སློག་རྒྱུར་སྐྲག་གི་འདུག ཨ་རབ་རྒྱལ་ཁབ་འགའ་ཤས་ཀྱིས་ཨི་སི་རལ་ལ་རྒྱབ་སྐྱོར་བྱས་ན་གྷ་ཟའི་དམག་འཁྲུག་ནང་དུ་པ་ལི་སི་ཐན་གྱི་མི་དམངས་དཀྱུས་མ་རྣམས་བསད་རྨས་འབྱུང་གི་ཡོད་པར་རྒྱབ་སྐྱོར་བྱས་པ་དང་གཅིག་མཚུངས་སུ་འགྱུར་རྒྱུ་རེད་ཅེས་དོགས་མ་བདེ་པ་ཞིག་བྱེད་ཀྱི་འདུག་ཟེར། ཨ་རིའི་གཞུང་གིས་ཨི་སི་རལ་ལ་རྒྱབ་སྐྱོར་བྱེད་མཁན་ཨ་རབ་རྒྱལ་ཁབ་དེ་དག་གང་གང་ཡིན་མིན་གསལ་པོར་བཤད་མེད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG