ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་ལ་འཐབ་རྒོལ་བྱ་དགོས་པའི་ནན་སྐུལ། 


འཇར་མན་ཎིའི་ཡུ་རོབ་བློན་ཆེན་མེ་ཁེལ་རོ་ཐེ།
འཇར་མན་ཎིའི་ཡུ་རོབ་བློན་ཆེན་མེ་ཁེལ་རོ་ཐེ།

༄༅།། འཇར་མན་ཎིའི་ཡུ་རོབ་བློན་ཆེན་མེ་ཁེལ་རོ་ཐེས་རྒྱ་ནག་གིས་ཧོང་ཀོང་ལ་བཙན་དྲག་གི་སྲིད་ཇུས་ཤིག་ལག་ལེན་བསྟར་པའི་རྗེས་སུ་རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་གྱི་འབྲེལ་བ་ནི་སྔར་རྒྱུན་བཞིན་རང་སོར་གནས་ཐབས་བྲལ། ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་༢༧་གྱིས་སྐྲག་སྣང་མེད་པར་རྒྱ་ནག་ལ་འཐབ་རྒོལ་བྱ་དགོས། རྒྱ་ནག་གིས་ཡུ་རོབ་མཉམ་འབྲེལ་ཁ་གཏོར་བཏང་ནས་དབང་སྒྱུར་བྱ་ཐབས་ཀྱི་ངན་ཇུས་ལ་འགོག་རྒོལ་བྱ་དགོས། ཡུ་རོབ་མཉམ་འབྲེལ་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གིས་བཟོས་པའི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་ལ་བརྟེན་དྲགས་ཡོད་པར་བསྐྱར་ཞིབ་བྱ་དགོས། ང་ཚོས་སྔོན་ལ་ངེས་པར་དུ་ཡུ་རོབ་མཉམ་འབྲེལ་གྱིས་ཚོགས་འཐུས་རྒྱལ་ཁབ་ཁག་ལ་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་གི་ལག་རྩལ་ཡོད་པར་བསམ་བློ་གཏོང་དགོས་ཞེས་ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དེར་སྐྱོན་བརྗོད་དང་རྒྱ་ནག་གཞུང་གིས་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བྱེ་བྲག་སོ་སོར་ཐད་ཀར་གྲོས་མོལ་བྱས་ནས་མཉམ་འབྲེལ་སྒྲིག་འཛུགས་དེའི་སྟོབས་ཤུགས་གཅོག་ཀྱི་ཡོད་པར་འཐབ་རྒོལ་བྱ་རྒྱུའི་བརྡ་ཞིག་བཏང་ཞིང་། དེང་སྐབས་ཡུ་རོབ་ཀྱི་དཔལ་འབྱོར་སྟོབས་ཤུགས་ཨང་དང་པོ་འཇར་མན་ཎིའི་གཞུང་གིས་རྒྱ་ནག་ལ་འབྲེལ་བ་བཟང་པོ་ཞིག་བཟུང་ཡོད་པར་ཡི་རངས་མ་བྱུང་བའི་རྣམ་འགྱུར་བསྟན། མེ་ཁེལ་རོ་ཐེ་ནི་འཇར་མན་ཎིའི་ཕྱི་སྲིད་བློན་ཆེན་གྱི་འཕྲོ་ནས་རྒྱལ་ཁབ་དེའི་ཕྱི་སྲིད་ལས་སྣེ་ཨང་གཉིས་པ་དེ་ཡིན་འདུག

འཇར་མན་ཎིའི་ཡུ་རོབ་བློན་ཆེན་མེ་ཁེལ་རོ་ཐེའི་རྒྱ་ནག་གི་ཆབ་སྲིད་ཀྱི་སྒྲོམ་གཞི་ནི་མི་གཅིག་དབང་འཛིན་གྱི་ལམ་ལུགས་ཤིག་རེད། རྒྱ་ནག་གི་ཆབ་སྲིད་ཀྱི་སྒྲོམ་གཞི་དེ་ཉིད་ཡུ་རོབ་མཉམ་འབྲེལ་གྱི་རང་དབང་དང་དམངས་གཙོའི་ལྟ་གྲུབ་གཞི་རྩར་འཛིན་པའི་ཆབ་སྲིད་ཀྱི་སྒྲོམ་གཞི་དེར་རྒྱབ་འགལ་ཡིན་པས་དེ་ལ་ཁ་གཏད་གཅོག་དགོས། མི་གཅིག་དང་སྲིད་དོན་ཚོགས་པ་གཅིག་གིས་དབང་སྒྱུར་བྱེད་པའི་རྒྱལ་ཁབ་དེས་ཡུ་རོབ་མཉམ་འབྲེལ་གྱི་ནང་ཁུལ་དུ་དཀྲུག་ཤིང་བརྒྱབ་ནས་སྟོབས་ཤུགས་གཅོག་གི་ཡོད་ཀྱང་དེ་ལ་ནུས་པ་འཐོན་དཀའ། གལ་སྲིད་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་རང་མགོ་གང་ཐོན་བྱས་ནས་རྒྱ་ནག་ལ་ཚོང་འབྲེལ་བཙུགས་ཏེ་ཡུ་རོབ་མཉམ་འབྲེལ་གྱིས་འགྲོ་བ་མིའི་ཐོབ་ཐང་གི་སྲིད་ཇུས་བློས་བཏང་ཚེ། ཡུ་རོབ་མཉམ་འབྲེལ་གྱི་སྒྲིག་འཛུགས་འདི་གཏད་སོ་མེད་པ་ཞིག་ལ་འགྱུར་རྒྱུ་རེད་ཅེས་གཏམ་བཤད་བྱས་ཡོད་པས་པེ་ཅིང་ལ་ཕོག་ཐུག་འགྲོ་རྒྱུ་ཡིན་པ་ཉག་ཅིག་ཡིན་ཞིང་། འཇར་མན་ཎིའི་ཡུ་རོབ་བློན་ཆེན་གྱིས་རང་གི་ཚོགས་འཐུས་རྒྱལ་ཁབ་གང་གང་གིས་རང་མགོ་ཐོན་ཐབས་བྱས་ནས་རྒྱ་ནག་ལ་ཚོང་འབྲེལ་བཙུགས་ཏེ་རྩ་དོན་བློས་གཏོང་གི་ཡོད་མེད་མིང་འདོན་དངོས་སུ་བྱས་མེད་ཀྱང་གྷེ་རི་སི་དང་ཧང་གྷ་རི་གཉིས་ལ་གོ་དགོས་པ་ཧ་ཅང་གསལ་པོ་རེད། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་དོན་རྒྱ་སྐྱེད་གཏོང་གི་ཡོད་པར་ཡུ་རོབ་མཉམ་འབྲེལ་གྱིས་སྐྱོན་བརྗོད་དྲག་པོ་བྱ་འཆར་ཡོད་ཀྱང་གྷེ་རི་སིའི་གཞུང་གིས་བཀག ཧང་གྷ་རིའི་གཞུང་གིས་ཀྱང་ཡུ་རོབ་མཉམ་འབྲེལ་གྱིས་ཧོང་ཀོང་གི་དོན་དུ་རྒྱ་ནག་ལ་སྐྱོན་བརྗོད་དང་ངོ་རྒོལ་དྲག་པོ་མ་བྱས་ན་ལེགས་ཞེས་ཡུ་རོབ་མཉམ་འབྲེལ་ལ་སྐྱོན་བརྗོད་དྲག་པོ་བྱེད་དུ་བཅུག་མེད་པ་རེད།།
ཉམས་ཞིབ་པ་ཚོས་འཇར་མན་ཎི་དང་རྒྱ་ནག་གི་འབྲེལ་བ་འཛིན་ཕྱོགས་ཀྱི་ལས་དོན་དེའི་གཙོ་འགན་ཁུར་མཁན་ནི་ཕྱི་སྲིད་བློན་ཆེན་ཡིན་མོད། འོན་ཀྱང་འཇར་མན་ཎིའི་ཡུ་རོབ་བློན་ཆེན་གྱིས་རང་ཡུལ་དུ་དཔར་འགྲེམ་བྱེད་ཀྱི་ཡོད་པའི་གསར་དེབ་ཅིག་གི་གསར་འགོད་པར་རྒྱ་ནག་དམིགས་སུ་བཟུང་ནས་གཏམ་བཤད་དེ་ལྟར་བྱས་དོན་ཅི་ཞིག་ཡིན་ནམ། འཇར་མན་ཎིའི་སྲིད་བློན་ཨན་གྷི་ལ་མར་ཁེལ་གྱིས་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་བཙུགས་ཏེ་ཨ་མི་རི་ཀ་དང་ལངས་ཕྱོགས་གཅིག་གྱུར་བྱེད་ཀྱི་མེད་པ། ཨ་མི་རི་ཀས་འཇར་མན་ཎིའི་སྲུང་སྐྱོབ་དོན་དུ་དམག་དཔུང་ཁྲི་ཚོ་མང་པོ་འགྲེམ་འཇོག་བྱེད་ཡོད་པ་དེའི་ཁོངས་ནས་དམག་མི་༡༥༠༠༠་འཕྲལ་དུ་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་བྱས་ཏེ་ཨ་མི་རི་ཀ་དང་འཇར་མན་ཎིའི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པར་འབྲེལ་བ་ཡོད་མེད། ཨ་རི་དང་དབྱིན་ཇི། ཆེཀ་སྤྱི་མཐུན་རྒྱལ་ཁབ་དང་ཕཱོ་ལན་ཌི། ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌི། ཉི་ཧོང་དང་ཐེ་ཝན་སོགས་དམངས་གཙོའི་རྒྱལ་ཁབ་ཁག་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་འགོག་གི་ཡོད་ཀྱང་འཇར་མན་ཎིས་འགོག་གི་མེད་ཅིང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་མི་རི་ཀ་དང་རང་གི་མཐུན་གྲོགས་གཙོ་བོ་འཇར་མན་ཎི་གཉིས་ཀྱི་འབྲེལ་བ་ཧ་ཅང་སྡུག་ཏུ་སོང་འདུག རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་གཏན་འབེབས་བྱས་པའི་རྗེས་སུ་ཡུ་རོབ་མཉམ་འབྲེལ་གྱིས་ཧོང་ཀོང་གི་ཉེན་རྟོག་པར་མཁོ་བའི་བདེ་འཇགས་སྲུང་སྐྱོབ་ཀྱི་མཚོན་ཆ་བཙོང་མི་ཆོག་པའི་ཐག་གཅོད་བྱས་པར་མ་ཟད། འཇར་མན་ཎི་དང་ཧོང་ཀོང་གཉིས་ཀྱིས་ཁྲིམས་བྱོལ་བ་རྣམས་ཕར་ཚུར་རྩིས་སྤྲོད་ཀྱི་གྲོས་མཐུན་ཞིག་བཞག་ཡོད་པའང་ལག་ལེན་བསྟར་རྒྱུ་ངང་འཐེན་བྱ་དགོས་པའི་ཐག་གཅོད་བྱས་འདུག
འཇར་མན་ཎིའི་ཡུ་རོབ་བློན་ཆེན་གྱིས་ང་ཚོས་ཐག་གཅོད་འདི་འདྲ་ཞིག་བྱས་པ་ནི་རྒྱ་ནག་གིས་ཧོང་ཀོང་ལ་བཙན་དྲག་གི་ཁྲིམས་ཤིག་ལག་ལེན་བསྟར་འགོ་ཚུགས་པའི་རྗེས་སུ་ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་གི་འབྲེལ་བ་སྔར་བཞིན་སོར་གནས་མི་ཐུབ་པ་གསལ་སྟོན་བྱས་པ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་སུ་རྒྱ་ནག་ཡིད་རྟོན་རུང་བའི་ཟླ་གྲོགས་ཤིག་མིན་པའང་ར་འཕྲོད་པ་རེད། ཡུ་རོབ་མཉམ་འབྲེལ་དང་རྒྱ་ནག་གཉིས་ཀྱིས་ལོ་༧་ལ་མ་རྩ་འཛུགས་འཇོག་གི་གྲོས་མོལ་བྱས་པར་འཕྲལ་དུ་འབྲས་བུ་ཞིག་སྨིན་དགོས་ཀྱི་འདུག ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་ལ་གཅིག་གྱུར་གྱི་སྲིད་ཇུས་ཤིག་འཛིན་རྒྱུ་འཕྱི་དྲགས་མེད་ན་སྔ་དྲགས་མེད། ད་ལྟ་འཇར་མན་ཎིས་ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་འགན་ཁུར་ལེན་པའི་རེས་མོས་ཡིན་པས་རྒྱ་ནག་ལ་གཅིག་གྱུར་གྱི་སྲིད་ཇུས་ཤིག་འཛིན་རྒྱུ་གཙིགས་སུ་བཟུང་ཡོད། འདི་ནི་ང་ཚོས་ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ལས་འགན་ཁུར་པའི་རིང་དེར་ངེས་པར་དུ་བསྒྲུབ་དགོས་པའི་དམིགས་བསལ་གྱི་འགན་འཁྲི་ཞིག་ལ་རྩི་བཞིན་ཡོད། ཡུ་རོབ་མཉམ་འབྲེལ་གྱིས་འགྲོ་བ་མིའི་ཐོབ་ཐང་དང་བདེ་འཇགས། འཕྲུལ་རིག་སོགས་ཀྱི་རྩ་དོན་ཁག་གི་ཐོག་ཏུ་རྒྱ་ནག་ལ་འཐབ་རྒོལ་བྱ་རྒྱུ་དེར་སྐྲག་སྣང་དང་འཛེམ་ཟོན་མེད་པ། ང་ཚོས་རྒྱ་ནག་ལ་འབྲེལ་བ་འཛིན་པའི་སྐབས་སུ་རང་གི་ཁེ་ཕན་རྣམས་གོ་ནོར་ཐེབས་ས་མེད་པ་དང་མངོན་ལྐོག་མེད་པ་ཞིག་བཤད་ཕོད་དགོས། ཡུ་རོབ་མཉམ་འབྲེལ་གྱིས་ཐུན་མོང་གི་དཀའ་ངལ་སེལ་པར་མཉམ་འབྲེལ་གྱི་འདུ་ཤེས་ནུས་ཤུགས་ལྡན་པ་ཞིག་བསྐྱེད་དགོས་ཞེས་ནན་བརྗོད་བྱས་འདུག
ད་ལོ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་སུ་ཏོག་དབྱིབས་རིམས་ནད་ཁྱབ་ནས་བཟུང་། ཡུ་རོབ་རྒྱལ་ཁབ་ཁག་ཏུ་མི་༢༠༠༠༠༠་ལྷག་ལ་འཆི་སྐྱོན་བྱུང་བས་རྒྱལ་ཁབ་༢༧་ཀྱི་མཉམ་འབྲེལ་སྒྲིག་འཛུགས་དེས་རྒྱ་ནག་གི་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་བཟུང་ཞིང་། རྒྱ་ནག་གི་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་ལ་མ་རྩ་འཛུགས་རྒྱུའི་ཁས་ལེན་བྱས་པ་རྣམས་དོན་འཁྱོལ་ཡོང་གི་མེད་པ། འཇར་མན་ཎིའི་ནང་ཁུལ་གྱི་སྲིད་དོན་ཚོགས་པ་ཁག་གིས་སྲིད་བློན་ཨན་གྷི་ལ་མར་ཁེལ་གྱི་སྲིད་གཞུང་གིས་རྒྱ་ནག་ལ་བཟོད་པོ་བྱས་ནས་ཕོག་ཐུག་གཏོང་གི་མེད་པར་སྐྱོན་བརྗོད། ཐ་ན་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འཐུས་རྒྱལ་ཁབ་མིན་པའི་སུད་ཛར་ལན་ཌིའི་གཞུང་གིས་ཀྱང་རྒྱ་ནག་གི་བཙན་དྲག་སྲིད་ཇུས་ལ་སྐྱོན་བརྗོད་བྱས་ཡོད་པ་སྟེ། སུད་སིའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་ནི་ལམ་ཕྱོགས་ནོར་པ་ཞིག་ལ་འཕྱན་གྱི་འདུག གལ་སྲིད་རྒྱ་ནག་ལམ་ཕྱོགས་གསར་པ་དེར་མདུན་སྐྱོད་བྱེད་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དེ་ལ་སེམས་ཐག་ཆོད་པོས་ལན་པ་སློག་སྲིད། རྒྱ་ནག་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཚམས་འཇོག་བྱེད་ན་མངའ་ཁུལ་དེར་མ་རྩ་བཙུགས་ཡོད་པའི་སུད་སིའི་བཟོ་ཚོང་ལས་ཁང་མང་དག་ཅིག་ལ་ཤུགས་རྐྱེན་ཐེབས་ཀྱི་རེད། སུ་ཛིར་ལན་ཌི་དང་རྒྱ་ནག་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་༧༠་ཕྱིན་པ་དེའི་རིང་དུ་འབྲེལ་བ་ཡག་པོ་བྱུང་ཡོད། འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་སྐྱོང་ལམ་ལུགས་ནི་རྟག་ཏུ་སུད་རྒྱ་གཉིས་ཀྱི་གྲོས་མོལ་རིམ་པའི་གྲུབ་ཆ་ཆེན་པོ་ཞིག་ཡིན། ད་ལྟ་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་སྐྱོང་ལམ་ལུགས་ལ་རྡོག་བརྫིས་གཏོང་རྒྱུ་ཇེ་སྡུག་རེད། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཐབས་རྡུགས་རེད་ཅེས་གླེང་བའི་སྐད་ཆ་དེ་ཚོ་བདེན་པ་ཡིན་པ་ར་འཕྲོད་སོང་། ང་ཚོས་ཐོབ་ཐང་དེ་ཚོར་སྲུང་སྐྱོབ་བྱ་དགོས་ཞེས་གསར་དེབ་ཅིག་གི་གསར་འགོད་པར་གླེང་མོལ་བྱས་འདུག
ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་དང་བདེ་འཇགས་ལས་དོན་གྱི་མཐོ་རིམ་སྐུ་ཚབ་ཇཱོ་སེབ་བྷོ་རེལ་གྱིས་ཀྱང་འཇར་མན་ཎིའི་གསར་དེབ་གཅིག་གི་གསར་འགོད་པ་དང་རང་གི་དྲྭ་ཚིགས་གཉིས་སུ་ཏོག་དབྱིབས་རིམས་ནད་ཀྱིས་རྒྱ་ནག་ལ་བཙན་དྲག་བཀོལ་ཐུབ་པའི་གོ་སྐབས་ཤིག་བསྐྲུན་སོང་། རྒྱ་ནག་གིས་རྒྱ་གར་དང་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཐུབ་ཚོད་བྱ་རྒྱུ་དང་དྲག་རྩུབ་བཀོལ་རྒྱུ་ཇེ་སྡུག་རེད། ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པ་ཞིག་ལག་ལེན་བསྟར་ནས་མངའ་ཁུལ་དེའི་རང་སྐྱོང་གི་ཐོབ་ཐང་མེད་པར་བཏང་སོང་། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གཉིས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱ་ནག་ལ་གཅིག་གྱུར་གྱི་སྲིད་ཇུས་ཤིག་འཛིན་དགོས་ཀྱིན་འདུག ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་གཉིས་ཀྱིས་རྒྱ་གར་དང་ཉི་ཧོང་། ལྷོ་ཀོ་རི་ཡ་དང་ཨོ་གླིང་རྒྱལ་ཁབ། ནེའུ་ཛི་ལན་ཌི་དང་ཁེ་ན་ཌ་སོགས་དམངས་གཙོའི་རྒྱལ་ཁབ་ཁག་ལ་སྣེ་ཁྲིད་ནས་རྒྱ་ནག་ལ་ཁ་གཏད་གཅོག་དགོས། ཡུ་རོབ་མཉམ་འབྲེལ་གྱིས་ཧོང་ཀོང་བ་ཚོར་ཐོངས་མཆན་སྤྲོད་རྒྱུ་དང་རྒྱ་ནག་ལ་སློབ་ཕྲུག་གཏོང་ལེན་གྱི་འབྲེལ་བ་མཚམས་འཇོག ཧོང་ཀོང་ས་གནས་གཞུང་ལ་མཆི་འབྱིན་དུག་རླངས་ཕྱིར་ཚོང་བཀག་སྡོམ་བྱ་དགོས་པའི་བསམ་ཞིབ་བྱེད་བཞིན་ཡོད། མཐར་གཏུགས་ན་ང་ཚོས་རྒྱ་ནག་ལ་འཐབ་རྒོལ་བྱ་དགོས་ཟེར་གྱི་ཡོད་པ་ནི་དམངས་གཙོའི་ལམ་ནས་འོས་འདེམས་བྱས་ནས་སྲིད་དབང་སུས་འཛིན་དགོས་པ་ཐག་གཅོད་བྱེད་པའི་ལམ་ལུགས་ཤིག་དར་ཡོད་པ་འདི་དང་། རྒྱ་ནག་གི་མི་གཅིག་དབང་འཛིན་དང་སྲིད་དོན་ཚོགས་པ་གཅིག་གིས་སྲིད་དབང་འཛིན་པའི་གཅིག་སྡུད་ཀྱི་ལམ་ལུགས་ཤིག་དར་ཡོད་པ་གཉིས་ཀྱི་འགལ་ཟླ། ལམ་གཉིས་དེ་དག་གི་གང་གདམ་དགོས་མིན་གྱི་འཐབ་རྩོད་ཅིག་ལ་ཐུག་འདུག་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG