ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

འཇར་མན་ཎིས་འཕུར་མདེལ་གྱི་གསང་གྲོས་སིངྒེ་པུར་དུ་ཕྱི་རུ་ཁྱབ་འདུག་ཟེར།


འཇར་མན་ཎིའི་ཊོ་ར་སི་འཕུར་མདེལ།
འཇར་མན་ཎིའི་ཊོ་ར་སི་འཕུར་མདེལ།

༄༅།། ཉེ་ཆར་འཇར་མན་ཎིའི་དམག་དཔོན་ཚོས་ཡུཀ་རེན་ལ་ཊོ་ར་སི་འཕུར་མདེལ་སྤྲད་ནས་ཁར་ཆི་ཟམ་གཏོར་དུ་འཇུག་དགོས་པའི་གསང་བའི་གྲོས་མོལ་བྱས་པ་ཕྱི་རུ་འཁྱར། ཨུ་རུ་སུའི་གཞུང་གིས་འཇར་མན་ཎིའི་དམག་དཔོན་ཚོས་གསང་བའི་གྲོས་མོལ་བྱེད་བཞིན་པའི་སྒྲ་སྐད་ཆ་ཚང་དྲྭ་ལམ་དུ་བཀྲམ། འདས་པའི་ཉིན་ཤས་རིང་འཇར་མན་གཞུང་གིས་དམག་དཔོན་ཚོའི་གསང་བའི་གྲོས་མོལ་དེ་ཇི་ལྟར་ཕྱི་རུ་གྱར་མིན་ཐད་འགྲེལ་བཤད་སྣ་ཚོགས་ཤིག་བརྒྱབ། ཕྱི་ཟླ་༣་པའི་ཚེས་༡༡་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འཇར་མན་ཎིའི་དམག་དཔོན་ཞིག་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་ནས་གསང་བའི་གྲོལ་མོལ་དེར་མཉམ་ཞུགས་བྱས་ཤིང་། སིངྒ་པུར་གྱི་མགྲོན་ཁང་གི་དྲྭ་རྒྱ་བརྟན་པོ་མེད་པར་གསང་བའི་གྲོས་མོལ་ཕྱི་རུ་འཁྱར་འདུག ཨུ་རུ་སུའི་དྲྭ་རྐུན་ནམ། ཡང་ན་གསང་ཉུལ་ཚོ་འཇར་མན་གཞུང་གི་དྲྭ་ལམ་དུ་སིམ་འཛུལ་བྱས་ནས་གསང་བ་བརྐུས་འཁྱེར་བྱས་པ་ཞིག་མ་རེད་ཅེས་བཀྲལ།།

འཇར་མན་ཎིའི་ཊོ་ར་སི་འཕུར་མདེལ།
འཇར་མན་ཎིའི་ཊོ་ར་སི་འཕུར་མདེལ།

ཕྱི་ཟླ་༢་པའི་ཚེས་༡༩་ནས་༢༥་བར་དུ་སིངྒ་པུར་གྱི་རྒྱལ་སར་གནམ་གྲུའི་འགྲེམ་སྟོན་ཚུགས། འཇར་མན་ཎིའི་དམག་དཔོན་ཞིག་སིངྒ་པུར་གྱི་གནམ་གྲུའི་འགྲེམ་ལ་ཞུགས་ཏེ་དགོང་མོ་འཕྱི་པོ་བར་དུ་གསོལ་སྟོན་ཐོག་ཏུ་བསྡད་དེ་ཆང་རག་འཐུངས། ཁོ་པ་མཚན་དཀྱིལ་དེར་མགྲོན་ཁང་དུ་ལོག་སྟེ་Webex་བརྙན་ལམ་བརྒྱུད་ནས་གསང་བའི་གྲོས་མོལ་དེའི་ཆ་ཤས་བླངས། ཁོ་པའི་ལག་ཐོགས་ཁ་པར་མགྲོན་ཁང་གི་དྲྭ་རྒྱར་མཐུད་ནས་གསང་བ་ཕྱི་རུ་ཤོར་བའམ། ཡང་ན་ལག་ཐོགས་ཁ་པར་དེའི་འབྲེལ་མཐུད་དྲྭ་རྒྱ་བརྟན་པོ་མེད་པར་གསང་བ་ཕྱི་རུ་ཤོར་བ་འདུག་ཅེས་གསང་བ་ཕྱིར་གྱར་གྱི་ལན་ཁག་སིངྒ་པུར་དུ་བསྐྱོད་པའི་དམག་དཔོན་དེའི་སྟེང་དུ་གཡོགས། འཇར་མན་ཎིའི་རྒྱལ་སྲུང་ལྷན་ཁང་གིས་དམག་དཔོན་གཞན་པ་ཚོས་ལག་ཐོགས་ཁ་པར་དང་གློག་ཀླད་གཉིས་ཀྱི་གང་བཀོལ་སྤྱོད་བྱས་ནས་གསང་བའི་གྲོས་མོལ་དེར་མཉམ་ཞུགས་བྱས་ཡོད་མེད། ཁོ་ཚོའི་ཁ་པར་དང་གློག་ཀླད་གང་རུང་བརྒྱུད་ནས་གསང་བ་ཕྱི་རུ་ཤོར་བ་ཡིན་མིན་སོགས་གསལ་བཀྲོལ་མ་བྱུང་།།

ཁ་སྔོན་ཕྱི་ཟླ་༣་པའི་ཚེས་༤་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཇར་མན་ཎིའི་དམག་དཔོན་བཞིས་རྒྱལ་སྲུང་བློན་ཆེན་ལ་ཐུག་འཕྲད་མ་བྱས་གོང་དུ་དུས་ཡུན་སྐར་མ་༣༨་ལ་གསང་བའི་གྲོས་མོལ་བྱས་ཤིང་། འཇར་མན་ཎིའི་གནམ་དམག་སྤྱི་ཁྱབ་བཀོད་འདོམས་པས་ཡུཀ་རེན་ལ་ཊོ་ར་སི་འཕུར་མདེལ་སྤྲོད་དགོས་ཟེར། དམག་དཔོན་ཞིག་གིས་ང་ཚོས་ཡུཀ་རེན་ལ་ཊོ་ར་སི་འཕུར་མདེལ་སྤྲད་ནས་རྒྱབ་སྐྱོར་བྱས་ན་བཀོལ་སྤྱོད་ཇི་ལྟར་བྱེད་ཐུབ་བམ། ང་ཚོས་དཀའ་ངལ་གཅིག་པུ་མ་གླེང་བར་ཐབས་ལམ་འཚོལ་དགོས། ང་ཚོར་ཐབས་ལམ་ཅི་ཞིག་འདུག་ཅེས་དྲིས། སིངྒ་པུར་ནས་གསང་བའི་གྲོས་མོལ་ལ་ཞུགས་པའི་དམག་དཔོན་དེས་འདི་རུ་བཞའ་ཚན་ཆེན་པོ་འདུག་ཅེས་བཤད་པ་རྣམས་གོ་ཐུབ། འཇར་མན་ཎིའི་དམག་དཔོན་ཚོའི་གསང་བའི་གྲོས་མོལ་དེའི་སྒྲ་སྐད་ཆ་ཚང་ཨུ་རུ་སུའི་RT་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་མར་གྷ་རི་ཡ་སི་མོན་ཡན་གྱིས་ཕྱི་རུ་བསྒྲགས།།

ུ་རུ་སུའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མ་རི་ཡ་ཛ་ཁ་རོ་ཝེས་
ུ་རུ་སུའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མ་རི་ཡ་ཛ་ཁ་རོ་ཝེས་

ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མ་རི་ཡ་ཛ་ཁ་རོ་ཝེས་གསང་གྲོས་དེ་ཐེར་འདོན་མ་བྱས་པ་དང་འཇར་མན་མི་དམངས་ཀྱིས་ངན་ཇུས་དེ་འགོག་མ་ཐུབ་ན་འཇར་མན་ཎིས་མཇུག་འབྲས་ཚབས་ཆེན་ཞིག་མྱོང་དགོས་ཐུག་ངེས་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། འཇར་མན་ཎིའི་ཕྱི་སྲིད་བློན་ཆེན་ཨ་ན་ལི་ན་བྷེར་བྷོག་གིས་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་མེད་ན་རྒྱལ་ཁབ་དེས་རང་སྲུང་གི་དམག་འཁྲུག་རྒྱག་དགོས་དོན་མེད་ཅེས་དགག་པ་བསྐྱོན། འཇར་མན་ཎིའི་དམག་དཔོན་ཚོས་ཡུཀ་རེན་ལ་འཕུར་མདེལ་སྤྲོད་དགོས་མིན་གླེང་སློང་བྱས་པ་ཙམ་ལས་ཐག་གཅོད་ཅི་ཡང་བྱུང་མེད་པར་མ་ཟད། ཨ་རི་དང་ཡུཀ་རེན་སོགས་ཀྱིས་འཇར་མན་ཎིས་མཚོན་ཆ་རོགས་རམ་སྤྲོད་དགོས་པའི་སྐུལ་ལྕག་ལན་མང་བཏང་ཡང་འཇར་མན་གཞུང་གིས་དེ་ལ་ཡ་ལན་མ་སྤྲད། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་འཇར་མན་ཎིས་ཨུ་རུ་སུར་བཙན་འཛུལ་བྱས་པ་སོགས་ལ་བསམ་བློ་གཏོང་དགོས་པར་གྱུར།།

འཇར་མན་ཎིའི་ཕྱི་སྲིད་བློན་ཆེན་ཨ་ན་ལི་ན་བྷེར་བྷོག་
འཇར་མན་ཎིའི་ཕྱི་སྲིད་བློན་ཆེན་ཨ་ན་ལི་ན་བྷེར་བྷོག་

འཇར་མན་ཎི་དང་སུད་ཌེན་གྱིས་མཉམ་དུ་བཟོས་པའི་ཊོ་ར་སི་འཕུར་མདེལ་ནི་རྒྱང་ཁད་སྤྱི་ལེ་༥༠༠་ལ་སྙོབ། ཡུཀ་རེན་ལ་འཕུར་མདེལ་དེ་རག་ན་མཚོ་ནག་མངའ་ཁུལ་གྱི་ཨུ་རུ་སུའི་དམག་གྲུ་དང་དམག་སྒར་ཁག ཕུ་ཊིན་གྱིས་ཨ་སྒོར་དུང་ཕྱུར་༡༨༠་ཐམ་པ་འགྲོ་གྲོན་བཏང་སྟེ་ཨུ་རུ་སུ་ནས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་བར་དུ་འཛུགས་སྐྲུན་བྱས་ཡོད་པའི་ཁར་ཆི་ཟམ་ཆེན་གཏོར། ཨུ་རུ་སུས་དམག་དཔུང་དང་དངོས་ཟོག་སྐྱེལ་འདྲེན་བྱེད་མི་ཐུབ་པར་འགྱུར་རྒྱུ་ཡིན་ཞིང་། ད་སྔ་ཧྥ་རན་སི་དང་དབྱིན་ཇི་གཉིས་ཀྱིས་ཡུཀ་རེན་ལ་དེང་རབས་ཅན་གྱི་འཕུར་མདེལ་སྤྲད་ཀྱང་འཇར་མན་ཎིས་འཕུར་མདེལ་སྤྲོད་རྒྱུར་ཆོག་མཆན་མ་བཀོད། ཨ་མི་རི་ཀའི་འཕྲོ་ནས་ཡུཀ་རེན་ལ་མཚོན་ཆ་དང་དཔལ་འབྱོར་རོགས་རམ་སྤྲོད་མཁན་ཨང་གཉིས་པ་དེ་འཇར་མན་ཎི་ཡིན་མོད། འོན་ཀྱང་སྲིད་བློན་ཨོ་ལཱབ་ཤོལ་ཛིའི་གཞུང་ཡུཀ་རེན་ལ་ཊོ་ར་སི་འཕུར་མདེལ་སྤྲོད་རྒྱུར་མ་འཐད། བདུན་ཕྲག་སྔོན་མར་སྲིད་བློན་ཤོལ་ཛིས་འཕུར་མདེལ་དེ་རྣམས་བཀོལ་སྤྱོད་བྱེད་པར་ཡུལ་དུས་གང་དུ་ཡིན་རུང་འཇར་མན་ཎིའི་དམག་མི་རྣམས་འབྲེལ་བ་ཆགས་མི་ཉན་ཞེས་བསྟན།།

ཨ་རིའི་F-35་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ
ཨ་རིའི་F-35་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ

ཨུ་རུ་སུའི་གསང་ཉུལ་ཚོས་སིངྒ་པུར་དུ་དྲྭ་ལམ་ནས་གསང་བའི་གནས་ཚུལ་བསྡུ་རུབ་བྱེད་ཀྱི་ཡོད་ཚེ། ཁོ་ཚོས་དམིགས་པ་གཏོད་ཡུལ་གཙོ་བོ་ནི་ཨ་མི་རི་ཀ་ཡིན་སྲིད། ཨ་རི་དང་སིངྒ་པུར་གྱི་རྒྱལ་སྲུང་མཉམ་འབྲེལ། ལྷག་པར་དུ་སིངྒ་པུར་གྱི་གནམ་དམག་ལ་ཨ་རིའི་F-35་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོང་རྒྱུའི་ཐག་གཅོད་བྱུང་བའི་གནས་ཚུལ་ཞིབ་ཕྲ་བསྡུ་རུབ་བྱེད་ཀྱི་ཡོད་ཤས་ཆེ། གལ་སྲིད་སིངྒ་པུར་གྱི་ས་ཐོག་ཏུ་འཇར་མན་ཎིའི་དམག་དཔོན་ཚོའི་གསང་བའི་གྲོས་མོལ་ཕྱི་རུ་ཤོར་ཡོད་པ་དང་སིངྒ་པུར་གྱི་དྲྭ་རྒྱ་བརྟན་པོ་མེད་པ་ཡིན་ཚེ། ཨུ་རུ་སུ་གཅིག་པུ་མིན་པར་རྒྱ་ནག་གིས་ཀྱང་གསང་བའི་གནས་ཚུལ་དེ་ཤེས་རྟོགས་བྱུང་ཡོད་ཤས་ཆེ། འཇར་མན་ཎིའི་དམག་དཔོན་ཚོའི་གསང་བའི་གྲོས་མོལ་དེ་འཇར་མན་ཎི་རང་གི་ས་ཐོག་ཏུ་ཕྱི་རུ་འཁྱར་ཡོད་ན་ཨུ་རུ་སུའི་གསང་ཉུལ་ཚོས་ཐད་ཀར་གསང་བའི་གྲོས་མོལ་དེར་ལྐོག་ཉན་བྱས་ནས་ཤེས་རྟོགས་བྱུང་ཡོད་པའི་ཚོད་དཔག་བྱས་འདུག

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། མགྲོན་ཁང་གི་དྲྭ་རྒྱ་ནི་གཏན་ནས་བརྟན་པོ་མེད་པ་དང་ཡུལ་སྐོར་སྤྲོ་འཆམ་པ་ཚོར་མགྲོན་ཁང་གི་དྲྭ་རྒྱར་དོགས་ཟོན་བྱ་དགོས་ཞེས་སྔོན་བརྡ་གཏོང་གི་འདུག མགྲོན་ཁང་གི་དྲྭ་རྒྱ་བརྒྱུད་ནས་ལག་ཐོག་ཁ་པར་ནང་དུ་དྲྭ་འབུ་འཛུལ། མི་དེའི་གསང་བའི་གནས་ཚུལ་རྣམས་བརྐུས་ལ་ཤོར་བ་དང་སྐད་ཆར་ལྐོག་ཉན། རྒྱ་ནག་ཏུ་བསྐྱོད་པའི་ཡུལ་སྐོར་སྤྲོ་འཆམ་པ་ཚོས་དམིགས་བསལ་གྱིས་དོ་སྣང་དགོས། ཁོ་ཚོས་རང་གི་ཁ་པར་ངོ་མ་དེ་མ་འཁྱེར། ཁ་པར་གཞན་པ་ཞིག་འཁྱེར་ནས་བཀོལ་སྤྱོད་བྱས་པའི་རྗེས་སུ་གཡུགས་ཤོག་ཅེས་ལམ་སྟོན་བྱེད་ཀྱི་ཡོད་ཅིང་། དྲྭ་འབུ་ནི་ལག་ཐོགས་ཁ་པར་ཁག་ལ་ཉེན་ཁ་ཆེན་པོ་ཞིག་ཡིན་རུང་ལག་ཐོགས་ཁ་པར་ལ་སྟངས་འཛིན་བྱེད་མཁན་རྒྱལ་ཁབ་ཁག་གིས་ཀྱང་སྐྱེ་བོ་སྒེར་གྱི་ཁ་པར་བརྒྱུད་ནས་ཚོང་ལས་གཉེར་གྱི་ཡོད་པ་དང་སྐད་ཆ་བཤད་ཀྱི་ཡོད་པ་སོགས་ལ་ལྟ་ཉན་བྱེད་ཐུབ། འཛམ་གླིང་རྒྱལ་ཁབ་ཁག་གི་གསང་ཉུལ་ཚོས་མིའི་ལག་ཐོགས་ཁ་པར་ནང་ནས་གསང་བའི་གནས་ཚུལ་བརྐུས་འཁྱེར་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༣་པའི་ཚེས་༨་ཉིན་ཨ་རིའི་པོ་ལི་ཊི་ཀོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཇར་མན་ཎིས་རང་གི་ཁ་ལ་བདག་པོ་རྒྱག་དགོས། ཁ་ལ་བདག་པོ་རྒྱག་མ་ཐུབ་པར་དམག་གྲུ་མཚོ་ནང་དུ་འཐིམས་པ་བརྗེད་མི་ཉན། གསང་གྲོས་ལ་སྣང་ཆུང་བྱས་ན་མིའི་ཚེ་སྲོག་འཆོར་ཞེས་༡༩༤༠་ཐམ་པའི་ལོར་དབྱིན་ཇིས་གསང་བའི་ལས་ཁུངས་ནས་འཇར་མན་ཎིའི་གསང་བ་གོ་ཐོས་བྱུང་སྟེ་མཚོ་དམག་ལ་གཏོར་རྒོལ་བྱས་པ་ཕྱིར་དྲན་བསླངས། འཇར་མན་ཎིས་འཛམ་གླིང་དམག་ཆེན་གཉིས་པའི་དུས་དང་འདྲ་བར་དམག་སྒར་དམག་ཏུ་གསང་རྒྱ་དམ་པོ་བྱ་དགོས་པའི་དྲིལ་བསྒྲགས་ལས་འགུལ་སྤེལ་དགོས་ཞེས་བཀྲལ། འཇར་མན་གྱི་དམག་དཔོན་ཚོས་ཡུཀ་རེན་ལ་འཕུར་མདེལ་སྤྲོད་དགོས་ཞེས་སྲིད་བློན་ཤོལ་ཛི་ལ་སྐུལ་ལྕག་གཏོང་དགོས། ཊོ་ར་སི་འཕུར་མདེལ་གྱིས་ཁར་ཆི་ཟམ་ཆེན་གཏོར་ཐུབ་རྒྱུ་ཡིན་ནམ། གཏོར་རྒོལ་གྱི་འཆར་གཞི་འགོད་དགོས་ན་དབྱིན་ཇི་ལྟར་བྱ་དགོས། དབྱིན་ཇིས་ས་གནས་ས་ཐོག་ཏུ་མི་འགའ་ཤས་གཏོང་གི་ཡོད་ཀྱང་ཧྥ་རན་སིས་གཏོང་གི་མི་འདུག་ཅེས་གསང་བའི་གྲོས་སྡུར་བྱས་པ་རྣམས་ཕྱི་རུ་ཁྱབ་སྟེ་འཇར་མན་ཎི་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་ལྷུང་ངོ་།།

གླེང་སྟེགས།

XS
SM
MD
LG