ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འཇར་མན་གཞུང་གིས་ཧྭ་ཝེ་དང་ཀྲུང་ཞིན་གྱི་ལྷུ་ལག་འགོག་འཆར། 


༄༅།། འཇར་མན་གཞུང་གིས་རྒྱལ་ཁབ་དེའི་འཕྲུལ་རབས་ལྔ་པའི་(5G)བརྡ་འཕྲིན་མ་ལག་ཁོངས་སུ་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞིན་བཟོ་ཚོང་ཁང་གི་འཕྲུལ་ཆས་ཀྱི་ལྷུ་ལག་རྣམས་བཀོལ་སྤྱོད་བྱ་རྒྱུ་འགོག་དགོས་པའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༣་པའི་ཚེས་༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཇར་མན་གཞུང་གིས་རང་གི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞིན་བཟོ་ཚོང་ཁང་གི་བརྡ་འཕྲིན་འཕྲུལ་ཆས་ཀྱི་ལྷུ་ལག་ལ་དོགས་ཟོན་བྱ་རྒྱུ་མགོ་བརྩམས། གཟའ་མིག་དམར་ཉིན་འཇར་མན་ཎིའི་ནང་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱལ་ཁབ་དེའི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་གི་འཕྲུལ་ཆས་ཀྱི་ལྷུ་ལག་མཁོ་ཚོང་བྱེད་མཁན་ཚང་མར་ཞིབ་འཇུག་བྱེད་ཀྱི་ཡོད། ང་ཚོས་བཟོ་ཚོང་ལས་ཁང་བྱེ་བྲག་པ་ཁག་ཅིག་དམིགས་སུ་བཀར་ནས་འགོག་གི་ཡོད་པ་ཞིག་མིན། འཇར་མན་གཞུང་གིས་བཟོ་ཚོང་ལས་ཁུངས་ཐམས་ཅད་ལ་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་ངེས་གཏན་བྱས་འདུག སྲིད་བློན་ཨོ་ལཱབ་ཤོལ་ཛིའི་གཞུང་གིས་འཇར་མན་ཎིའི་བདེ་འཇགས་ལ་ཉེན་ཁ་འབྱུང་བའི་བཟོ་ཚོང་ལས་ཁུངས་ཁག་ལ་གནོན་སྡོམ་བྱེད་ཆོག་པའི་བཅའ་ཁྲིམས་གཏན་ལ་ཕབ། རྒྱ་ནག་དང་འཇར་མན་ཎིའི་ཚོང་འབྲེལ་ལ་ཕྱོགས་ཡོངས་ནས་བསྐྱར་ཞིབ་བྱེད་ཀྱི་ཡོད་ཀྱང་ཧྭ་ཝེ་དང་ཀྲུང་ཞིན་བརྡ་འཕྲིན་བཟོ་ཚོང་ཁང་གཉིས་དམིགས་འབེན་དུ་འཛིན་རྒྱུ་དེར་འཛེམ་ཟོན་བྱ་དགོས་པར་གྱུར། འཇར་མན་ཎིའི་ནང་སྲིད་ལྷན་ཁང་གི་མགྲིན་ཚབ་པས་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་གི་འཕྲུལ་ཆས་ཀྱི་ལྷུ་ལག་མཁོ་སྦྱོར་བྱེད་པའི་བཟོ་ཚོང་ལས་ཁུངས་ཤིག་ལ་ཞིབ་འཇུག་བྱེད་དགོས་ཀྱི་འདུག གལ་སྲིད་བཟོ་ཚོང་ལས་ཁང་དེ་རྒྱལ་ཁབ་གཞན་གྱི་སྲིད་གཞུང་ཞིག་གིས་དངོས་སུའམ། ཡང་ན་བརྒྱུད་ནས་སྟངས་འཛིན་བྱེད་ཀྱི་ཡོད་ན་ཉེན་ཁ་ཆེན་པོ་རེད་ཅེས་བསྒྲགས། དེ་བཞིན་འཇར་མན་ཎིའི་ནོར་སྲིད་བློན་ཆེན་གྱིས་ཀྱང་ང་ཚོ་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་གི་འཕྲུལ་ཆས་ཀྱི་ལྷུ་ལག་མཁོ་སྦྱོར་བྱེད་མཁན་ཁག་ཅིག་ལ་བློ་ཁེལ་གྱི་མི་འདུག་ཅེས་ཝེལ་ཊི་བརྙན་འཕྲིན་ཁང་གི་གསར་འགོད་པར་གླེང་མོལ་བྱས་འདུག

ཕྱི་ཟླ་༣་པའི་ཚེས་༨་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འཇར་མན་གཞུང་གིས་རང་གི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་ཁོངས་སུ་ཧྭ་ཝེ་དང་ཀྲུང་ཞིན་བཟོ་ཚོང་ཁང་གི་འཕྲུལ་ཆས་ཀྱི་ལྷུ་ལག་རྣམས་བཀོལ་སྤྱོད་གཏོང་དགོས་མིན་ཞིབ་འཇུག་བྱ་རྒྱུའི་ཐག་གཅོད་བྱས་པར་རྒྱ་ནག་གཞུང་གིས་ངོ་རྒོལ་དྲག་པོ་བྱས་ཤིང་། རྒྱལ་ས་བྷར་ལིན་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་འཇར་མན་གཞུང་ལ་དཔང་རྟགས་སྟོན་རྒྱུ་མེད་པར་རྒྱལ་ཁབ་ཀྱི་བདེ་འཇགས་ཞེས་ལན་ཁག་དཀྲིས། རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཁག་གིས་འཇར་མན་ཎིའི་ཁྲོམ་རའི་ནང་དུ་མ་རྩ་བཙུགས་ནས་ཕྱོགས་གཉིས་ཀྱི་ཚོང་ལས་ཡར་རྒྱས་གཏོང་གི་ཡོད། འཇར་མན་གཞུང་གིས་དབང་ཚད་སྤྱད་ནས་ཁུངས་མེད་ཀྱི་ཉེས་འཛུགས་དང་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞིན་བཟོ་ཚོང་ལས་ཁུངས་ཁག་གི་ཚོང་ལས་ལ་འགོག་རྐྱེན་སློང་གི་ཡོད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། འཇར་མན་གཞུང་ནས་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཁག་ལ་དྲང་སྙོམས་དང་དབྱེ་འབྱེད་མེད་པའི་ཚོང་ལས་ཀྱི་ཁོར་ཡུག་ཅིག་བསྐྲུན་རྒྱུའི་རེ་བ་ཡོད། རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཁག་འགོག་རྒྱུའི་ཚབ་ཏུ་གཉིས་ཕན་གྱི་ཚོང་ལས་དར་སྤེལ་གཏོང་དགོས། འཇར་མན་ཎིའི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་གི་འཕྲུལ་ཆས་ཀྱི་ལྷུ་ལག་བརྒྱ་ཆ་༦༠་ལྷག་ཧྭ་ཝེ་བཟོ་ཚོང་ཁང་གི་ལྷུ་ལག་ཡིན་པ་དང་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་འཕྲུལ་ཆས་ཀྱི་ལྷུ་ལག་ཁག་ལ་ཉེན་ཁ་ཅི་ཡང་མེད། འཇར་མན་གཞུང་དོགས་འདྲོག་མ་ལངས་པར་གནས་ལུགས་དང་མཐུན་ཞིང་། རྒྱུ་མཚན་ལྡན་པའི་ཐག་གཅོད་བྱ་དགོས་ཞེས་གསར་འགོད་གསལ་བསྒྲགས་སྤེལ།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་སྤེལ་བ་ལྟར་ན། འཇར་མན་གཞུང་གིས་རང་ཡུལ་གྱི་བརྡ་འཕྲིན་བཟོ་ཚོང་ལས་ཁང་གང་ཞིག་གིས་ཧྭ་ཝེ་དང་ཀྲུང་ཞིན་བཟོ་ཚོང་ཁང་གི་འཕྲུལ་ཆས་ཀྱི་ལྷུ་ལག་རྣམས་བཙུགས་ཡོད་ཚེ། འཕྲུལ་ཆས་ཀྱི་ལྷུ་ལག་དེ་རྣམས་མར་བླངས་ནས་བརྗེ་པོ་རྒྱག་དགོས། བརྡ་འཕྲིན་གྱི་ལྷུ་ལག་བརྗེ་པོ་རྒྱག་དགོས་པའི་བཟོ་ཚོང་ལས་ཁུངས་ཁག་ལ་འཇར་མན་གཞུང་གིས་གུན་གསབ་སྤྲོད་རྒྱུའི་འཆར་གཞི་ཡང་མེད་ཅེས་བཀོད་ཁྱབ་བཏང་འདུག རོ་ཌིམ་ཞིབ་འཇུག་ཁང་གི་རྒྱ་ནག་དང་འཇར་མན་ཎིའི་འབྲེལ་བའི་ཐད་ཀྱི་ཉམས་ཞིབ་པ་ནོ་ཨ་བྷར་ཀིན་གྱིས་མཐའ་མཇུག་དེར་འཇར་མན་གཞུང་གིས་རང་གི་བདེ་འཇགས་གནད་འགག་ཏུ་བརྩིས་ནས་རྒྱ་ནག་ལ་འབྲེལ་བ་ཡོད་པའི་ཚོང་ལས་ཁག་ལ་ཉེན་ཁ་ཡོད་པ་ངོས་ཟིན་པ་འདྲ། འཇར་མན་གཞུང་གིས་ཐག་གཅོད་མ་བྱུང་བར་ལོ་མང་ཕྱིན་པའི་རྗེས་སུ་རྒྱལ་ཁབ་དེའི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་གི་ལྷུ་ལག་རྣམས་རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཁག་ལ་ཤུགས་ཆེན་པོ་བརྟེན་དགོས་བྱུང་བ་རེད། ད་ལྟ་འཇར་མན་ཎིའི་བརྡ་འཕྲིན་མ་ལག་ཁོངས་ནས་རྒྱ་ནག་གི་འཕྲུལ་ཆས་ཀྱི་ལྷུ་ལག་རྣམས་ཕྱིར་བསྡུ་བྱ་དགོས་ན་ལོ་མང་པོ་འགོར་རྒྱུ་རེད་ཅེས་བསྟན། ཉམས་ཞིབ་པ་ཚོས་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞིན་བཟོ་ཚོང་ཁང་གཉིས་རྒྱ་ནག་གི་གསང་བའི་ལས་ཁུངས་ལ་འབྲེལ་བ་དམ་ཟབ་འདུག རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་ཚོས་གཞན་གྱི་ཁ་པར་ལ་ལྐོག་ཉན་དང་གནས་ཚུལ་བཏང་བ་ཁག་ལ་ལྟ་ཀློག་བྱེད་ཐུབ་ཀྱི་ཡོད་པས་ཧྭ་ཝེ་དང་ཀྲུང་ཞིན་བཟོ་ཚོང་ཁང་གི་བརྡ་འཕྲིན་གྱི་མ་ལག་བཙུགས་ཡོད་པའི་རྒྱལ་ཁབ་ཁག་དང་མི་དམངས་ཀྱི་བཅས་ཀྱི་བདེ་འཇགས་ལ་ཉེན་ཁ་འདུག་ཅེས་བཀྲལ།།

ཧྭ་ཝེ་བཟོ་ཚོང་ཁང་གིས་ང་ཚོས་མིས་བཤད་པའི་སྐད་ཆ་དེ་ཚོར་བདག་པོ་བརྒྱབ་ནས་འགྲེལ་བརྗོད་ཅི་ཡང་བྱེད་འདོད་མེད། འདས་པའི་ལོ་༢༠་ཐམ་པའི་རིང་ཧྭ་ཝེ་བཟོ་ཚོང་ཁང་གིས་འཇར་མན་ཎི་དང་འཛམ་གླིང་རྒྱལ་ཁབ་ཁག་གི་བརྡ་འཕྲིན་མ་ལག་ཁོངས་སུ་འཕྲུལ་ཆས་ཀྱི་ལྷུ་ལག་མཁོ་སྤྱོར་བྱས་ནས་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ཧྭ་ཝེ་བཟོ་ཚོང་ཁང་གི་འཕྲུལ་ཆས་ཀྱི་ལྷུ་ལག་ལ་བདེ་འཇགས་མེད་པའི་ཉེན་ཁ་གང་ཡང་བྱུང་མེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ཀྲུང་ཞིན་བཟོ་ཚོང་ཁང་གི་མགྲིན་ཚབ་པས་ཀྱང་ང་ཚོའི་འཕྲུལ་ཆས་ཀྱི་ལྷུ་ལག་ཁག་ལ་བདེ་འཇགས་མེད་པའི་དཔང་རྟགས་གཅིག་ཀྱང་ཐོན་མེད། ཕྱི་ལོགས་ནས་ང་ཚོའི་འཕྲུལ་ཆས་ཀྱི་ལྷུ་ལག་ཁག་ལ་བརྟག་དཔྱད་དང་ཞིབ་འཇུག་བྱས་ན་དགའ་བསུ་ཡོད་ཅེས་གསལ་བསྒྲགས་སྤེལ། འཇར་མན་ཎིའི་ཌོ་ཆི་ཁ་པར་ལས་ཁུངས་དང་ཝོ་དྷ་ཧྥོན་ཁ་པར་ལས་ཁུངས་གཉིས་ཀས་གཞུང་གི་སྒྲིག་གཞི་ཁག་ལ་དང་ལེན་ཚུལ་བཞིན་ཞུ་རྒྱུ་ཡིན་ཞེས་བཤད་ཀྱང་ཧྭ་ཝེ་དང་ཀྲུང་ཞིན་བཟོ་ཚོང་ཁང་གཉིས་རྒྱ་ནག་གི་གསང་བའི་ལས་ཁུངས་ལ་འབྲེལ་བ་ཡོད་མེད་ཆབ་སྲིད་ཀྱི་གླེང་སློང་དེར་འཕྲོས་བཤད་བྱས་མེད་པའི་གནས་ཚུལ་ཐོན་འདུག ད་སྔ་ཡུ་རོབ་རྒྱལ་ཁབ་དབྱིན་ཇི་དང་སུད་ཌེན་གཉིས་ཀྱིས་རང་གི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་ཁོངས་སུ་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་དང་ཀྲུང་ཞིན་བཟོ་ཚོང་ཁང་གི་འཕྲུལ་ཆས་ཀྱི་ལྷུ་ལག་རྣམས་བཀོལ་སྤྱོད་བྱ་རྒྱུ་མིན་པའི་ཐག་བཅད། ཡུ་རོབ་རྒྱལ་ཁབ་གཞན་ཁག་གིས་རང་གི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་ཁོངས་སུ་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞིན་བཟོ་ཚོང་ཁང་གི་འཕྲུལ་ཆས་ཀྱི་ལྷུ་ལག་རྣམས་བཀོད་སྤྱོད་གཏོང་དགོས་མིན་ཐག་མ་ཆོད་པར་ལུས། ༢༠༢༡་ལོར་འཇར་མན་གཞུང་གིས་བརྡ་འཕྲིན་འཕྲུལ་རིག་གི་བཅའ་ཁྲིམས་གཏན་འབེབས་བྱས་ཏེ་འཇར་མན་ཎིའི་བརྡ་འཕྲིན་མ་ལག་ཁོངས་སུ་ཕྱི་རྒྱལ་གྱི་འཕྲུལ་ཆས་ཀྱི་ལྷུ་ལག་བཀོད་སྤྱོད་གཏོང་རྒྱུ་དམ་དུ་བཏང་ཡང་ཧྭ་ཝེ་སོགས་འགོག་དགོས་ཞེས་གསལ་པོར་བཀོད་མེད་པའི་གནས་ཚུལ་ཐོན་འདུག

གཟའ་ལྷག་པའི་ཉིན་འཇར་མན་གསར་འགྱུར་ལས་ཁང་གིས་ཉམས་ཞིབ་ཀྱི་སྙན་ཐོ་གསར་པ་ཞིག་གི་ནང་དུ་འཇར་མན་ཎིའི་འཕྲུལ་རབས་བཞི་པའི་བརྡ་འཕྲིན་མ་ལག་གི་ལྷུ་ལག་རྣམས་རྒྱ་ནག་ལ་དེ་ཙམ་བརྟེན་མེད་ཅིང་། འཇར་མན་ཎིའི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་གི་ལྷུ་ལག་ཕལ་ཆེ་བ་རྒྱ་ནག་ལ་ཡོངས་སུ་བརྟེན་ཡོད་པ་སྟེ། རྒྱལ་ཁབ་དེའི་འཕྲུལ་རབས་ལྔ་པའི་རླུང་འཕྲིན་འཕྲུལ་ཆས་ཀྱི་ལྷུ་ལག་ཚང་མ་ཧྭ་ཝེ་བཟོ་ཚོང་ཁང་གི་འཕྲུལ་ཆས་རེད། ཟླ་བ་སྔོན་མར་འཇར་མན་གྲོས་ཚོགས་ཀྱིས་རྒྱལ་ཁབ་དེའི་བརྡ་འཕྲིན་མ་ལག་ཁོངས་སུ་ཧྭ་ཝེ་བཟོ་ཚོང་ཁང་གི་འཕྲུལ་ཆས་ཀྱི་ལྷུ་ལག་ཅི་ཙམ་བཙུགས་ཡོད་ཅེས་དྲིས། འཇར་མན་གཞུང་གི་འབྲེལ་ཡོད་ལས་སྣེ་ཚོས་གྲོས་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་པོ་ཞིག་བྱས་མ་ཐུབ། ད་གཟོད་འཇར་མན་གཞུང་གིས་ཧྭ་ཝེ་དང་ཀྲུང་ཞིན་བཟོ་ཚོང་ཁང་གི་བརྡ་འཕྲིན་འཕྲུལ་ཆས་རྣམས་ས་གནས་གང་དུ་བཙུགས་ཡོད་མེད་ཞིབ་འཇུག་བྱེད་ཀྱི་ཡོད་པ་ནི་ཡི་ཐང་ཆད་དགོས་པ་ཞིག་རེད་ཅེས་གནས་ཚུལ་སྤེལ། འཇར་མན་ཎིའི་རྒྱལ་ས་བྷར་ལིན་གྱི་རྒྱལ་སྤྱིའི་སྤྱི་དམངས་སྲིད་ཇུས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཐོར་ཚན་བྷེ་ནར་གྱིས་གདོན་འདྲེ་དེ་གང་ས་གང་དུ་བཙུགས་འདུག འཇར་མན་ཎིའི་བརྡ་འཕྲིན་མ་ལག་ཁོངས་སུ་རྒྱལ་ཁབ་མང་པོའི་འཕྲུལ་ཆས་ཀྱི་ལྷུ་ལག་བཙུགས་ཡོད་ན་བརྗེ་པོ་རྒྱག་རྒྱུ་སྟབས་བདེ་པོ་རེད། ཉེ་བའི་ལོ་ཤས་ཤིག་ནས་འཇར་མན་ཎིའི་བརྡ་འཕྲིན་མ་ལག་ཁོངས་སུ་ཧྭ་ཝེ་དང་ཀྲུང་ཞིན་བཟོ་ཚོང་ཁང་གི་འཕྲུལ་ཆས་ཀྱི་ལྷུ་ལག་རྣམས་ས་ཁྱབ་རྡོ་ཁྱབ་བྱུང་འདུག་ཅེས་བཤད། ཨ་མི་རི་ཀའི་གཞུང་གིས་ལོ་མང་གོང་ནས་འཇར་མན་ཎིར་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་ལ་དོགས་ཟོན་བྱ་དགོས་ཞེས་ནན་གྱིས་བསྐུལ། ཨ་རི་དང་ཁེ་ན་ཌ། ཐེ་ཝན་དང་ཉི་ཧོང་། ཨོ་གླིང་སོགས་རྒྱལ་ཁབ་མང་པོས་རང་གི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་ཁོངས་སུ་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞིན་བཟོ་ཚོང་ཁང་གི་འཕྲུལ་ཆས་ཀྱི་ལྷུ་ལག་རྣམས་བཀོལ་སྤྱོད་བྱ་རྒྱུ་བཀག་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG