ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

འཇར་མན་གྱི་གཡས་ཐལ་བ་ཚོས་དམངས་གཙོའི་གཞུང་མགོ་རྟིང་སློག་ཐབས། 


༄༅།། གཟའ་ལྷག་པའི་ཉིན་འཇར་མན་ཎིའི་གཡས་ཐལ་གྱི་ལྟ་བ་འཛིན་པའི་ཤོག་ཁག་ཅིག་གིས་དམངས་གཙོའི་སྲིད་གཞུང་དེ་མགོ་རྟིང་བསློགས་ཏེ་བཙན་རྒྱལ་སྲིད་གཞུང་སླར་གསོ་བྱ་རྒྱུའི་ལྐོག་ཇུས་བཤམས། ལྐོག་ཇུས་དེའི་མགོ་ཕུགས་སུ་ལོ་ན་༧༡་ལ་སོན་པའི་རྒྱལ་སྲས་ཧན་རཱིག་༡༣་པ་ཞེས་སྔོན་གྱི་རྒྱལ་རྒྱུད་ཅིག་ཏུ་གཏོགས་པའི་རྒད་པོ་ཞིག་ཡོད་ཅིང་། འཇར་མན་དབུས་གཞུང་གིས་མངའ་སྡེ་༡༡་གི་ནང་དུ་དྲག་ཆས་ཉེན་རྟོག་པ་༣༠༠༠་ལྷག་བཀྲམ་ནས་མི་༢༥་འཛིན་བཟུང་བྱ་དགོས་པར་གྱུར། དེ་ནི་༢༠༢༡་ལོའི་ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཨ་མི་རི་ཀའི་གྲོས་ཚོགས་ལ་དཔུང་རྒོལ་བྱུང་སྟེ་དམངས་གཙོའི་སྲིད་གཞུང་མགོ་རྟིང་སློག་ཐབས་བྱས་པ་ལྟར་ཡིན་རུང་འཇར་མན་གཞུང་གིས་ལྐོག་ཇུས་དེ་སྔོན་འགོག་བྱས་ནས་ཉེན་ཁ་བཟློག་ཐུབ་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༢་པའི་ཚེས་༧་ཉིན་རོ་ཡེ་ཊར་གྱིས་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཇར་མན་ཎིའི་དམངས་གཙོའི་སྲིད་གཞུང་དེ་མགོ་རྟིང་སློག་རྒྱུའི་ལྐོག་ཇུས་གཤོམ་མཁན་གྲས་སུ་དམག་མི་ཁག་ཅིག་དང་གཡས་ཐལ་སྲིད་དོན་ཚོགས་པ་ཞིག་གི་གྲོས་ཚོགས་འཐུས་མི་ཟུར་པ་ཞིག་བཅས་འདུས། ཁོ་ཚོས་རྒྱལ་ཡོངས་གྲོས་ཚོགས་ལ་དྲག་རྒོལ་བྱས་ནས་སྲིད་གཞུང་མགོ་རྟིག་སློག་རྒྱུའི་ཐག་བཅད། རྒྱལ་སྲས་ཧན་རཱིག་༡༣་པ་ཞེས་པའི་རྒད་པོ་དེས་ཨུ་རུ་སུར་རྒྱབ་སྐྱོར་ཞུས། འཇར་མན་གྱི་ཁྲིམས་སྦྱོར་བ་ཚོས་གཡས་ཐལ་ཤོག་ཁག་དེའི་ཚོགས་མི་ཚོས་བཙན་རྒྱལ་སྤྱི་དམངས་ཡིན། ད་ལྟའི་འཇར་མན་ཎི་རྒྱལ་ཁབ་ནི་ཁྲིམས་མཐུན་གྱི་རྒྱལ་ཁབ་ཅིག་མིན་པ་དང་སྔོན་གྱི་བཙན་རྒྱལ་སླར་གསོ་བྱས་ཏེ་རྒྱལ་པོའི་དབང་བསྒྱུར་ལམ་ལུགས་ཚུགས་དགོས་ཟེར། མི་འགའ་ཞིག་ཧི་ཐེ་ལེའི་སྐབས་ཀྱི་འཇར་མན་ན་ཛིའི་གཞུང་གི་ལམ་ལུགས་བསྐྱར་གསོ་བྱས་ཏེ་འཇར་མན་ཎིར་དམག་གིས་དབང་བསྒྱུར་བྱ་དགོས་པའི་ལྟ་གྲུབ་ལ་འཐད། རྒྱལ་སྲས་ཧན་རཱིག་༡༣་པ་ནི་འཇར་མན་བཙན་རྒྱལ་གྱི་འགོ་ཁྲིད་དུ་བསྐོ་རྒྱུ་དང་ལྐོག་ཇུས་གཤོམ་རོགས་རུ་ཌི་གྷར་ཝི་ཕི་ཞེས་པ་དེ་དམག་གི་འགོ་ཁྲིད་དུ་བསྐོ་རྒྱུ། ཁོ་ཚོས་འཇར་མན་ཎི་ལ་དམག་དཔུང་གསར་པ་བསྒྲིགས་ཏེ་ཕྱི་སྲིད་ལྷན་ཁང་དང་འཕྲོད་བསྟེན་ལྷན་ཁང་སོགས་སྲིད་གཞུང་གི་ངོ་བོ་མཚོན་པའི་ལྷན་ཁང་ཁག་བཙུགས། ༢༠༢༡་ལོའི་ཕྱི་ཟླ་༡༡་པ་ནས་གཡས་ཤོག་ཚོགས་པ་དེའི་ཚོགས་མི་རྣམས་རྟག་ཏུ་ཚོགས་འདུ་ཚོགས་འདུག་ཅེས་གནས་ཚུལ་སྤེལ།།

ཕྱི་ཟླ་༡༢་པའི་ཚེས་༨་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་སྲས་ཧན་རཱིག་༡༣་པ་ཞེས་པ་ནི་སྔོན་ཆད་འཇར་མན་ཎིའི་དབུས་ཕྱོགས་སུ་དབང་ལུང་བསྒྱུར་བའི་རོ་ཡེ་སི་རྒྱལ་རྒྱུད་ཀྱི་མི་ཞིག་ཡིན་ཞིང་། དེང་སྐབས་ཁོ་པ་འཇར་མན་ཎིའི་དཔལ་འབྱོར་དང་ཚོང་ལས་ཀྱི་ལྟེ་གནས་གྲོང་ཁྱེར་ཆེན་པོ་ཧྥ་རན་ཀ་ཧྥོར་ཊིའི་ཕྱུག་བདག་ཚོ་འདུག་སའི་གྲོང་གླིང་ཞིག་ཏུ་བསྡད། ཁོ་པས་ཨོ་ཌི་རླངས་འཁོར་གཏོང་གི་ཡོད་པ་དང་རླངས་འཁོར་གྱི་ཨང་རྟགས་རྣམས་སོ་སོས་བསྒྲིགས། འཇར་མན་གཞུང་གི་ཁྲིམས་སྦྱོར་བ་ཚོས་སྐྲ་ལོ་དཀར་པོར་གྱུར་པའི་སྐུ་དྲག་གི་རྒྱུད་པ་རྒད་པོ་དེ་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཞིག་གི་འགོ་ཁྲིད་རེད་ཟེར་ན་མི་རྣམས་ཡིད་ཆེས་ཀྱི་མ་རེད་ཅེས་བཀྲལ། ཡིན་ནའང་རྒད་པོ་དེས་འགོ་ཁྲིད་པའི་གཡས་ཐལ་ཚོགས་པ་དེར་འཇར་མན་ཎི་རྒྱལ་ཡོངས་སུ་ཡན་ལག་ཚོགས་པ་བཙུགས་ཏེ་བཙན་རྒྱལ་སྤྱི་དམངས་ཀྱི་ཚོགས་མི་ཚོས་དྲག་པོའི་གྱེན་ལོག་བྱས་ནས་དམངས་གཙོའི་སྲིད་གཞུང་མགོ་རྟིང་སློག་རྒྱུ་དང་སྲིད་གཞུང་གསར་པ་ཞིག་འཛུགས་རྒྱུའི་ལྐོག་ཇུས་བཤམས། འཇར་མན་གཞུང་གིས་རྒྱལ་སྲས་ཧན་རཱིག་༡༣་པ་གཙོས་མི་༢༥་འཛིན་བཟུང་བྱས་པ་དེ་དག་གི་གྲས་སུ་ཝི་ཊ་ལི་ཡ་བྷི་ཟེར་བའི་ཨུ་རུ་སུའི་སྤྱི་དམངས་ཤིག་ཚུད། ད་ཐེངས་ཀྱི་གནས་ཚུལ་འདི་འཇར་མན་ཎིའི་རྒྱལ་ནང་དུ་བྱུང་མྱོང་མེད་པའི་འཇིགས་སྐུལ་རིང་ལུགས་ཀྱི་གྱེན་ལོག་འབྱུང་གྲབས་བྱས་པར་འགོག་རྒོལ་བྱས་ནས་ཉེན་ཁ་བཟློགས་པ་ཞིག་ཡིན་འདུག འཇར་མན་ཎིའི་བཙན་རྒྱལ་སྤྱི་དམངས་ཞེས་པའི་གཡས་ཐལ་ཚོགས་པ་དེའི་ཚོགས་མི་ཚོས་འཇམ་གླིང་དམག་ཆེན་དང་པོའི་རྗེས་སུ་འཇར་མན་གྱི་བཙན་རྒྱལ་འཐོར་ཞིག་ཕྱིན་པ་དང་སྐུ་དྲག་གི་རིགས་རྒྱུད་ཉམས་པ་བློས་ཐོངས། འདས་པའི་ལོ་རྒྱུས་ནང་དུ་འཇར་མན་ཎིའི་དབུས་ཕྱོགས་སུ་བྱུང་བའི་རྒྱལ་ཕྲན་ཞིག་གི་རྒྱུད་པ་རྒྱས་སྲས་ཧན་རཱིག་༡༣་པ་དེ་ཤོག་ཁག་དེའི་འགོ་ཁྲིད་དུ་བདམས་ནས་བཙན་རྒྱལ་སླར་གསོ་བྱ་རྒྱུའི་ལྟ་གྲུབ་ལག་ལེན་བསྟར་ཐབས་བྱས་པ་རེད་ཅེས་གནས་ཚུལ་ཐོན།།

ཕྱི་ཟླ་༡༢་པའི་ཚེས་༧་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༡༩༡༩་ལོའི་ཕྱི་ཟླ་༨་པའི་ཚེས་༡༤་ཉིན་འཇར་མན་ཎིའི་རྒྱལ་པོའི་སྲིད་གཞུང་མེད་པར་བཏང་སྟེ་སྐུ་དྲག་གི་དམིགས་བསལ་ཐོབ་ཐང་རྣམས་ཕྲོགས། དེ་ནས་བཟུང་སྟེ་འཇར་མན་ཎིར་རྒྱས་སྲས་དང་སྲས་མོ་ཞེས་འབོད་པའི་མཚན་གནས་རྣམས་མེད་པར་གྱུར། འཇར་མན་ཎིའི་ནང་སོ་ལྷན་ཁང་གིས་བཙན་རྒྱལ་སྤྱི་དམངས་ཞེས་པའི་ཤོག་ཁག་དེར་ཚོགས་མི་༢༡༠༠༠་ཡས་མས་ཤིག་ཡོད་པའི་མི་འབོར་བརྒྱ་ཆ་༥་ལྷག་གིས་གཡལ་ཐལ་ཆེ་བའི་ལྟ་བ་འཛིན་གྱི་ཡོད་པའི་གནས་ཚུལ་སྤེལ། འཇར་མན་ཎིའི་ས་གནས་གསར་འགྱུར་ལས་ཁང་ཞིག་གིས་རོ་ཡེ་སོ་རྒྱལ་རྒྱུད་ཁྱིམ་ཚང་དེའི་བཟའ་མི་གཞན་ཚོས་རྒྱལ་སྲས་ཧན་རཱིག་༡༣་པ་ནི་ཀླད་པ་འཁྲུགས་ཡོད་པ་དང་ལྐོག་གཡོ་ངན་ཇུས་ཀྱི་ལྟ་བ་འཛིན་པའི་མི་ཞིག་ཏུ་བརྩིས་པ་རེད་ཅེས་གནས་ཚུལ་སྤེལ། འཇར་མན་གཞུང་མི་༢༥་འཛིན་བཟུང་བྱས་པ་དེའི་གྲས་ཀྱི་མི་༥་སྔོན་འགྲོའི་ཁྲིམས་བཤེར་བཀག་ཉར་ཁང་དུ་བཅུག ཨི་ཊ་ལིའི་ཉེན་རྟོག་པས་ཕེ་རུ་ཇཱི་ཡ་གྲོང་ཁྱེར་དུ་འཇར་མན་ཎིའི་གྱེན་ལོག་ལྐོག་ཇུས་དེར་འབྲེལ་བ་ཡོད་པའི་འཇར་མན་གྱི་དམག་དཔོན་ཟུར་པ་ལོ་༦༤་ལ་སོན་པ་ཞིག་འཛིན་བཟུང་བྱས་པ་ཡིན། ཁོ་པ་ཨི་ཊ་ལི་ནས་འཇར་མན་ཎིར་རྩིས་སྤྲོད་བྱ་རྒྱུའི་ལས་དོན་རྣམས་འགོ་བཙུགས་ཟིན། འཇར་མན་གྱི་དམག་དཔོན་ཟུར་པ་དེ་བཙན་རྒྱལ་སྤྱི་དམངས་ཞེས་པའི་གཡས་ཐལ་ཤོག་ཁག་དེར་ཚོགས་མི་བསྡུ་སྐོང་བྱེད་མཁན་དང་ཏོག་དབྱིབས་ནད་དུག་སྔོན་འགོག་དུས་སུ་སྒོ་རྒྱ་བསྡམས་པར་ངོ་རྒོལ་བྱེད་མཁན་གཙོ་གྲས་ཤིག་རེད་ཅེས་བསྒྲགས། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པས་འཇར་མན་ཎིའི་སྲིད་གཞུང་མགོ་རྟིང་སློག་ཐབས་ཀྱི་ལྐོག་ཇུས་བཤམས་པ་ནི་རྒྱལ་ཁབ་དེའི་ནང་ཁུལ་གྱི་རྩོད་རྙོག་ཅིག་ཡིན་པ་དང་ཨུ་རུ་སུ་དེ་ལ་འབྲེལ་བ་ཅི་ཡང་མེད་ཅེས་དག་འབུད་བྱས་མོད། འོན་ཀྱང་འཇར་མན་ཎིའི་ནང་སོ་ལྷན་ཁང་གིས་རྒྱལ་སྲས་ཧན་རཱིག་༡༣་པས་ཨུ་རུ་སུར་འབྲེལ་བ་བྱས་ཡོད་པ་དང་ཨུ་རུ་སུ་འཛམ་གླིང་འདིར་སྒྲིག་སྲོལ་གསར་པ་ཞིག་འཛུགས་པའི་སྲོལ་འབྱེད་པར་འགྱུར་རྒྱུའི་རེ་ལྟོས་འཆང་། ད་སྔ་ཨུ་རུ་སུའི་གཞུང་གིས་འཇར་མན་ཎིའི་གཡས་ཐལ་ཤོག་ཁག་དེར་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་པའི་དཔང་རྟགས་རྙེད་མ་བྱུང་ཞེས་གསལ་བསྒྲགས་སྤེལ།།

འཇར་མན་ཎིའི་ནང་སྲིད་བློན་ཆེན་ནན་སི་ཧྥེ་སར་གྱིས་གཡས་ཐལ་ཤོག་ཁག་དེ་ཨུ་རུ་སུར་འབྲེལ་བ་ཡོད་མེད་ཞིབ་འཇུག་གཟབ་ནན་བྱེད་ཀྱི་ཡོད། འཇར་མན་གཞུང་གིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་དམངས་གཙོའི་དགྲ་བོ་རྣམས་མགོ་བོ་འབུར་བཅོམ་བྱ་ངེས་ཡིན། འཇར་མན་གཞུང་གིས་བཙན་རྒྱལ་སྤྱི་དམངས་ཟེར་བའི་འཇིགས་སྐུལ་རིང་ལུགས་པའི་ཤོག་ཁག་དེར་ཞིབ་འཇུག་བྱས་ནས་ཉེན་ཁ་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་སོང་། འཇར་མན་ཎིའི་རྩ་ཁྲིམས་སུ་དམངས་གཙོའི་སྲིད་གཞུང་ལ་གྱེན་ལོག་བྱུང་ན་འགོག་རྒོལ་ཇི་ལྟར་བྱ་དགོས་མིན་གསལ་པོར་འཁོད་ཡོད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། འཇར་མན་ཎིའི་ནང་སོ་ལྷན་ཁང་གིས་སྔ་ལོ་ནས་བཙན་རྒྱལ་སྤྱི་དམངས་ཟེར་བའི་ཚོགས་པ་དེ་སྟོབས་ཤུགས་རྒྱས་ཏེ་སྲིད་གཞུང་མགོ་རྟིང་སློག་རྒྱུའི་ཉེན་ཁ་ཆེ་རུ་ཕྱིན་སོང་། འཇར་མན་ཎིའི་ལས་ཐོག་དམག་མི་ཞིག་དང་ཟུར་འཇོག་དམག་མི་འགའ་ཞིབ་འཇུག་བྱ་དགོས་པའི་གྲས་སུ་ཡོད། དམག་མི་ལས་ཐོག་དེ་འཇར་མན་ཎིའི་དྲག་གྲས་དཔུང་སྡེའི་དམག་མི་ཞིག་ཡིན་པ་དང་ཉེ་བའི་ལོ་ཤས་ཤིག་ནས་དྲག་གྲས་དཔུང་དེའི་དམག་མི་ཚོས་གཡས་ཐལ་ཆེ་བའི་ལྟ་བ་བཟུང་སྟེ་སྒྲིག་འཛུགས་དེ་གཏོར་དགོས་བྱུང་ཞིང་། གཡས་ཐལ་ཤོག་ཁག་དེས་མཚོན་ཆ་ཉོ་སྒྲུབ་དང་ཚོགས་མི་གསར་བསྡུ། དམག་སྦྱོང་སྤྲད་ནས་ཚོགས་མི་མང་ཆེ་བ་ནི་འཇར་མན་ཎིའི་དམག་དང་ཉེན་རྟོག་པའི་སྒྲིག་འཛུགས་ཁག་ནས་བསྡུ་ཐབས་བྱེད་ཀྱི་འདུག་ཅེས་བསྟན།།

གཟའ་ལྷག་པའི་ཕྱི་དྲོར་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་ཤས་ནས་འཇར་མན་གཞུང་གིས་གཡས་ཐལ་གྱི་ལྟ་བ་འཛིན་པའི་མཐའ་ལྷུང་རིང་ལུགས་པ་ཚོར་འཐབ་རྒོལ་བྱེད་ཀྱི་ཡོད་པར་མ་ཟད། ༢༠༢༠་ལོའི་ཕྱི་ཟླ་༢་པའི་ནང་དུ་འཇར་མན་ཎིའི་ཧ་ནོ་གྲོང་ཁྱེར་དུ་མི་ཞིག་གིས་མེ་མདའ་བརྒྱབ་ནས་མི་༩་བསད། སྐབས་དེའི་སྲིད་བློན་ཨན་གྷི་ལ་མར་ཁལ་གྱིས་གཡས་ཤོག་གི་མཐའ་ལྷུང་རིང་ལུགས་པ་ཚོས་མི་རིགས་དབྱེ་འབྱེད་ཀྱི་ཀུན་སློང་བཅངས་ནས་དམར་གསོད་ཀྱི་ལས་འགུལ་སྤེལ་བ་རེད་ཅེས་འགྲེལ་བཤད་བརྒྱབ། ༢༠༡༧་ལོར་འཇར་མན་ཎིའི་རྒྱལ་ཡོངས་གྲོས་ཚོགས་སུ་གཡས་ཐལ་གྱི་ལྟ་བ་འཛིན་པའི་སྲིད་དོན་ཚོགས་པ་ཞིག་ལ་འཐུས་མི་གཅིག་གི་གདན་གྲངས་ཐོབ། ༢༠༢༡་ལོའི་ཕྱི་ཟླ་༣་པ་ནས་འཇར་མན་ཎིའི་གསང་བའི་ལས་ཁུངས་ཀྱིས་དངོས་སུ་གཡལ་ཐལ་གྱི་སྲིད་དོན་ཚོགས་པ་དེར་དོགས་ཟོན་བྱས་ནས་ལྟ་རྟོག་བྱ་རྒྱུ་མགོ་བརྩམས། འཇར་མན་དབུས་གཞུང་གིས་ཁྲིམས་སྦྱོར་ལྷན་ཁང་གི་ལས་སྣེ་ཚོས་བཙན་རྒྱལ་སྤྱི་དམངས་ཞེས་པའི་ཤོག་ཁག་དེ་༢༠༢༡་ལོའི་ཕྱི་ཟླ་༡༡་པའི་སྔོན་དུ་བཙུགས་ཡོད་པ་དང་དོགས་གཞི་ཅན་གྱི་མི་༥༠་ལྷག་ཤོག་ཁག་དེར་འབྲེལ་བ་འདུག ཐོག་མར་གཡས་ཐལ་གྱི་ལྟ་བ་འཛིན་པའི་ཤོག་ཁག་དེའི་ཚོགས་མི་ཚོས་འཇར་མན་ཎི་སྤྱི་མཐུན་མནའ་འབྲེལ་གཞུང་གི་སྒྲིག་འཛུགས་ཁག་དང་དམངས་གཙོའི་ལམ་ལུགས་ལ་ངོས་ལེན་མི་བྱེད་པའི་གཅིག་གྱུར་གྱི་ལྟ་བ་ཞིག་བཟུང་བར་སྣང་། རིམ་བཞིན་ཤོག་ཁག་དེའི་ཚོགས་མི་ཚོས་དྲག་པོའི་གྱེན་ལོག་བྱས་ནས་འཇར་མན་ཎིའི་དམངས་གཙོའི་སྲིད་གཞུང་མགོ་རྟིང་སློག་རྒྱུའི་གྲོས་ཐག་བཅད་འདུག་ཅེས་གསལ་བསྒྲགས་སྤེལ། དེ་བཞིན་འཇར་མན་ཎིའི་ཁྲིམས་འཛིན་བློན་ཆེན་བྷུ་ཤཱི་མན་གྱིས་ང་ཚོས་དམངས་གཙོའི་ལམ་ལུགས་སྲུང་སྐྱོབ་བྱེད་ཀྱི་ཡོད། འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་གྱི་ལས་འགུལ་ཆེན་པོ་ཞིག་འགོ་བཙུགས་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG