ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

འཇར་མན་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ། 


འཇར་མན་ཎིའི་གྲུ་ཁར་ཡོད་པའི་རྒྱ་ནག་གི་ཚོང་ཟོག
འཇར་མན་ཎིའི་གྲུ་ཁར་ཡོད་པའི་རྒྱ་ནག་གི་ཚོང་ཟོག

༄༅།། ཡུ་རོབ་རྒྱལ་ཁབ་འཇར་མན་ཎིས་རྒྱ་ནག་ལ་འཛིན་པའི་དཔལ་འབྱོར་དང་ཚོང་ལས། ས་ཁམས་ཆབ་སྲིད་བཅས་ཀྱི་འབྲེལ་བ་ཁག་ལ་བསྐྱར་ཞིབ་ཀྱིས་༡༩༨༤་ལོར་ནུབ་འཇར་མན་གཞུང་གིས་རྒྱ་ནག་ལ་བཙུགས་པའི་སྲིད་འབྱོར་རིག་གསུམ་གྱི་འབྲེལ་བ་དེར་ཕྱོགས་ཡོངས་ནས་འགྱུར་བ་གཏོང་རྒྱུ། ཨ་མི་རི་ཀས་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་བར་གྱི་རྒྱལ་ཁབ་ཁག་ལ་འབྲེལ་བ་ཡར་རྒྱས་བཏང་སྟེ་རྒྱ་ནག་མཐའ་བསྐོར་རྒྱུའི་དམག་དོན་འཐབ་ཇུས་ཤིག་འཛིན་གྱི་ཡོད་པར་འཇར་མན་ཎི་མཉམ་འབྲེལ་བྱ་སྲིད་པའི་རྟགས་མཚན་ཞིག་ཐོན། དེང་སྐབས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་རྣམས་མེད་པར་གཏོང་གི་ཡོད་པ་དང་ཞིན་ཅང་གི་ཡུ་གུར་མི་རིགས་ལ་དྲག་གནོན། རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་རྒྱུ་ཚབས་ཇེ་ཆེར་འགྲོ་བཞིན་པ། རྒྱ་དཀར་ནག་གི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་འཐབ་རྩོད་ཀྱི་ཛ་དྲག་ཆེ་རུ་སོང་སྟེ་དམག་འཁྲུག་ལང་སྲིད་པའི་ཉེན་ཁ་ཡོད་པའི་མཚམས་འདིར་འཇར་མན་གཞུང་གིས་ཚོང་ལས་ཀྱི་ཁེ་ཕན་གཅིག་པར་དམིགས་ནས་རྒྱ་ནག་ལ་བསྟུན་མཁས་ཀྱི་སྲིད་ཇུས་ཤིག་བཟུང་ན་འོས་འཚམས་མིན་པ། འཇར་མན་ཎིའི་འགྲོ་ཁྲིད་འོག་ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དེར་འགྱུར་བ་གཏོང་རྒྱུའི་རྣམ་འགྱུར་བསྟན་འདུག
ཡུ་རོབ་ཀྱི་དཔལ་འབྱོར་སྟོབས་ཤུགས་ཨང་དང་པོ་འཇར་མན་ཎིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་འདིར་འགྱུར་བ་ཐེབས་དོན་ལ་རྒྱུ་མཚན་གསུམ་ཡོད་ཅིང་། རྒྱུ་མཚན་དང་པོ་ནི་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་པེ་ཅིང་གི་དབང་འཛིན་པ་ཚོས་རྒྱལ་ནང་ལ་འཕྲལ་དུ་འགྲིམ་འགྲུལ་བཀག་ཀྱང་རྒྱལ་སྤྱིའི་ཐོག་ཏུ་ཉི་མ་དྲུག་ལ་སྦས་གསང་བྱས་པ། རྒྱ་ནག་གིས་སྦས་གསང་བྱས་པའི་རིང་དེར་མི་ས་ཡ་མང་པོ་འཛམ་གླིང་ཡུལ་གྲུ་གང་སར་འགྲིམ་འགྲུལ་བྱེད་དུ་བཅུག་ནས་ཏོག་དབྱིབས་ནད་དུག་བགོས་པ། རྒྱུ་མཚན་གཉིས་པ་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པའི་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ནས་ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་མེད་པར་བཏང་བ། རྒྱུ་མཚན་གསུམ་པ་ནི་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཉིས་ཡས་མས་ཤིག་བཀག་ཉར་བྱས་ནས་བཙོན་འཇུག་བྱེད་ཡོད་པར་འཇར་མན་གཞུང་གིས་ངོ་རྒོལ་བྱེད་ཀྱི་ཡོད་པར་མ་ཟད། འཇར་མན་ཎིའི་རྟོག་ཞིབ་པ་རྣམས་ཞིན་ཅང་གི་བཀག་ཉར་ཁང་དང་བཙོན་ཁང་ཁག་ལ་རྟོག་ཞིབ་ཏུ་གཏོང་དགོས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་གཏོང་གི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད།།
གཟའ་འཁོར་སྔོན་མར་འཇར་མན་ཎི་ཚུད་པའི་ཡུ་རོབ་རྒྱལ་ཁབ་ལྔར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་འཚམས་འདྲིར་བསྐྱོད་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ། ད་ལོའི་ཏོག་དབྱིབས་རིམས་ནད་རྗེས་སུ་ཡུ་རོབ་རྒྱལ་ཁབ་ཁག་རྒྱ་ནག་གི་ཐོག་ཏུ་ལྟ་སྟངས་བཟང་པོ་མེད་པར་འགྱུར་བ་གཏོང་ཐབས། ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་གཅིག་གྱུར་གྱི་སྲིད་ཇུས་ཤིག་འཛིན་ཐུབ་ཀྱི་མེད་པའི་ནང་འགལ་ཆེ་རུ་གཏོང་རྒྱུ། ལྷག་པར་དུ་འཇར་མན་ཎིའི་སྲིད་འཛིན་ཨན་གྷི་ལ་མར་ཁེལ་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་འབྲེལ་བ་བཟང་པོ་མེད་པའི་གོ་སྐབས་བཟུང་སྟེ་ཡུ་རོབ་མཉམ་འབྲེལ་དང་ཨ་མི་རི་ཀའི་འབྲེལ་བར་འགལ་ཟླ་སློང་བའི་འབད་བརྩོན་བྱས། འོན་ཀྱང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིའི་ཡུ་རོབ་རྒྱལ་ཁབ་ལྔའི་འཚམས་འདྲི་དེ་ཉིད་ཡག་པོ་ཞིག་གཏན་ནས་བྱུང་མེད་པ་སྟེ། འཇར་མན་ཎིའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིའི་གདོང་ལ་བལྟས་ནས་ཡུ་རོབ་མཉམ་འབྲེལ་ནི་རྒྱ་ནག་གིས་སྡིགས་ར་བསྐུལ་ཆོག་ས་ཞིག་མིན། རྒྱ་ནག་གི་རྫིག་གཏམ་དང་བཙན་དྲག་རྣམས་ཡུ་རོབ་མཉམ་འབྲེལ་ལ་འགྲོ་ས་མེད་ཅེས་དགག་པ་ཚ་ནན་བརྒྱབ། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིའི་ཡུ་རོབ་ཀྱི་འཚམས་འདྲི་མཇུག་བསྒྲིལ་ནས་བདུན་ཕྲག་གཅིག་མ་སོང་གོང་དེར་འཇར་མན་ཎིས་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་དམག་དོན་འཐབ་ཇུས་ལ་མཉམ་ཞུགས་བྱ་རྒྱུའི་སྲིད་ཇུས་ཕྱིར་བསྒྲགས་བྱས་འདུག
རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཆགས་པའི་རྒྱལ་ཁབ་ཁག་གི་གྲས་སུ་ཨ་མི་རི་ཀ་དང་རྒྱ་གར། ཉི་ཧོང་དང་ཨོ་གླིང་རྒྱལ་ཁབ། ནེའུ་ཛི་ལན་ཌི། ཧྥི་ལི་ཕིན་དང་ཝྭི་ཏེ་ནམ་སོགས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གི་ཐུབ་ཚོད་མྱོང་མཁན་རྒྱལ་ཁབ་ཁག་ཚུད། ༢༠༡༩་ནས་ཡུ་རོབ་རྒྱལ་ཁབ་ཧྥ་རན་སི་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་དམག་དོན་འཐབ་ཇུས་ལ་མཉམ་ཞུགས་བྱས་ཤིང་། བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་ཧྥ་རན་སི་དང་རྒྱ་གར། ཉི་ཧོང་བཅས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་པས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་སྔོན་འགོག་དང་མཚོ་ཐོག་གི་སྐྱེལ་འདྲེན་དང་འགྲིམ་འགྲུལ་རང་དབང་ལ་སྲུང་སྐྱོབ་སོགས་ཀྱི་གནད་དོན་ཁག་ལ་གྲོས་སྡུར་བྱས། ད་ལྟ་ཡུ་རོབ་རྒྱལ་ཁབ་འཇར་མན་ཎི་ཡང་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་བར་གྱི་དམག་དོན་འཐབ་ཇུས་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པས་རྒྱ་ནག་ལ་ཕྱི་འབྲེལ་གྱི་ཕམ་ཉེས་ཆེན་པོ་ཞིག་བྱུང་འདུག རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་དམག་དོན་འཐབ་ཇུས་དེའི་དགོས་པ་ནི་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མངའ་ཁོངས་རྒྱ་སྐྱེད་ཀྱི་ཡོད་པར་འགོག་རྒོལ་བྱ་རྒྱུ། རྒྱ་ནག་གིས་རང་གི་མཁའ་ཁོངས་ཡིན་ཞེས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ས་ཐིག་འཐེན་ཡོད་པར་བརྩི་མེད་བཏང་ནས་གནམ་མཚོ་གཉིས་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་བྱ་རྒྱུའི་འཐབ་ཇུས་ཁག་འདུས་འདུག
སྲིད་དོན་ཉམས་ཞིབ་པ་ཚོས་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་བྱེད་པར་དུས་ཡུན་ཟླ་བ་གཉིས་ཀྱང་མེད་པའི་མཚམས་འདིར་འཇར་མན་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གཏོང་གི་ཡོད་པ་ནི་ཨ་མི་རི་ཀར་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་བརྡ་ཞིག་བཏང་བ་མཚོན་ཐུབ། ཨ་རི་དང་འཇམ་མན་ཎི་གཉིས་ཚོང་ལས་དང་དཔལ་འབྱོར། འཇར་མན་གཞུང་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་རྒྱལ་སྲུང་གི་འགྲོ་གྲོན་འོས་འཚམས་ཤིག་གཏོང་གི་མེད་པ། ཨི་རན་གྱི་རྡུལ་ཕྲན་ལས་གྲྭའི་གྲོས་མཐུན་དེར་ཕྱོགས་གཉིས་ལྟ་ཚུལ་གཅིག་མཚུངས་མེད་པར་ཨ་རི་དང་འཇར་མན་ཎིའི་འབྲེལ་བ་སྡུག་ཏུ་སོང་ཞིང་། འཇར་མན་གཞུང་གིས་ང་ཚོ་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་འཐབ་ཇུས་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པ་ནི་ཨ་མི་རི་ཀའི་སྲིད་ཇུས་དང་མ་འདྲ་བ་ཞིག་ཡིན། འཇར་མན་གཞུང་གིས་རྒྱ་ནག་དགྲར་འཛིན་གྱི་སྲིད་ཇུས་ཤིག་འཛིན་གྱི་མེད། ང་ཚོས་སིངྒ་པུར་དང་ཨོ་གླིང་རྒྱལ་ཁབ། ཉི་ཧོང་དང་ལྷོ་ཀོ་རི་ཡ་སོགས་ལའང་མཉམ་འབྲེལ་བྱས་ནས་རྒྱལ་སྲུང་དང་དྲྭ་ལམ་སྲུང་སྐྱོབ། འཕྲུལ་རབས་ལྔ་པའི་བརྡ་འཕྲིན་གསར་བཟོ་བཅས་ལ་མཉམ་འབྲེལ་བྱེད་ཀྱི་ཡོད། རྒྱལ་ཁབ་གང་ཡིན་རུང་གྲང་དམག་གི་དུས་སྐབས་ལྟར་ཕྱོགས་ཁག་གཅིག་མ་བདམས་ཐབས་མེད་ཀྱི་གནས་དེར་ལྷུང་དུ་བཅུག་ན་དགེ་མཚན་མེད་ཅེས་བཀོད། འོན་ཀྱང་ཉམས་ཞིབ་པ་ཚོས་འཇར་མན་ཎི་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་དམག་དོན་འཐབ་ཇུས་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པ་དེར་ཞིབ་འཇུག་གཟབ་ནན་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། འཇར་མན་གཞུང་གིས་བདེ་འཇགས་སྲུང་སྐྱོབ་ཐོག་ཏུ་རྒྱལ་ཁབ་གཞན་ལ་མཉམ་འབྲེལ་བྱ་རྒྱུ། འཇར་མན་ཎིའི་དཔལ་འབྱོར་དང་ཚོང་ལས་རྣམས་རྒྱལ་ཁབ་བྱེ་བྲག་པ་གཅིག་ལ་མི་བརྟེན་པར་ཕྱོགས་མང་པོ་ཞིག་ལ་དཔལ་འབྱོར་དང་ཚོང་འབྲེལ་འཛུགས་རྒྱུ། རྒྱ་ནག་ཨེ་ཤི་ཡའི་སྟོབས་རྒྱལ་ཆེན་རྒྱལ་ཁབ་ཅིག་ཡིན་པ་དང་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ལ་འགྱུར་གྱི་ཡོད་པས་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་བྱ་དགོས་ཞེས་བཀོད།།
ད་ལྟ་ཧྥ་རན་སི་དང་འཇར་མན་གཞུང་གིས་འགོ་ཁྲིད་ནས་ཡུ་རོབ་མཉམ་འབྲེལ་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་དམག་དོན་འཐབ་ཇུས་ལ་མཉམ་ཞུགས་བྱེད་ཚེ། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་བཟང་པོ་མེད་པ་དང་རྒྱ་དཀར་ནག་གིས་དམག་འཁྲུག་རྒྱག་སྲིད་པའི་ཉེན་ཁ་ཡོད། རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་འབྲེལ་བ་བཟང་པོ་མེད་པ་འདིར་ཡུ་རོབ་མཉམ་འབྲེལ་གྱིས་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཐུབ་རྒྱུ་ཡིན་པ་སྟེ། རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་འཁྲུག་རྩོད་མི་སློང་བ་དང་མངའ་ཁོངས་ཀྱི་བདག་དབང་ལ་བརྩི་འཇོག་བྱ་དགོས་པའི་གྲོས་མཐུན་བཞག་ཡོད་པར་འཇར་མན་གཞུང་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག རྒྱ་ནག་གི་མི་དམངས་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ཧྲི་དབྱིན་ཧོང་གིས་ཡུ་རོབ་རྒྱལ་ཁབ་ཁག་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་གཞིའི་ཐོག་ཏུ་རྒྱ་ནག་ལ་དགའ་མོས་མེད་པས་ཡུ་རོབ་རྒྱལ་ཁབ་ཁག་གི་མཚོ་དམག་གི་སྟོབས་ཤུགས་རྒྱ་གར་རྒྱ་མཚོའི་ནང་དུ་ཁྱབ་ཀྱི་འདུག པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར་རྒྱ་ནག་གིས་ཡུ་རོབ་རྒྱལ་ཁབ་ཁག་ལ་མཛའ་འབྲེལ་རྒྱུན་འཁྱོངས་བྱ་རྒྱུ་གནད་འགག་ཆེན་པོ་ཡིན། འོན་ཀྱང་ཡུ་རོབ་རྒྱལ་ཁབ་ཁག་ལ་མཛའ་འབྲེལ་རྒྱུན་འཁྱོངས་བྱེད་པར་རྒྱ་ནག་གིས་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་ལ་འགྲིག་མཐུན་གྱི་སྲིད་ཇུས་ཤིག་འཛིན་དགོས་ཀྱི་འདུག་ཅེས་བཤད། ཡུ་རོབ་མཉམ་འབྲེལ་གྱི་སྲིད་ཇུས་ཉམས་ཞིབ་ཁང་གིས་ཀྱང་ཨ་མི་རི་ཀས་འགོ་ཁྲིད་པའི་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་དམག་དོན་འཐབ་ཇུས་ལ་ཡུ་རོབ་མཉམ་ཞུགས་བྱ་རྒྱུ་གནད་འགག་ཆེན་པོ་རེད་ཅེས་བསྟན་འདུག

XS
SM
MD
LG