ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

འཇར་མན་སོགས་ཀྱིས་ཡུཀ་རེན་ལ་ལྕགས་ཁྲབ་འཁོར་ལོ་སྤྲོད་ཀྱི་རྒྱུའི་ཁས་ལེན། 


༄༅།། ཡུ་རོབ་རྒྱལ་ཁབ་འཇར་མན་ཎི་དང་ཌན་མག ནེ་དྷར་ལན་ཌི་གསུམ་གྱིས་ཉུང་མཐའ་ཡང་ཡུཀ་རེན་ལ་གཟིག་རྟགས་གཅིག་ཅན་གྱི་ལྕགས་ཁྲབ་འཁོར་ལོ་༡༠༠་ཐམ་པ་སྤྲོད་རྒྱུའི་ཁས་ལེན་ཐོབ། ཡུཀ་རེན་ལ་བཙན་འཛུལ་བྱུང་ནས་ལོ་གཅིག་འཁོར་གྱི་ཡོད་པའི་དུས་སྐབས་འདིར་ཨུ་རུ་སུས་སླར་ཡང་དཔུང་འཇུག་ཆེན་པོ་ཞིག་བྱ་སྲིད་པའི་རྟགས་མཚན་ཐོན། ཕྱི་ཟླ་༢་པའི་ཚེས་༨་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་སྔོན་མར་འཇར་མན་གཞུང་གིས་ཡུཀ་རེན་ལ་གཟིག་རྟགས་གཉིས་པའི་དེང་སྐབས་ཅན་གྱི་ལྕགས་ཁྲབ་འཁོར་ལོ་སྤྲོད་རྒྱུའི་གསལ་བསྒྲགས་སྤེལ། ཁ་སང་གཟའ་མིག་དམར་ཉིན་འཇར་མན་ཎི་དང་ཌན་མག ནེ་དྷར་ལན་ཌི་གསུམ་གྱི་རྒྱལ་སྲུང་བློན་ཆེན་ཚོས་ཡུཀ་རེན་ལ་གཟིག་རྟགས་གཅིག་ཅན་གྱི་ལྕགས་ཁྲབ་འཁོར་ལོ་རྙིང་པའི་གྲས་སྤྲད་ནས་རྒྱལ་ཁབ་དེའི་བདེ་འཇགས་སྲུང་སྐྱོབ་ལ་རྒྱབ་སྐྱོར་དང་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུའི་མཉམ་འབྲེལ་གསལ་བསྒྲགས་སྤེལ། གསལ་བསྒྲགས་དེར་ལྕགས་ཁྲབ་འཁོར་ལོ་དེ་ཚོས་ཡུཀ་རེན་གྱི་དམག་གི་སྟོབས་ཤུགས་རྒྱ་བསྐྱེད་ཐུབ་པ་དང་རྒྱལ་ཁབ་དེའི་མངའ་ཁོངས་སྲུང་སྐྱོབ་ལ་ནུས་པ་ཐོན་ཐུབ། སྔོན་ལ་ཡུཀ་རེན་གྱི་དམག་མི་ཚོར་འཇར་མན་ཎིས་བཟོས་པའི་ལྕགས་ཁྲབ་འཁོར་ལོ་དེ་རྣམས་བཀོལ་སྤྱོད་ཇི་ལྟར་བྱེད་དགོས་མིན་གྱི་སྦྱོང་བརྡར་སྤྲད། དེ་ནས་བྲེལ་མྱུར་གྱིས་གཟིག་རྟགས་གཅིག་ཅན་གྱི་ལྕགས་ཁྲབ་འཁོར་ལོ་དེ་རྣམས་ཡུཀ་རེན་ལ་སྤྲོད་རྒྱུ་ཡིན་ཞེས་འཁོད། གཟིག་རྟགས་གཅིག་ཅན་གྱི་ལྕགས་ཁྲབ་འཁོར་ལོ་ནི་དུས་རབས་སྔོན་མའི་ལོ་རབས་༦༠་པ་ནས་༨༠་པའི་བར་དུ་འཇར་མན་ཎིས་བཟོས་པའི་ལྕགས་ཁྲབ་འཁོར་ལོ་སྤུས་དག་ཅིག་ཡིན་ཞིང་། ༢༠༠༣་ནས་འཇར་མན་ཎིས་གཟིག་རྟགས་གཅིག་ཅན་གྱི་ལྕགས་ཁྲབ་འཁོར་ལོ་བཀོལ་སྤྱོད་བྱ་རྒྱུ་མཚམས་བཞག ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་ཨུ་རུ་སུའི་དམག་གིས་ཤར་ཕྱོགས་དང་ལྷོ་ཕྱོགས་ནས་བསྐྱར་དུ་དཔུང་འཇུག་བྱས་ཏེ་ན་ནིང་ཕྱི་ཟླ་༩་པའི་ནང་དུ་བཙན་འཕྲོག་བྱས་པའི་ཡུཀ་རེན་གྱི་ས་ཆ་རྣམས་བརྟན་པོར་འཛིན་རྒྱུའི་ཉེན་ཁ་འདུག ཨུ་རུ་སུའི་དམག་གིས་དཔུང་འཇུག་ཐེངས་གཉིས་པ་མ་བྱུང་གོང་དུ་ལྕགས་ཁྲབ་འཁོར་ལོ་སྤྲོད་རྒྱུའི་ཐག་གཅོད་བྱས་པར་དགའ་བསུ་ཡོད་ཅེས་བསྒྲགས། ན་ནིང་དབྱར་མཇུག་དེར་ཨུ་རུ་སུའི་དམག་གིས་ས་ཆ་ཤོར་ཏེ་ངོ་གནོང་དགོས་པ་ཞིག་བྱུང་། ཕུ་ཊིན་གྱིས་ས་ཆ་དེ་རྣམས་ཕྱིར་ལེན་བྱེད་པར་དམག་འཁྲུག་རྒྱག་སྲིད་པའི་གནས་ཚུལ་ཐོན་འདུག

ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་ཨུ་རུ་སུའི་རྒྱལ་ནང་དུ་བཙན་འཛུལ་དམག་འཁྲུག་དེར་རྒྱབ་སྐྱོར་ཐོབ་ཐབས་སུ་ཕུ་ཊིན་གྱིས་སླར་ཡང་དམག་དྲངས་ཏེ་ཡུཀ་རེན་ལ་དཔུང་འཇུག་བྱ་རྒྱུ་དང་ས་ཆ་འཕྲོག་རྒྱུའི་ཉེན་ཁ་འདུག་ཅེས་བསྟན། ནུབ་ཕྱོགས་ཀྱི་དམག་དོན་ཉམས་ཞིབ་པ་ཚོས་ཕྱི་ཟླ་༢་པའི་ཚེས་༢༤་ཡས་མས་སུ་ཨུ་རུ་སུས་དཔུང་འཇུག་བྱས་ནས་ཡུཀ་རེན་ལ་གཏོར་རྒོལ་བྱེད་ཐུབ་རྒྱུ་ཁག་པོ་རེད། འདས་པའི་ལོ་གཅིག་གི་རིང་ཨུ་རུ་སུའི་དམག་མི་འབུམ་༢་ལྷག་བསད་རྨས་དང་མཚོན་ཆ་ཕལ་མོ་ཆེ་གཏོར་བཅོམ་ཐེབས་ཏེ་ཡུཀ་རེན་ལ་དམག་འཁྲུག་ཆེན་པོ་ཞིག་རྒྱག་ཐུབ་རྒྱུའི་ནུས་པ་མི་འདུག ཕུ་ཊིན་གྱིས་དམག་ཁྲལ་བསྡུས་པའི་ཨུ་རུ་སུའི་དམག་མི་གསར་པ་ཚོར་སྦྱོང་བརྡར་སྤྲོད་བཞིན་པའི་སྒང་རེད་ཅེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ། ཕྱི་ཟླ་༢་པའི་ཚེས་༧་ཉིན་འཇར་མན་ཎིའི་རྒྱལ་སྲུང་བློན་ཆེན་ཡུཀ་རེན་ལ་འཚམས་འདྲིར་ཕེབས། ཡུཀ་རེན་གྱི་གསར་འགྱུར་ལས་ཁང་གིས་གཟིག་རྟགས་གཅིག་ཅན་གྱི་ལྕགས་ཁྲབ་འཁོར་ལོ་༢༠་ནས་༢༥་ཙམ་ལོ་འདིའི་དབྱར་དུས་ཡུཀ་རེན་ལ་མཁོ་སྤྲོད་བྱ་རྒྱུ་རེད་ཅེས་གནས་ཚུལ་སྤེལ། འཇར་མན་ཎིའི་རྒྱལ་སྲུང་ལྷན་ཁང་གིས་ཡུཀ་རེན་ལ་གཟིག་རྟགས་གཅིག་ཅན་གྱི་ལྕགས་ཁྲབ་འཁོར་ལོ་༡༧༨་ཕྱིར་ཚོང་བྱེད་ཆོག་པའི་ཆོག་མཆན་བཀོད་པ་དང་བྷེར་ཇེམ་གཞུང་གིས་ཀྱང་ཡུཀ་རེན་ལ་ལྕགས་ཁྲབ་འཁོར་ལོ་སྤྲོད་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཟླ་བ་སྔོན་མར་འཇར་མན་ཎིའི་དམག་གི་གོ་མཛོད་ཁག་ནས་ཡུཀ་རེན་ལ་གཟིག་རྟགས་གཉིས་པའི་ལྕགས་ཁྲབ་འཁོར་ལོ་༡༤་སྤྲོད་རྒྱུའི་ཐག་གཅོད་བྱས་པ་རྣམས་ཕྱི་ཟླ་༣་པའི་ཟླ་མཇུག་ཏུ་ཡུཀ་རེན་ལ་འཕྲོད་ཀྱི་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག

ཡུ་རོབ་རྒྱལ་ཁབ་མང་ཆེ་བས་འཇར་མན་ཎིས་བཟོས་པའི་གཟིག་རྟགས་གཉིས་པའི་ལྕགས་ཁྲབ་འཁོར་ལོ་ཉོས་ཡོད་པ་དང་འཇར་མན་གཞུང་གིས་ཆོག་མཆན་བཀོད་པའི་རྗེས་སུ་ཡུ་རོབ་རྒྱལ་ཁབ་གཞན་ཁག་གིས་ཀྱང་རང་གི་དམག་དོན་གོ་མཛོད་ཁག་ནས་ཡུཀ་རེན་ལ་གཟིག་རྟགས་གཉིས་པའི་ལྕགས་ཁྲབ་འཁོར་ལོ་སྤྲོད་ཆོག་ཅིང་། ཕྱི་ཟླ་དང་པོའི་ཚེས་༣༠་ཉིན་བྷོག་སིང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཏུར་ཀི་དང་སི་པེན་གྱིས་ཀྱང་ཡུཀ་རེན་ལ་ལྕགས་ཁྲབ་འཁོར་ལོ་རོགས་རམ་སྤྲོད་རྒྱུའི་ཁས་བླངས། ཏུར་ཀིའི་གཞུང་གིས་ལྕགས་ཁྲབ་འཁོར་ལོ་སྤྲོད་རྒྱུའི་ཁས་ལེན་ཐོབ་པ་ནི་ཡུཀ་རེན་དང་ཡུ་རོབ། འཛམ་གླིང་ཡོངས་ལ་གཏམ་བཟང་ཞིག་ཡིན་པ་དང་འགྲོ་བ་མི་སུ་ཞིག་ཡིན་རུང་རང་ཉིད་སྲུང་སྐྱོབ་བྱེད་ཆོག་པའི་ཐོབ་ཐང་ཡོད། ཏུར་ཀི་དང་སུད་ཌེན་གྱི་རྩོད་གཞི་སེལ་ཏེ་ནུབ་ཆིངས་མྱུར་དུ་རྒྱ་བསྐྱེད་དགོས་ཞེས་བཀོད། ཏུར་ཀི་དང་ཨུ་རུ་སུ་གཉིས་འབྲེལ་བ་བཟང་པོ་ཡོད་པས་ཏུར་ཀིའི་གཞུང་གིས་ཡུཀ་རེན་ལ་ལྕགས་ཁྲབ་འཁོར་ལོ་ཅི་ཙམ་མཁོ་སྤྲོད་བྱེད་ཀྱི་ཡོད་མེད་ཀྱི་གྲངས་འབོར་ཕྱིར་བསྒྲགས་མ་བྱུང་། ཏུར་ཀིའི་གཞུང་གིས་ཡུཀ་རེན་ལ་ཁ་ལོ་བ་མེད་པའི་འཕུར་གྲུ་དང་འབར་མདེལ་སོགས་ཕྱིར་ཚོང་བྱས་ཤིང་། ཕྱི་ཟླ་དང་པོའི་ཚེས་༡༠་ཉིན་ཕྱི་སྲིད་དུས་དེབ་ནང་དུ་ཏུར་ཀིའི་གཞུང་གིས་ཡུཀ་རེན་ལ་ཨ་མི་རི་ཀས་བཟོས་པའི་ཕྱོགས་འཐོར་འབར་མདེལ་སྤྲད་ནས་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་དང་འཐབ་འཁོར་རྣམས་གཏོར། ཡུཀ་རེན་གྱི་དམག་ས་ཁག་ཏུ་བཀྲམ་ཡོད་པའི་ཨུ་རུ་སུའི་དམག་མི་རྣམས་བསད་རྨས་ཚབས་ཆེན་འབྱུང་གི་ཡོད་པའི་གནས་ཚུལ་ཐོན། ཏུར་ཀིའི་སྲིད་འཛིན་ཨེར་དྷོ་ཝན་གྱི་བར་འདུམ་འོག་ཏུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ནས་ཡུཀ་རེན་གྱི་འབྲུ་རིགས་ཕྱིར་ཚོང་བྱེད་ཆོག་པའི་གྲོས་མཐུན་མིང་རྟགས་བཀོད།།

དེ་རིང་ཕྱི་ཟླ་༢་པའི་ཚེས་༨་ཉིན་སེ་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་དབྱིན་ཡུལ་དུ་འཚམས་འདྲིར་ཕེབས་ཏེ་སྲིད་བློན་རི་ཤི་སུ་ནག་གནམ་ཐང་དུ་ཕེབས་བསུར་བཅར། སྲིད་འཛིན་ཛེ་ལན་སི་ཀི་དང་སྲིད་བློན་རི་ཤི་སུ་ནག་གཉིས་གནམ་ཐང་ནས་སྲིད་བློན་ལས་ཁུངས་སུ་མཉམ་དུ་ཕེབས། དེའི་རྗེས་སུ་དབྱིན་ཇིའི་རྒྱལ་པོ་ཆལ་སི་མཆོག་ལ་མཇལ་འཕྲད་དང་སྲིད་འཛིན་ཛེ་ལན་སི་ཀིས་དབྱིན་ཇིའི་གྲོས་ཚོགས་ལ་གཏམ་བཤད། དབྱིན་ཡུལ་དུ་དམག་སྦྱོང་བྱེད་བཞིན་པའི་ཡུཀ་རེན་གྱི་དམག་དཔུང་ལ་གཟིགས་ཞིབ། ཉེ་ཆར་ཕྱི་ཟླ་༡༢་པའི་ནང་དུ་སྲིད་འཛིན་ཛེ་ལན་སི་ཀི་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་འཚམས་འདྲིར་ཕེབས་ནས་བཟུང་། སྲིད་འཛིན་ཛེ་ལན་སི་ཀི་རང་ཡུལ་ནས་ཕྱི་རྒྱལ་ལ་འཚམས་འདྲིར་ཕེབས་པ་ཐེངས་གཉིས་པ་ཡིན་ཞིང་། གཟའ་ལྷག་པའི་ཉིན་དབྱིན་ཇིའི་གཞུང་གིས་ཡུཀ་རེན་ལ་དམག་དོན་ཡོ་བྱད་རོགས་རམ་སྤྲོད་རྒྱུ་མང་དུ་གཏོང་རྒྱུ་དང་ཡུཀ་རེན་གྱི་དམག་དཔུང་ལ་སྦྱོང་བརྡར་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། དབྱིན་ཇིའི་གཞུང་གིས་ཡུཀ་རེན་གྱི་གནམ་གྲུའི་ཁ་ལོ་བ་ཚོར་ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚད་གཞི་ལོངས་པའི་འཐབ་འཛིང་གནམ་གྲུ་བཀོད་སྤྱོད་བྱེད་སྟངས་ཀྱི་སྦྱོང་བརྡར་སྤྲོད་ཀྱི་ཡོད་མོད། ཡིན་ནའང་ནུབ་ཆིངས་སྒྲིག་འཛུགས་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་བཟོས་པའི་དམག་འཐབ་གནམ་གྲུ་སྤྲོད་རྒྱུའི་ཁས་ལེན་མ་ཐོབ། ཕྱི་ཟླ་དང་པོའི་ཟླ་དཀྱིལ་དེར་དབྱིན་གཞུང་གིས་ཡུཀ་རེན་ལ་ལྕགས་ཁྲབ་འཁོར་ལོ་༡༢་སྤྲོད་རྒྱུའི་གསལ་བསྒྲགས་སྤེལ། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་དབྱིན་ཡུལ་ནས་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ས་སྟེ། བྷེལ་ཇེམ་གྱི་རྒྱལ་དྷ་ར་སིལ་སི་གྲོང་ཁྱེར་དུ་ཕེབས་ནས་གཟའ་ཕུར་བུའི་ཉིན་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཁ་སང་གཟའ་མིག་དམར་ཉིན་ཨུ་རུ་སུའི་དམག་གིས་འཕུར་མདེལ་བརྒྱབ་ནས་ཡུཀ་རེན་གྱི་སྨན་ཁང་ཞིག་དང་མི་མང་གི་སྡོད་ཁང་ཞིག་གཏོར། ཡུཀ་རེན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པས་ཨུ་རུ་སུའི་དམག་གིས་ཌོ་ནེ་ཛིཀ་ཞིང་ཆེན་གྱི་ལི་མན་དང་བྷག་མུ་ཏ། ཨབ་དིབ་ཀ་དང་ནོ་ཝོ་པབ་ལིབ་ཀ་ས་གནས། ཁར་ཀིབ་ཞིང་ཆེན་གྱི་ཀུ་པི་ཡན་སི་ཀི་སོགས་དམིག་འབེན་དུ་འཛིན་གྱི་འདུག ཌོ་ནེ་ཛིཀ་ཞིང་ཆེན་གྱི་གཏེར་ཁས་རབ་ཏུ་ཕྱུག་པའི་ཝཱུ་ལེ་ཌར་གྲོང་རྡལ་ལའང་མེ་སྒྱོགས་བརྒྱབ་ནས་གཏོར་རྒོལ་བ་རྒྱུ་མཚམས་འཇོག་གི་མི་མེད་པ་དང་གྲོང་རྡལ་དེའི་མི་མང་གནས་སྡོད་བྱ་ཡུལ་ཁང་ཆེན་༥་གཏོར་སོང་། ཡུཀ་རེན་གྱི་ཛ་པོ་རི་ཡ་རྡུལ་ཕྲན་གློག་ཁང་གི་ཉེ་འཁྲིས་སུ་ཆགས་པའི་མར་ཧ་ནེ་ཊི་སི་གྲོང་རྡལ་ལ་ཨུ་རུ་སུའི་དམག་གིས་མེ་སྒྱོགས་བརྒྱབ་ནས་གྲོང་རྡལ་དེའི་ཁྱིམ་ཚང་ཁྲི་ཚོ་༦་ལ་འཐུང་ཆུ་ཆད། ཌི་ནིབ་རོ་པེ་ཊི་རོབ་སི་ཀི་མངའ་ཁུལ་གྱི་འགོ་ཁྲིད་ལུ་ཀ་ཤུག་གིས་ཨུ་རུ་སུའི་དམག་གིས་མེ་སྒྱོགས་བརྒྱབ་སྟེ་གྲོང་རྡལ་དང་གྲོང་གསེབ། གློག་ཁང་ཁག་ལ་གཏོར་རྒོལ་བྱེད་ཀྱི་འདུག་ཅེས་ནག་ཉེས་བཙུགས། དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་མི་མང་དཀྱུས་མ་གནས་སྡོད་བྱ་ཡུལ་ཁག་ལ་གཏོར་རྒོལ་བྱེད་ཀྱི་ཡོད་པ་ནི་འུ་ཐུག་པའི་རྟགས་མཚན་རེད། ཨུ་རུ་སུར་དམག་མི་འདང་ངེས་མེད་པ་དང་དམག་སྦྱོང་མ་ཐོབ་པ། མཚོན་ཆ་རྙིང་པ་དང་དམག་དོན་ཡོ་བྱད་མཁོ་ངེས་ཤིག་མེད་པ་བཅས་ཀྱིས་ཡུཀ་རེན་ལ་གཏོར་རྒོལ་ཅི་ཙམ་བྱས་ཀྱང་རྒྱལ་ཁ་ཐོབ་རྒྱུ་ཤིན་ཏུ་དཀའ། ཨུ་རུ་སུའི་འགོ་ཁྲིད་ཚོས་དཔུང་འཇུག་བྱ་དགོས་ཞེས་བཀའ་གཏོང་སྲིད་ཀྱང་ས་གནས་ས་ཐོག་ཏུ་ཡུཀ་རེན་ལ་གཏོར་རྒོལ་ནུས་པ་ཐོན་པ་ཞིག་བྱེད་ཀྱི་མི་འདུག་ཅེས་བཀྲལ། ཨ་མི་རི་ཀའི་དམག་དོན་ཉམས་ཞིབ་པ་ཀོབ་མན་གྱིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཌོན་བྷ་སི་མངའ་ཁུལ་ལེན་ཐབས་བྱ་རྒྱུ་དེར་དམིགས་པ་གཙོ་བོ་གཏོད་ཀྱི་འདུག་ཅེས་བཤད་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG