ངོ་འཕྲད་བདེ་བའི་དྲ་འབྲེལ།

འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་ཚོགས་ཆེན།


༄༅།། ཕྱི་ཟླ་༥་པའི་ཚེས་༣་ནས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ལ་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་ཕྱི་སྲིད་བློན་ཆེན་རྣམས་ཀྱི་ལོ་འཁོར་ཚོགས་འདུ་ཚོགས། སྔ་ལོ་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་སྟབས་ཀྱིས་བཟོ་ལས་ཡར་ཐོན་རྒྱལ་ཁབ་ཁག་གི་ཕྱི་སྲིད་བློན་ཆེན་རྣམས་དངོས་སུ་ལྷན་འཛོམ་ཚོགས་འདུ་ཚོགས་མ་ཐུབ། ད་ལོའི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་དང་ཨུ་རུ་སུ། འབར་མ་དང་སི་རི་ཡའི་ནང་འཁྲུག ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་དམག་དཔུང་རྣམས་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱེད་ཀྱི་ཡོད་པ་སོགས་གནད་དོན་གལ་ཆེན་ཁག་ལ་གྲོས་སྡུར་བྱེད་ཀྱི་ཡོད་ཅིང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་དང་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་གཉིས་ཀྱིས་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་ཕྱི་སྲིད་བློན་ཆེན་ཁག་གི་ལོ་འཁོར་ཚོགས་འདུའི་གྲོས་གཞི་ནི་རྒྱ་ནག་དང་ཨུ་རུ་སུ་གཉིས་ཡིན། འོན་ཀྱང་ཚོགས་ཆེན་འདིའི་དམིགས་ཡུལ་གཙོ་བོ་རྒྱ་ནག་བཀག་སྐྱིལ་བྱེད་པའམ། ཡང་ན་རྒྱ་ནག་མགོ་བོ་གནོན་རྒྱུའི་ཆེད་དུ་མིན། རྒྱ་ནག་ཚུད་པའི་རྒྱལ་ཁབ་གང་འདྲ་ཞིག་གིས་རྒྱལ་སྤྱིའི་ཁྲིམས་དང་སྒྲིག་སྲོལ་ཁག་ལ་གཏོར་བརླག་བྱས་ནས་མགོ་རྟིང་སློག་ཐབས་བྱེད་ཚེ། ཨ་མི་རི་ཀ་དང་ནུབ་ཕྱོགས་ཀྱི་དམངས་གཙོའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་ཁྲིམས་དང་སྒྲིག་སྲོལ་ཁག་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བསྒྲགས། འདས་པའི་ལོ་བཞིའི་རིང་ལ་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་རེ་སྤེལ་ནས་ཕྱི་སྲིད་བསྐྱངས་པར་ནུབ་ཕྱོགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ཧང་སང་བ་དང་མཐུན་གྲོགས་མང་དག་ཅིག་ལ་བློ་འཚབ་བྱུང་། ད་ལྟ་སྲིད་འཛིན་བྷ་ཌན་གྱིས་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་བློ་དོགས་ཡོད་པ་སེལ་ཐབས། ཨ་མི་རི་ཀས་སྔར་བཞིན་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་རྒྱ་ནག་དང་ཨུ་རུ་སུ་སོགས་ཀྱི་ཉེན་ཁ་གསར་པ་ཁག་ལ་གདོང་ལེན་བྱ་རྒྱུའི་སྲིད་ཇུས་སླར་གསོ་བྱས་འདུག

དབྱིན་ཇི་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཉིས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ།
དབྱིན་ཇི་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཉིས་ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ།

༡༩༧༥་ལོར་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་མཐུན་ཚོགས་འདི་གསར་དུ་ཚུགས། མཐུན་ཚོགས་འདིའི་ཐོག་མའི་དམིགས་ཡུལ་ནི་ནུབ་ཕྱོགས་ཀྱི་འབྱོར་ལྡན་རྒྱལ་ཁབ་ཁག་ལ་འཛམ་གླིང་གི་རྡོ་སྣུམ་ཕྱིར་ཚོང་རྒྱལ་ཁབ་ཁག་གིས་རྡོ་སྣུམ་ཐོན་སྐྱེད་བཀག་པའི་དཀའ་ངལ་སེལ་ཐབས་སུ་བཙུགས། དེ་ནས་རིམ་བཞིན་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་་༧་གྱི་ཆེས་མཐོའི་འགོ་ཁྲིད་ཚོའི་ལོ་འཁོར་ཚོགས་ཆེན་དེ་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར། ཚོང་ལས་དང་དམག་དོན་སོགས་གནད་དོན་ཕལ་ཆེ་བར་གྲོས་སྡུར་བྱེད་པའི་ཚོགས་འདུ་ཞིག་ཏུ་གྱུར། འདས་པའི་ལོ་༤༠་རིང་ལ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་སོང་སྟེ་སྟོབས་འབྱོར་རྒྱས། ༡༩༩༡་ལོར་ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་ཁ་འཐོར་དུ་ཕྱིན་ཏེ་གྲང་དམག་འཁོན་འཛིན་མཇུག་བསྒྲིལ་ནས་བཟུང་། འཛམ་གླིང་གི་ས་ཁམས་ཆབ་སྲིད་ཀྱི་སྟོབས་ཤུགས་ལ་འགྱུར་བ་ཐེབས། དེས་ན་༢༠༢༡་ལོའི་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་ལོ་འཁོར་ཚོགས་འདུའི་ཐོག་ཏུ་རྒྱ་ནག་དང་ཨུ་རུ་སུ། དེང་སྐབས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེ་བ་དང་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་འཕྲད་བཞིན་པ་བཅས་ལ་གདོང་ལེན་བྱེད་ཕྱོགས་སུ་གྲོས་སྡུར་བྱ་དགོས་པ་ཞིག་ཏུ་གྱུར། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་ང་ཚོས་ལྟ་བ་དང་དམངས་གཙོའི་ལམ་ལུགས་གཅིག་མཚུངས་དེར་སྲུང་སྐྱོབ་བྱ་དགོས་པ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། ང་ཚོས་ལས་དོན་མཉམ་སྒྲུབ་བྱེད་དགོས་པ་ནི་སྔར་ལས་དགོས་མཁོ་ཆེ་རུ་ཕྱིན་འདུག་ཅེས་བཤད། ཉམས་ཞིབ་པ་ཚོས་ཨ་མི་རི་ཀ་དང་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གི་དམིགས་ཡུལ་གཙོ་བོ་རྒྱ་ནག་དང་ཨུ་རུ་སུ་གཉིས་ལ་ཕུགས་རྒྱང་རིང་པོར་གདོང་ལེན་ཇི་ལྟར་བྱེད་དགོས་མིན་ལ་གྲོས་སྡུར་བྱེད་ཀྱི་ཡོད་པའི་གླེང་སློང་བྱས་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་གྱིས་ཨ་མི་རི་ཀས་ཨུ་རུ་སུ་ལ་འབྲེལ་བ་བརྟན་པོ་ཞིག་འཛིན་འདོད་ཡོད། ཨ་རི་དང་ཨུ་རུ་སུ་གཉིས་ཀྱིས་འབྲེལ་བ་བརྟན་པོ་ཞིག་འཛུགས་ཐུབ་རྒྱུ་ཡིན་མིན་ནི་སྲིད་འཛིན་ཕུ་ཀྲིན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་གྱི་ས་མཚམས་སུ་དམག་བཏང་ནས་སྡིགས་ར་སྐུལ་བཞིན་པ་སོགས་མཚམས་འཇོག་བྱེད་མིན་ལ་ཐུག་ཡོད། ང་ཚོས་སླར་ཡང་ཡུཀ་རེན་གྱི་རང་བཙན་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་གཡོ་བ་མེད་པའི་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ཟློས་བྱས་ཡོད། ང་ཚོར་ཛ་དྲག་ཆེ་རུ་གཏོང་འདོད་མེད་པ་དང་འབྲེལ་བ་བརྟན་པོ། སྔོན་དཔག་ཐུབ་པའི་འབྲེལ་བ་ཞིག་འཛིན་འདོད་ཡོད། གལ་སྲིད་ཨུ་རུ་སུ་ལམ་ཕྱོགས་དེར་བསྐྱོད་འདོད་ཡོད་ན་ང་ཚོ་ཡང་ལམ་ཕྱོགས་དེར་བསྐྱོད་ཆོག་ཅེས་བཤད། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་ཨུ་རུ་སུའི་ལོག་བཤད་དྲིལ་བསྒྲགས་ལ་འགོག་རྒོལ་བྱེད་པའི་ཐབས་ཇུས་ཤིག་བཀོད་སྒྲིག་བྱ་དགོས། དམངས་གཙོ་དང་རང་དབང་ཁྲོམ་རའི་ལམ་ལུགས་ལའང་སྲུང་སྐྱོབ་བྱ་དགོས་ཞེས་རྒྱ་ནག་ལ་གོ་རྒྱུ་བཏང་ཞིང་། འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་ནི་ཨ་རི་དང་ཁེ་ན་ཌ། ཧྥ་རན་སི་དང་འཇར་མན་ཎི། ཨི་ཊ་ལི་དང་ཉི་ཧོང་། དབྱིན་ཇི་བཅས་ཡིན་རུང་གཟའ་འཁོར་འདིའི་ལྷན་ཚོགས་ལ་རྒྱ་གར་དང་ཨོ་གླིང་རྒྱལ་ཁབ། ལྷོ་ཨ་ཧྥི་རི་ཀ་དང་ལྷོ་ཀོ་རི་ཡ། ཡོ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་བློན་ཆེན་རྣམས་ཀྱང་མགྲོན་འབོད་བྱས་འདུག གཟའ་མིག་དམར་ཉིན་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་ཕྱི་སྲིད་བློན་ཆེན་རྣམ་པས་འཛམ་གླིང་གི་ས་ཁམས་ཆབ་སྲིད་ལ་འགྱུར་བ་ཐེབས་ཏེ་དམངས་གཙོའི་ལམ་ལུགས་ཉམས་དམས་སུ་བཏང་ནས་རང་དབང་བརླག་སྲིད་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་རྒྱུ་ཚབས་ཆེ་རུ་འགྲོ་བཞིན་པར་འགོག་རྒོལ་ཇི་ལྟར་བྱེད་དགོས་མིན་ལ་གྲོས་སྡུར་གཙོ་བོ་བྱས་འདུག

ཟླ་བ་རྗེས་མར་དབྱིན་ཡུལ་གྱི་ལྷོ་ནུབ་ས་ཁུལ་ཞིག་ཏུ་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་ཆེས་མཐོའི་འགོ་ཁྲིད་ཁག་གི་ཚོགས་འདུ་འཚོགས་རྒྱུ། སྐབས་དེར་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཉི་ཧོང་གི་སྲིད་བློན་སུ་གྷ། དབྱིན་ཇིའི་སྲིད་བློན་དང་ཧྥ་རན་སིའི་སྲིད་འཛིན་སོགས་མཉམ་ཞུགས་བྱ་རྒྱུ། རྒྱ་གར་དང་ཨོ་གླིང་རྒྱལ་ཁབ། ལྷོ་ཀོ་རི་ཡ་དང་ལྷོ་ཨ་ཧྥི་རི་ཀ ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་དང་རྒྱལ་ཁབ་༢༧་ཀྱི་མཐུན་ཚོགས་ཡུ་རོབ་མཉམ་འབྲེལ་གྱི་སྐུ་ཚབ་རྣམས་ཀྱང་ཚོགས་འདུ་ཁག་ཅིག་ལ་མཉམ་ཞུགས་བྱེད་ཆོག་པའི་འབོད་མགྲོན་བྱས་ཤིང་། འདི་ནི་ཨ་མི་རི་ཀ་དང་དབྱིན་ཇི་སོགས་ཀྱིས་རྒྱ་གར་རྒྱ་མཚོ་ནས་ཞི་བདེའི་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ་ལ་མཉམ་འབྲེལ་བྱེད་ཀྱི་ཡོད་པའི་རྣམ་པ་མཚོན་ཐབས། ཟླ་བ་སྔོན་མར་དབྱིན་ཇིའི་གཞུང་གིས་མངའ་ཁུལ་དེར་ཁ་ཕྱོགས་སྒྱུར་བ་ཞེས་པའི་ཕྱི་འབྲེལ་སྲིད་ཇུས་གསར་པ་ཞིག་ལ་གཏན་ལ་ཕབ་པ་ལག་ལེན་བསྟར་འགོ་ཚུགས་པའང་མཚོན་ཐུབ། མདང་དགོང་གི་གསོལ་སྟོན་ཐོག་ཏུ་ཉི་ཧོང་དང་ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་རྣམ་གཉིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ། དམར་ཤོག་རྒྱལ་ཁབ་དེའི་རྡུལ་ཕྲན་མཚོན་ཆ་མེད་པར་བཏང་བ་ངེས་གཏན་ཐུབ་པ་ཞིག་འབྱུང་དགོས་པའི་གྲོས་མཐུན་བྱུང་། ཁ་སང་གཟའ་ཟླ་བའི་ཉིན་ཨ་མི་རི་ཀས་ཕྱི་འབྲེལ་སྲིད་ཇུས་བརྒྱུད་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དེར་གྲོལ་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་བསྒྲགས། ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་གྱིས་ང་ཚོས་བྱང་ཀོ་རི་ཡར་འཛིན་པའི་སྲིད་ཇུས་ལ་གཟབ་ནན་གྱིས་བསྐྱར་ཞིབ་བྱས་ནས་ལག་ལེན་བསྟར་ཐུབ་པའི་སྲིད་ཇུས་ཤིག་གཏན་འབེབས་བྱས་ཡོད་ཅེས་བཤད། ཁོང་གིས་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་དང་ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གཉིས་ལ་ལའང་ལོགས་སུ་ཐུག་འཕྲད་བྱས་ནས་ཨ་ཀི་རི་ཀ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་གསུམ་མཉམ་འབྲེལ་བྱས་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པའི་རྣམ་འགྱུར་གསལ་པོར་བསྟན།

སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཨ་མི་རི་ཀས་རྒྱ་ནག་ལ་ཁ་གཏད་བཅག་ནས་འགྲན་རྩོད་བྱ་རྒྱུ་ནི་ཕྱི་འབྲེལ་སྲིད་ཇུས་གལ་གནད་ཆེ་ཤོས་ཡིན་ཞེས་ཁྱབ་བསྒྲགས་བྱས་པར་མ་ཟད། བདུན་ཕྲག་སྔོན་མར་སྲིད་འཛིན་བྷ་ཌན་གྱིས་ཨ་རིའི་གྲོས་ཚོགས་ལ་གཏམ་བཤད་བྱས་པའི་སྐབས་སུའང་ཨ་མི་རི་ཀས་རྒྱ་གར་རྒྱ་མཚོ་ནས་ཞི་བདེའི་རྒྱ་མཚོའི་བར་དུ་དམག་དཔུང་ཤུགས་ཆེན་པོ་ཞིག་འགྲེམ་འཇོག་བྱ་རྒྱུ་དང་ཨ་རིའི་འཕྲུལ་རིག་ལག་རྩལ་ཡར་རྒྱས་གཏོང་དགོས་ཞེས་ནན་བརྗོད་བྱས། ཟླ་བ་སྔོན་མར་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་གྱིས་ཀྱང་རྒྱ་ནག་གིས་ཐེ་ཝན་ལ་སྡིགས་ར་སྐུལ་བཞིན་པར་བློ་འཚབ་ཡོད། སུ་ཞིག་གིས་མཚོ་འགག་ཕྱོགས་གཉིས་ཀྱི་གནས་ཐོབ་དང་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་ཀྱི་ཞི་བདེ་བརྟན་ལྷིང་ལ་གཏོར་བརླག་བྱས་ན་དེ་ནི་ཚབས་ཆེའི་ནོར་འཁྲུལ་ཡིན་ཞེས་ཉེན་བརྡ་བཏང་འདུག འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་ཕྱི་སྲིད་བློན་ཆེན་རྣམ་པའི་ཚོགས་ཆེན་གཞུག་ཏུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡུཀ་རེན་ལ་འཚམས་འདྲིར་ཕེབས་རྒྱུ། ཁོང་གིས་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་དང་དེ་མིན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ལ་ཐུག་འཕྲད་གྲོས་མོལ་བྱ་རྒྱུ། ༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་བཙན་འཕྲོག་བྱས་པའི་རྗེས་སུ་སྔོན་ཆད་ཨུ་རུ་སུ་དམར་ཤོག་གི་དབང་སྒྱུར་འོག་ཏུ་ཚུད་པའི་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཁ་གསར་པ་ཞིག་འཕྲད། དེར་བརྟེན་ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་བཅས་ཀྱིས་ཡུཀ་རེན་དང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་གནད་འགག་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།།

XS
SM
MD
LG