ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

དབྱིན་གཞུང་གིས་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་མ་ལག་ལ་བསྐྱར་ཞིབ།


ཨ་རིའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གསར་པ་བཀལ། ཧྭ་ཝེ་བཟོ་ཚོང་ཁང་ནི་རྒྱ་ནག་གི་གསང་བའི་ལས་ཁང་ལ་འབྲེལ་བ་འདུག ཨ་མི་རི་ཀའི་འཕྲུལ་རྩལ་གྱི་ཡོ་བྱད་རྣམས་ཧྭ་ཝེ་བཟོ་ཚོང་ཁང་ལ་ཕྱིར་ཚོང་བྱེད་མི་ཆོག ཧྭ་ཝེ་བཟོ་ཚོང་ཁང་གིས་ཨ་མི་རི་ཀའི་མཉེན་ཆས་རྣམས་བཀོལ་སྤྱོད་བྱེད་མི་ཆོག་ཅེས་ཚོང་འབྲེལ་བཀག་ནས་བཟུང་། དབྱིན་ཇིའི་གཞུང་གིས་རང་ཡུལ་གྱི་འཕྲུལ་རབས་ལྔ་པའི་ཁ་པར་གྱི་བརྡ་འཕྲིན་མ་ལག་ལ་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་ཡོ་བྱད་བཀོལ་སྤྱོད་བྱེད་དུ་འཇུག་དགོས་མིན་ལ་བསྐྱར་དུ་ཞིབ་འཇུག་བྱེད་ཀྱི་ཡོད་ཅིང་། ད་ལོའི་ཕྱི་ཟླ་དང་པོའི་ནང་དུ་དབྱིན་ཇིའི་གཞུང་གིས་ཨ་མི་རི་ཀའི་གནོན་ཤུགས་ལ་མགོ་མ་སྒུར་པརདབྱིན་ཡུལ་གྱི་འཕྲུལ་རབས་ལྔ་པའི་ཁ་པར་ལ་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་མ་ལག་བཀོལ་སྤྱོད་བྱེད་དུ་འཇུག་རྒྱུའི་ཐག་བཅད། ད་ལྟ་དབྱིན་ཇིའི་དྲྭ་ལམ་བདེ་འཇགས་སྲུང་སྐྱོབ་ལྟེ་གནས་ཁང་གིས་ང་ཚོའི་དྲྭ་ལམ་གྱི་བདེ་འཇགས་སྲུང་སྐྱོབ་ཐུབ་རྒྱུ་ནི་ལས་དོན་གལ་གནད་ཆེ་ཤོས་ཡིན། ཨ་རིའི་གཞུང་གིས་ཧྭ་ཝེ་བཟོ་ཚོང་ལས་ཁང་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གསར་པ་ཁག་ཅིག་བཀལ་ཡོད་པས་དབྱིན་ཡུལ་གྱི་ཁ་པར་འབྲེལ་ལམ་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་རྒྱུ་ཡིན་མིན་བསྐྱར་ཞིབ་གཟབ་ནན་བྱེད་དགོས་པ་ཞིག་བྱེད་དགོས་པ་ཞིག་ཏུ་གྱུར་འདུག་ཅེས་བཤད།།

སྔ་ལོ་ནས་ཨ་མི་རི་ཀའི་ཚོང་དོན་ལྷན་ཁང་གིས་རང་ཡུལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ལས་ཁང་ལ་མཉེན་ཆས་དང་འཕྲུལ་རིག་ལག་རྩལ་རྣམས་ཕྱིར་ཚོང་བྱེད་མི་ཆོག ཧྭ་ཝེ་བཟོ་ཚོང་ཁང་གིས་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་དང་མཉེན་ཆས་རྣམས་བཀོལ་སྤྱོད་བྱས་ནས་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་བཟོ་སྐྲུན་བྱེད་མི་ཆོག ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་གང་ཞིག་གིས་ཧྭ་ཝེ་བཟོ་ཚོང་ཁང་ལ་འཕྲུལ་རྩལ་དང་མཉེན་ཆས་སོགས་ཕྱིར་ཚོང་བྱེད་དགོས་ན་ཨ་རིའི་ཚོང་དོན་ལྷན་ཁང་ལ་ཆོག་མཆན་ཞུ་དགོས། ཧྭ་ཝེ་བཟོ་ཚོང་ཁང་གིས་རྒྱལ་ཁབ་གཞན་གྱི་བཟོ་གྲྭ་ཁག་ཏུ་ཨ་མི་རི་ཀའི་མཉེན་ཆས་དང་འཕྲུལ་རིག་ལག་རྩལ་རྣམས་དཔེ་བཤུ་བྱས་ནས་བརྡ་འཕྲིན་གྱི་མ་ལག་རྣམས་བཟོ་སྐྲུན་བྱེད་ཀྱི་འདུག་ཅེས་བསྒྲགས། དེར་བརྟེན་དབྱིན་ཇིའི་གཞུང་གིས་རང་ཡུལ་ལ་གསར་དུ་འཛུགས་འཆར་ཡོད་པའི་འཕྲུལ་རབས་ལྔ་པའི་ཁ་པར་གྱི་བརྡ་འཕྲིན་མ་ལག་བདེ་འཇགས་ལྡན་པ་དང་བློ་ཁེལ་བ་ཞིག་དགོས་ཀྱི་འདུག་ཅེས་བསྐྱར་ཞིབ་བྱ་རྒྱུ་འགོ་ཚུགས། ཐོག་མར་དབྱིན་ཇིའི་གཞུང་གིས་རང་ཡུལ་གྱི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་གཙོ་བོ་རྣམས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་ཡོ་བྱད་བཀོལ་སྤྱོད་བྱེད་མི་ཆོག དབྱིན་ཇིའི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་གི་ཡོ་བྱད་བརྒྱ་ཆ་༣༥་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་མ་ལག་རྣམས་བཀོལ་སྤྱོད་བྱེད་དུ་འཇུག་རྒྱུ་ཡིན། ལོ་གསུམ་གྱི་རྗེས་སུ་དབྱིན་ཇིའི་ཁ་པར་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་ཡོ་བྱད་རྣམས་བཀོལ་སྤྱོད་བྱེད་ཀྱི་ཡོད་པམཚམས་འཇོག་བྱ་དགོས་ཞེས་བཀོད་ཁྱབ་བཏང་ཡོད་པ་རེད།

ཧྭ་ཝེ་བཟོ་ཚོང་ཁང་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་ཁ་པར་ལས་ཁང་༩༡་ལ་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་འཛུགས་རྒྱུའི་གན་རྒྱ་བཞག དབྱིན་ཡུལ་དུ་བཅའ་སྡོད་ཧྭ་ཝེ་བཟོ་ཚོང་ཁང་གི་གཙོ་འཛིན་གཞོན་པ་ཝྭིཀ་ཊར་ཀྲང་གིས་ང་ཚོའི་ལས་འགན་གཙོ་བོ་ནི་དབྱིན་ཇི་རྒྱལ་ཡོངས་སུ་སྔར་བཞིན་བདེ་འཇགས་ལྡན་པ་དང་བློ་ཁེལ་ཆོག་པའི་འཕྲུལ་རབས་ལྔ་པའི་ཁ་པར་གྱི་བརྡ་འཕྲིན་མ་ལག་འཛུགས་རྒྱུ་དེ་ཡིན། དབྱིན་ཇིའི་རྒྱལ་ཡོངས་དྲྭ་ལམ་བདེ་འཇགས་སྲུང་སྐྱོབ་ལྟེ་གནས་ཁང་ལ་བློ་དོགས་ཅི་ཞིག་ཡོད་ཀྱང་ང་ཚོས་དེ་ལ་དགའ་མོས་ཀྱིས་གསལ་བཤད་བྱེད་ཆོག ཧྭ་ཝེ་བཟོ་ཚོང་ལས་ཁང་དང་དབྱིན་ཇིའི་ཁ་པར་བཟོ་ཚོང་ལས་ཁང་ཁག་གིས་ཚོང་འབྲེལ་བཙུགས་ནས་ལོ་༡༠་ཕྱིན་ཡོད་པ་རྒྱུན་འཁྱོངས་བྱེད་ཐུབ་པའི་རེ་བ་ཡོད། དེང་སྐབས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་འདི་ལ་བརྟེན་ནས་ཧྭ་ཝེ་བཟོ་ཚོང་ལས་ཁང་གིས་དབྱིན་ཡུལ་ལ་འཕྲུལ་རབས་ལྔ་པའི་ཁ་པར་འཛུགས་རྒྱུའི་ཚོང་ལས་ཀྱི་གན་རྒྱ་དེར་འགྱུར་བ་མི་ཐེབས་པའི་རེ་བ་ཡོད་ཅེས་ལན་བཏབ། ད་སྔ་དབྱིན་ཇིའི་གཞུང་གིས་ཧྭ་ཝེ་བཟོ་ཚོང་ལས་ཁང་ལ་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་གི་ཡོ་བྱད་ཁག་ཅིག་འཛུགས་ཆོག་པའི་མོས་མཐུན་བྱས་ཡོད་པས་དེ་ལ་ངོ་རྒོལ་བྱེད་མཁན་ཡང་འབྱུང་གི་ཡོད་འདུག དབྱིན་ཡུལ་གྱི་ངོ་རྒོལ་བྱེད་མཁན་ཚོས་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་མ་ལག་རྣམས་རྒྱ་ནག་གི་གསང་བའི་ལས་ཁང་གིས་སྟངས་འཛིན་བྱེད་ཀྱི་ཡོད་པ་དང་དབྱིན་ཇིའི་བརྡ་འཕྲིན་མ་ལག་ཀུན་ལ་རྒྱ་ནག་གིས་ལྐོག་ཉན་དང་རྟོག་ཞིབ་བྱེད་ཐུབ། ཐ་ན་རྒྱ་ནག་གཞུང་གིས་དབྱིན་ཇིའི་ཁ་པར་འབྲེལ་ལམ་འགོག་ཐུབ་པའི་ཉེན་ཁ་ཆེན་པོ་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།།

ཁ་སྔོན་ཕྱི་ཟླ་གསུམ་པར་དབྱིན་ཇིའི་རྙིང་ཞེན་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཧྭ་ཝེ་བཟོ་ཚོང་ཁང་གིས་དབྱིན་ཡུལ་ལ་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་འཛུགས་ཆོག་པའི་གན་རྒྱ་བཞག་ཡོད་པ་འཕྲུལ་སློག་གཏོང་ཐབས་ཀྱི་ཇུས་བཤམས། ཕྱི་ཟླ་༤་པའི་ཚེས་༤་ཉིན་དབྱིན་ཇིའི་རྙིང་ཞེན་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མི་བཅོ་ལྔས་སྲིད་བློན་ལ་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ལས་ཁང་ལ་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་འཛུགས་ཆོག་པའི་ཚོང་འབྲེལ་ཞིག་འཛིན་གྱི་ཡོད་པ་ཉེན་ཁ་ཆེན་པོ་རེད་ཅེས་སྙན་ཞུ་ཕུལ། ཕྱི་ཉིན་དེར་དབྱིན་ཇིའི་སྲིད་བློན་བྷོ་རེ་སི་ཇཱོན་སན་ལ་ཏོག་དབྱིབས་ནད་དུག་འགོས་ནས་སྨན་ཁང་དུ་བསྐྱལ། དེ་ནས་ཧྭ་ཝེ་བཟོ་ཚོང་ཁང་གིས་དབྱིན་གཞུང་ལ་ཡོངས་གྲགས་ཀྱི་ཡི་གེ་ཞིག་བཏང་ནས་འཕྲུལ་རབས་ལྔ་པའི་ཁ་པར་འཛུགས་ཀྱི་ཡོད་པར་འགོག་རྐྱེན་མ་བརྒྱབ་ན་ལེགས་ཞེས་ནན་སྐུལ་བྱས་འདུག དབྱིན་གཞུང་གིས་གྲོས་སྡུར་ཡུན་རིང་དང་གྲོས་སྡུར་ནན་པོ་བྱས་པའི་རྗེས་སུ་ལོ་འདིའི་ཕྱི་ཟླ་དང་པོར་ཧྭ་ཝེ་བཟོ་ཚོང་ཁང་ལ་དབྱིན་ཡུལ་དུ་འཕྲུལ་རབས་ལྔ་པའི་ཁ་པར་འཛུགས་ཆོག དབྱིན་ཇིའི་ཁ་པར་འབྲེལ་ལམ་ལ་མཁོ་བའི་བརྡ་འཕྲིན་མ་ལག་བརྒྱ་ཆ་༣༥་ཧྭ་ཝེ་བཟོ་ཚོང་ཁང་གི་ཡོ་བྱད་རྣམས་འཛུགས་ཆོག་ཅེས་ཐག་བཅད། ཡིན་ནའང་དེའི་རྗེས་སུ་རྒྱ་ནག་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ། དབྱིན་ཇི་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་དང་ནད་མནར་གྱི་དཀའ་ངལ་ཚབས་ཆེན་འཕྲད་འགོ་ཚུགས། དེ་ནས་དབྱིན་ཇིའི་གཞུང་ལ་རྒྱལ་ཁབ་ཕྱི་ནང་གཉིས་སུ་ཧྭ་ཝེ་བཟོ་ཚོང་ཁང་ལ་ཚོང་འབྲེལ་གཅོད་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་སོང་། དབྱིན་ཇིའི་སྤྱི་དམངས་ཁྲོད་དུ་རྒྱ་ནག་གཞུང་གིས་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་སྦ་གསང་བྱས་པ་རེད་ཅེས་རྒྱ་ནག་ལ་ངོ་རྒོལ་དང་རྒྱ་ནག་ལ་སྡང་ཟུག་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པར་མ་ཟད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཀྱང་དབྱིན་ཡུལ་ལ་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ལས་ཁང་གི་ཁ་པར་ཡོ་བྱད་བཀོལ་སྤྱོད་བྱེད་མི་ཉན། གལ་སྲིད་དབྱིན་ཇིའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་བརྡ་འཕྲིན་མ་ལག་རྣམས་བཀོལ་སྤྱོད་བྱེད་ན་ཨ་མི་རི་ཀས་དབྱིན་ཇིའི་གཞུང་ལ་དྲྭ་ལམ་ནས་གསང་བའི་གནས་ཚུལ་མཁོ་སྤྲོད་དང་དྲྭ་ལམ་གྱི་འབྲེལ་བ་འཛིན་ཐུབ་རྒྱུ་ཁག་པོ་རེད་ཅེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་འདུག

དབྱིན་ཇིའི་སྲིད་བློན། ༢༠༢༠།༥།༢༠
དབྱིན་ཇིའི་སྲིད་བློན། ༢༠༢༠།༥།༢༠

ད་ལྟ་དབྱིན་ཇིའི་དྲྭ་ལམ་བདེ་འཇགས་སྲུང་སྐྱོབ་ལྟེ་གནས་ཁང་གིས་ཧྭ་ཝེ་བཟོ་ཚོང་ལས་ཁང་ལ་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་མཉེན་ཆས་དང་འཕྲུལ་རྩལ་གྱི་ཡོ་བྱད་རྣམས་བཀོལ་སྤྱོད་བྱེད་དུ་མ་བཅུག་ཚེ། དབྱིན་ཇིའི་འཕྲུལ་རབས་ལྔ་པའི་ཁ་པར་གྱི་བརྡ་འཕྲིན་འབྲེལ་ལམ་ལ་འགོག་རྐྱེན་ཅི་ཞིག་འཕྲད་རྒྱུ་ཡིན་མིན་གྱི་བསྐྱར་ཞིབ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཉམས་ཞིབ་པ་ཁག་ཅིག་གིས་དབྱིན་ཇིའི་གཞུང་གིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་ལ་ཚོང་ལས་གྱི་གན་རྒྱ་བཞག་ཡོད་པ་ཕྱིར་འཐེན་བྱེད་པར་ལན་ཁག་དཀྲི་ས་ཡག་པོ་ཞིག་རེད། གལ་སྲིད་དབྱིན་ཇིའི་གཞུང་གིས་ཧྭ་ཝེ་བཟོ་ཚོང་ལས་ཁང་ལ་འཕྲུལ་རབས་ལྔ་པའི་ཁ་པར་གྱི་བརྡ་འཕྲིན་མ་ལག་འཛུགས་སུ་མ་བཅུག་ན་རྒྱ་ནག་དང་དབྱིན་ཇིའི་འབྲེལ་བ་སྡུག་ཏུ་འགྲོ་སྲིད། དབྱིན་གཞུང་གིས་ནུབ་ཕྱོགས་ཀྱི་བརྡ་འཕྲིན་བཟོ་ཚོང་ལས་ཁང་ཞིག་ལ་འཕྲུལ་རབས་ལྔ་པའི་ཁ་པར་གྱི་མ་ལག་འཛུགས་ཆོག་པའི་ཚོང་ལས་ཀྱི་གོ་སྐབས་སྤྲད་ན་འགྲོ་གྲོན་ཡང་ཆེ་རུ་འགྲོ་རྒྱུ་ཡིན་པར་གཡོལ་ཐབས་བྲལ་ཞེས་བཤདཧྭ་ཝེ་བཟོ་ཚོང་ཁང་གསར་འཛུགས་པས་རྒྱ་ནག་གི་གསང་ལས་ཁང་ལ་མཉམ་འབྲེལ་བྱེད་པ་ལས་བཟོ་ཚོང་ལས་ཁང་དེ་སྒོ་བརྒྱབ་ན་ལེགས་ཞེས་དག་སྐྱེལ་བྱེད་ཀྱི་ཡོད་ཀྱང་ཨ་མི་རི་ཀ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཧྭ་ཝེ་བཟོ་ཚོང་ཁང་རྒྱ་ནག་གི་གསང་བའི་ལས་ཁང་ལ་འབྲེལ་བ་ཡོད་པའི་དོགས་པ་སངས་དཀའ་བ་ཞིག་ཏུ་གྱུར། ད་ལྟ་དབྱིན་ཡུལ་ལ་ཁ་པར་བཟོ་ཚོང་ལས་ཁང་བཞི་ཡོད་པ་དེའི་ནང་གི་གསུམ་གྱིས་ཧྭ་ཝེ་བཟོ་ཚོང་ཁང་གི་འཕྲུལ་རབས་ལྔ་པའི་ཁ་པར་གྱི་ཡོ་བྱད་རྣམས་བཀོལ་སྤྱོད་བྱ་རྒྱུའི་ཐག་ཅོད་བྱས་འདུག

XS
SM
MD
LG