ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧྥ་རན་སིའི་དམག་གིས་ཁ་ཆེ་རྒྱལ་ཁམས་ཀྱི་འགོ་ཁྲིད་བསད། 


༄༅།། གཟའ་ལྷག་པའི་དགོང་མོར་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་གྱིས་ཨ་ཧྥི་རི་ཀའི་ས་ཧ་ར་བྱེ་ཐང་ཆེན་པོར་གཞིས་ཚུགས་པའི་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པའི་འགོ་ཁྲིད་ཨལ་སཱ་ར་ཝི་བསད་པ་ཡིན། ཧྥ་རན་སིའི་དམག་གིས་ལོ་བརྒྱད་ལ་ས་ཧེལ་མངའ་ཁུལ་དུ་མཐའ་ལྷུང་རིང་ལུགས་པ་ཚོར་འཐབ་རྒོལ་བྱས་པའི་དམག་འཁྲུག་ལ་རྒྱལ་ཁ་ཆེན་པོ་ཞིག་ཐོན་སོང་། དོ་དགོང་ཧྥ་རན་སི་གཞུང་དམངས་གཉིས་ཀས་ས་ཧེལ་དང་སེར་ཝྭལ། བྷག་ཁེན་མངའ་ཁུལ་བཅས་ཀྱི་འཐབ་འཁྲུག་སྐབས་སུ་འཆི་རྨས་བྱུང་བའི་ཧྥ་རན་སིའི་དཔའ་རྒོད་རྣམས་ལ་རྗེས་དྲན་དང་དཔའ་རྒོད་རྣམས་ཀྱི་བློས་གཏོང་ཐམས་ཅད་ཆུད་ཟོས་སུ་ཕྱིན་མེད་ཅེས་དེ་དག་གི་ཤུལ་ལུས་བཟའ་མི་ཚོར་སེམས་གསོ་བྱེད་ཀྱི་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། སྲིད་འཛིན་མེཀ་རོན་གྱིས་ས་ཧ་ར་བྱེ་ཐང་ཆེན་མོའི་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་ཚོགས་པའི་འགོ་ཁྲིད་དེ་ས་གནས་གང་དུ་བསད་པ་གསལ་པོ་ཞིག་མ་བཤད། ཕྱི་ཟླ་༩་པའི་ཚེས་༡༦་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨལ་སཱ་ར་ཝིའི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེ་ཨ་ཧྥི་རི་ཀའི་རྒྱལ་ཁབ་མ་ལི་དང་ནི་ཇཱེར་གཉིས་ཀྱི་ས་མཚམས་ཁག་ཏུ་སྐུང་། བདུན་ཕྲག་འགའ་ཞིག་གི་སྔོན་ནས་མ་ལི་རྒྱལ་ཁབ་ཏུ་འཇིགས་སྐུལ་ཚོགས་པ་དེའི་འགོ་ཁྲིད་ཨལ་སཱ་ར་ཝི་ཤི་བ་རེད་ཅེས་དཀྲོག་གཏམ་ཞིག་ཁྱབ་ཀྱང་མ་ལིའི་གཞུང་གིས་དཀྲོག་གཏམ་དེ་བདེན་པ་ཡིན་མིན་ངེས་གཏན་མ་བྱུང་། མ་ལི་དང་ཧྥ་རན་སི་གཉིས་ཀས་རོ་ལ་བརྟག་དཔྱད་བྱས་ནས་ས་ཧ་ར་བྱེ་ཐང་ཆེན་མོའི་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པའི་སྒྲིག་འཛུགས་དེའི་འགོ་ཁྲིད་ཨལ་སཱ་ར་ཝི་བསད་ཡོད་པ་ངོ་ཐག་ཇི་ལྟར་བཅད་མིན་གསལ་པོ་ཞིག་མ་བསྒྲགས། ཧྥ་རན་སིའི་རྒྱལ་སྲུང་བློན་ཆེན་གྱིས་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེར་ཕམ་ཉེས་ཆེན་པོ་ཞིག་བྱུང་སོང་། ང་ཚོའི་འཐབ་རྩོད་དེ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་འདུག

༢༠༡༧་ལོར་ཨལ་སཱ་ར་ཝིའི་སྒྲིག་འཛུགས་ཀྱིས་གཏོར་རྒོལ་བྱས་ནས་ཨ་རིའི་དམག་མི་བཞི་དང་ནི་ཇཱེར་རྒྱལ་ཁབ་ཀྱི་དམག་མི་བཞི་བཅས་ཁྱོན་བསྡོམས་མི་བརྒྱད་བསད་པའི་ལན་ཁག་ངོས་ལེན་བྱས་ཤིང་། ༢༠༡༦་ལོར་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་དེས་ནི་ཇཱེར་གྱི་ས་ཐོག་ཏུ་ཨ་མི་རི་ཀ་བ་ཇཱེ་ཧྥུ་རི་ཝུ་ཌི་ཁེ་ཟེར་བ་ཞིག་རང་ཁྱིམ་ནས་བཙན་ཁྲིད་བྱས་ཏེ་ད་དུང་ཡང་བཙན་ཉར་བྱེད་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། མཐའ་ལྷུང་རིང་ལུགས་པའི་འགོ་ཁྲིད་དེ་ས་ཧ་ར་བྱེ་ཐང་ཆེན་མོའི་ནུབ་ཕྱོགས་ཀྱི་རྩོད་གཞི་ཆེ་བའི་ས་གནས་ཤིག་ཏུ་སྐྱེས། ཁོ་པ་ཐོག་མར་ཕཱོ་ལི་ས་རིའོ་མདུན་སྐྱོད་ཚོགས་པ་ཞེས་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྒྲིག་འཛུགས་ཤིག་གི་ཁོངས་སུ་ཞུགས་ཏེ་ལོ་ཤས་རིང་ཨལ་ཇཱི་རི་ཡར་བསྡད། ༢༠༡༢་ལོར་མ་ལི་རྒྱལ་ཁབ་ཀྱི་བྱང་ཕྱོགས་སུ་སྤོར་ནས་གྷའོ་གྲོང་རྡལ་བཟུང་སྟེ་ས་གནས་དེའི་འཇིགས་སྐུལ་རིང་ལུགས་པ་སྐད་གྲགས་ཅན་ཞིག་ཏུ་གྱུར། ༢༠༡༣་ནས་ཧྥ་རན་སིའི་དམག་གིས་གྷའོ་གྲོང་རྡལ་གྱི་ཁ་ཆེ་མཐའ་ལྷུང་རིང་ལུགས་པ་རྣམས་རྩ་མེད་གཏོང་རྒྱུའི་དམག་འཐབ་མགོ་བརྩམས། ཁ་ཆེ་རྒྱལ་ཁམས་མ་ཚུགས་གོང་དུ་མ་ལིའི་མཐའ་མཚམས་ཁག་ཏུ་གཞིས་ཚུགས་པའི་ཁ་ཆེ་མཐའ་ལྷུང་རིང་ལུགས་པ་རྣམས་ཨལ་ཁེ་དྷ་སྒྲིག་འཛུགས་ཀྱི་ཚོགས་ཁོངས་སུ་གཏོགས་ཀྱང་༢༠༡༥་ལོར་འཇིགས་སྐུལ་ཚོགས་པ་དེ་ཨི་རཀ་དང་སི་རི་ཡའི་ས་ཐོག་ཏུ་གཞིས་ཚུགས་པའི་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པའི་སྒྲིག་ཁོངས་སུ་ཞུགས་རྒྱུ་ཡིན་ཞེས་ཁས་བླངས། ཨ་ཧྥི་རི་ཀའི་ནུབ་ཕྱོགས་དང་བྱང་ཕྱོགས། དབུས་ཕྱོགས་བཅས་ལ་ས་ཧེལ་མངའ་ཁུལ་ཟེར་བ་དང་མངའ་ཁུལ་དེ་སྔོན་ཆད་ཧྥ་རན་སིའི་མི་སེར་སྤེལ་ཡུལ་དུ་གྱུར། ༢༠༡༣་ལོ་ནས་ཧྥ་རན་སིའི་དམག་གིས་མ་ལི་རྒྱལ་ཁབ་ལ་སྲུང་སྐྱོབ་བྱས་པ་དང་ཉེ་ཆར་ཧྥ་རན་སིའི་གཞུང་གིས་ཨ་ཧྥི་རི་ཀ་ནས་རིམ་བཞིན་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་ཡིན། ལོ་རྗེས་མར་ས་ཧེལ་མངའ་ཁུལ་དུ་ཧྥ་རན་སིའི་དམག་མི་༢༠༠༠་ཡས་མས་ཤིག་ལས་འཇོག་རྒྱུ་མིན་ཞེས་གསལ་བསྒྲགས་སྤེལ་འདུག

དེ་རིང་གཟའ་ཕུར་བུའི་ཉིན་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༨་ལོར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ས་ཧ་ར་བྱེ་ཐང་ཆེན་མོའི་ཁ་ཆེ་རྒྱལ་ཁམས་ཀྱི་དྲག་སྤྱོད་པ་རྣམས་ཕྱི་རྒྱལ་གྱི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཞིག་ལ་ངོས་འཛིན་བྱས་ཤིང་། ༢༠༡༩་ལོར་ཨ་རིའི་གཞུང་གིས་ཚོགས་པ་དེའི་འགོ་ཁྲིད་འཛིན་བཟུང་བྱེད་ཐུབ་པའི་གནས་ཚུལ་མཁོ་སྤྲོད་བྱེད་ཐུབ་མཁན་ཡོད་ན་ཨ་སྒོར་ས་ཡ་ལྔ་བྱ་དགའ་སྤྲོད་ཆོག་ཅེས་བསྒྲགས། ཧྥ་རན་སིའི་སྲིད་འཛིན་གྱི་གསལ་བསྒྲགས་ནང་དུ་ཨལ་སཱ་ར་ཝི་ནི་སྡར་མ་འཇབ་རྒོལ་པ་ཚབས་ཆེན་ཞིག་རེད། ཁོ་པ་ནཱི་ཇཱེར་དང་མ་ལི། བྷར་ཁི་ན་ཧྥ་སོ་བཅས་སུ་དམག་མི་དང་མི་དམངས་དཀྱུས་མར་གཏོར་རྒོལ་བྱས་པའི་ནག་ཉེས་ཡོད། ༢༠༢༠་ལོའི་ཕྱི་ཟླ་༨་པའི་ནང་དུ་ཨལ་སཱ་ར་ཝིས་དངོས་སུ་ཧྥ་རན་སིའི་མི་ཆོས་རིང་ལུགས་ཀྱི་ལས་དོན་སྒྲུབ་མཁན་མི་དྲུག་དང་དེ་དག་གི་རླངས་འཁོར་ཁ་ལོ་བ། ལམ་ཁྲིད་པ་རྣམས་དམར་གསོད་བྱེད་དགོས་པའི་བཀའ་བཏང་བ་རེད་ཅེས་བཀོད། ཧྥ་རན་སིའི་རྒྱལ་སྲུང་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༡་ལོའི་ཕྱི་ཟླ་༩་པའི་མཚམས་འདིར་ཧྥ་རན་སིའི་དམག་མི་༥༡༠༠་ལྷག་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཆ་ཌི་དང་མ་ལི། ནི་ཇཱེར་དང་མོ་རི་ཊ་ནི་ཡ། བྷར་ཁི་ན་ཧྥ་སོ་བཅས་རྒྱལ་ཁབ་ལྔའི་ས་ཐོག་ཏུ་འགྲེམ་འཇོག་བྱས་ནས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་ཅིང་། ལོ་རྗེས་མ་ནས་ཧྥ་རན་སིས་འགོ་ཁྲིད་པའི་ཡུ་རོབ་རྒྱལ་ཁབ་མང་དག་ཅིག་གི་དམག་དཔུང་རྣམས་ཨ་ཧྥི་རི་ཀའི་ས་ཧེལ་མངའ་ཁུལ་དུ་འགྲེམ་འཇོག་བྱས་ནས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱ་རྒྱུ། ཧྥ་རན་སིའི་དམག་གིས་བཀོད་འདོམས་དང་ས་གནས་ཀྱི་རྒྱལ་ཁབ་ཁག་གི་དམག་དཔུང་ལ་རྒྱབ་སྐྱོར་བྱ་རྒྱུའི་སྲིད་ཇུས་གསར་པ་ཞིག་གཏན་འབེབས་བྱས་འདུག

དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕཱོ་ལི་ས་རིའོ་མདུན་སྐྱོད་ཚོགས་པའི་ཐོག་མའི་དམིགས་ཡུལ་ནི་ས་ཧ་ར་བྱེ་ཐང་ཆེན་མོའི་ནུབ་ཕྱོགས་ཐམས་ཅད་མོ་རོ་ཁོའི་དབང་སྒྱུར་འོག་ནས་རང་བཙན་བྱ་རྒྱུ་ཡིན་མོད། འོན་ཀྱང་ཕྱིས་སུ་ཚོགས་པ་དེའི་དམིགས་ཡུལ་དང་ངོ་བོ་འགྱུར་ནས་ཨལ་ཁེ་དྷ་སྒྲིག་འཛུགས་དང་ཁ་ཆེ་རྒྱལ་ཁམས་ཀྱི་ཚོགས་ཁོངས་སུ་ཞུགས། ༢༠༡༢་ལོར་སི་པེན་གྱི་རོགས་སྐྱོར་ལས་མི་རྣམས་དང་མ་ལི་རྒྱལ་ཁབ་ཏུ་བཅའ་སྡོད་ཨལ་ཇཱི་རི་ཡའི་ཕྱི་འབྲེལ་མི་སྣ་ཁག་ཅིག་བཙན་ཁྲིད། ༢༠༡༩་ལོར་མཐའ་ལྷུང་རིང་ལུགས་པའི་ཚོགས་པ་དེས་མ་ལི་དང་ནི་ཇཱེར་གྱི་གཞུང་དམག་གི་དམག་སྒར་ཁག་ལའང་གཏོར་རྒོལ་དྲག་པོ་བྱས་པའི་གནས་ཚུལ་ཐོན། ས་ཧ་ར་བྱེ་ཐང་ཆེན་མོར་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་གསུམ་ལྷག་ཡོད་པ་དང་རྒྱལ་ཁབ་འགའ་ཞིག་ལ་འདྲེས་ཡོད་པས་ས་མཚམས་ཁག་ཏུ་དུད་ནག་ཉོ་ཚོང་དང་མི་ཚོང་། ཁ་ཆེ་རྒྱལ་ཁམས་ལྟ་བུའི་འཇིགས་སྐུལ་རིང་ལུགས་པ་དང་ཇག་ཚོགས་རྣམས་སྐུང་། ད་ལྟ་མ་ལི་དང་ནེ་ཇཱིར་སོགས་ཀྱི་ས་ཐོག་ཏུ་གཞིས་ཚུགས་པའི་ཁ་ཆེ་འཇིགས་སྐུལ་རིང་ལུགས་པ་ཚོས་ཁྱིམ་མཚེས་རྒྱལ་ཁབ་ན་ཇཱི་རི་ཡ་ལའང་གཏོར་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ས་ཧེལ་མངའ་ཁུལ་དུ་ཧྥ་རན་སི་གཅིག་པུ་མིན་པར་རྒྱལ་ཁབ་༥༦་ནས་དམག་དཔུང་༡༤༠༠༠་བསྡུས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་དམག་བཀྲམ། ཧྥ་རན་སིའི་དམག་གིས་བྷག་ཁེན་མངའ་ཁུལ་གྱི་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པར་ཨ་རིའི་གསང་བའི་ལས་ཁུངས་ཀྱི་རྒྱབ་སྐྱོར་ཐོབ། སྲིད་འཛིན་མེཀ་རོན་གྱིས་ང་ཚོས་ཨ་ཧྥི་རི་ཀ་དང་ཡུ་རོབ། ཨ་མི་རི་ཀ་སོགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་ས་ཧ་ར་བྱེ་ཐང་ཆེན་མོའི་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག

XS
SM
MD
LG