ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༧/༡༧

ཨོ་ལེམ་པིག་གོ་སྒྲིག་བྱེད་བཞིན་པའི་སྐབས་འདིར་ཧྥ་རན་སི་ཆབ་སྲིད་དཀའ་རྙོག་ནང་ཚུད།


༄༅། །ཧྥ་རན་སི་ནང་རྒྱལ་སྤྱིའི་ཨོ་ལེམ་པིག་རྩེད་འགྲན་འགོ་འཛུགས་བྱ་རྒྱུར་བདུན་ཕྲག་གསུམ་ལས་མེད་པའི་སྐབས་འདིར་ཆབ་སྲིད་ཀྱི་དཀའ་རྙོག་ལ་གདོང་ལེན་བྱེད་དགོས་གྱུར་འདུག་པ་དང། ཕྱི་ཚེས་༢༦་ཉིན་ཨོ་ལེམ་པིག་རྩེད་འགྲན་འགོ་འཛུགས་བྱེད་སྐབས་གཞུང་གི་གལ་ཆེའི་ལས་གནས་སུས་བཟུང་གི་ཡོད་གསལ་པོ་མེད་པ་རེད།

རེས་གཟའ་ཉི་མའི་ཉིན་ཧྥ་རན་སིའི་གྲོས་ཚོགས་ཀྱི་འོས་བསྡུ་དུས་བཀག་གོང་བྱས་པའི་ནང་སྲིད་དོན་ཚོགས་པ་སུ་ཞིག་ལ་སྲིད་གཞུང་འཛུགས་ཐུབ་རྒྱུའི་གྲངས་ཚད་མ་ལོན་པའི་རྗེས་སྲིད་བློན་གྷིབ་རྱལ་ ཨ་ཏལ་གྱིས་ལས་གནས་ནས་དགོངས་ཞུ་གནང་གི་ཡིན་ཞེས་གསུངས་པ་དང་ཆབས་ཅིག གནས་སྟངས་ཇི་ཆགས་ངེས་པ་མེད་སྐོར་ཡང་གསལ་འདོན་གནང་འདུག

ཧྥ་རན་སིའི་གྲོས་ཚོགས་
ཧྥ་རན་སིའི་གྲོས་ཚོགས་

ཁོང་གིས་ང་ཚོའི་རྒྱལ་ཁབ་ལ་སྔར་བྱུང་མྱོང་མེད་པའི་ཆབ་སྲིད་ཀྱི་གནས་སྟངས་ལ་གདོང་ལེན་བྱེད་དགོས་གྱུར་བ་དང་། གཟའ་འཁོར་ཁ་ཤས་རྗེས་རྒྱལ་སྤྱིའི་ཨོ་ལེམ་པིག་རྩེད་འགྲན་འཚོགས་རྒྱུར་གྲ་སྒྲིག་བྱེད་བཞིན་པར་བརྟེན་དགོས་གལ་གཞིགས་ཏེ་ལས་གནས་ནང་མུ་མཐུད་གནས་རྒྱུ་ཡིན་ཞེས་གསུངས་འདུག་

སྲིད་བློན་གྷེབ་རྱིལ་གྱི་དགོངས་ཞུར་ངོས་ལེན་བྱེད་དགོས་མིན་དེ་སྲིད་འཛིན་ཨི་མ་ནུལ་ མཀ་རོན་གྱིས་ཐག་གཅོད་གནང་རྒྱུ་ཡིན་ཅིང་། ཧྥ་རན་སིའི་གྲོས་ཚོགས་ཀྱི་འོས་བསྡུའི་གྲུབ་འབྲས་ཀྱི་ཐད་སྲིད་འཛིན་གྱིས་ད་བར་འགྲེལ་བརྗོད་གནང་མེད་པ་དང་། འོས་བསྡུའི་ནང་སྲིད་འཛིན་གྱི་གཞུང་འཛིན་ཚོགས་པར་གྲོས་ཚོགས་ནང་འཐུས་མི་ཉུང་དུ་སོང་ཡོད་པ་རེད།

ད་ལྟའི་སྐབས་འདིར་སྲིད་འཛིན་གྱིས་འཕྲལ་སེལ་རིང་སྲིད་གཞུང་བཟུང་གི་ཡོད་མེད་ཀྱང་གསལ་པོ་མེད་པ་དང། གཟའ་ཉི་མའི་འོས་བསྡུའི་སྐབས་འོས་ཤོག་མང་ཤོས་ཐོབ་མཁན་ནི་གཡོན་ཕྱོགས་ཤོག་ཁག་ཡིན་ནའང་། ཚོགས་པ་དེར་སྲིད་གཞུང་འཛུགས་ཐུབ་པའི་དགོས་ངེས་ཀྱི་འོས་ཤོག་གྲངས་མང་ཐོབ་མེད་པ་རེད། འོན་ཀྱང་གཡོན་ཕྱོགས་སྲིད་དོན་ཚོགས་པས་སྲིད་བློན་འཕོ་ལེན་བྱེད་མཁན་འོས་མི་མིང་འདོན་བྱས་ཟིན་ཡོད་འདུག

རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་བདེ་འཇགས་ལས་དོན་གྱི་འགན་འཛིན་དང་ནང་སྲིད་བློན་ཆེན་ཇི་རལྜ་ ཌར་མ་ནིན་གྱི་མ་འོངས་པའི་གནས་བབས་ཀྱང་ངེས་གཏན་མེད་པར་གྱུར་ཡོད་པ་རེད།

ཡང་ཧྥ་རན་སི་གཙུག་ལག་སློབ་གྲ་ཆེན་མོ་ཧྥི་ཆི་ཀོམ་ཏེ་ཞེས་པའི་ལོ་རྒྱུས་སློབ་དཔོན་པཱོལ་ཌིཤ་ཆིས་ཨེ་ཨེཕ་པི་གསར་ཁང་ལ་གསུངས་དོན། ཨོ་ལེམ་པིག་རྩེད་འགྲན་གོ་སྒྲིག་པའི་ངོས་ནས་བརྗོད་ན་ཁྲིམས་འགལ་དང་འཇིགས་སྐུལ་རིང་ལུགས། འགྲིམ་འགྲུལ་གྱི་ཆ་རྐྱེན་སོགས་ལ་སེམས་ཁྲལ་བྱེད་དགོས་ཀྱི་ཡོད་པར་བརྟེན་ནང་སྲིད་བློན་ཆེན་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཆགས་ཡོད་ཅེས་གསུངས་ཡོད་འདུག

སྤྱི་ཟླ་ ༧ཚེས་༢༦་ནས་ ༨ ཚེས་༡༡་བར་ཧྥ་རན་སིའི་ནང་རྒྱལ་སྤྱིའི་ཨོ་ལེམ་པིག་ལུས་རྩལ་འགྲན་སྡུར་འཚོགས་རྒྱུའི་གོང་འདིར་ཧྥ་རན་ཅིའི་སྲིད་འཛིན་གྱིས་ཉེན་ཁ་ཅན་གྱི་འོས་བསྡུ་བྱ་རྒྱུའི་ཐག་གཅོད་གནང་བར་ས་གནས་ཀྱི་ཨོ་ལེམ་པིག་འགྲན་སྡུར་གོ་སྒྲིག་བྱེད་མཁན་དང་། རྒྱལ་སྤྱིའི་ཨོ་ལེམ་པིག་ལྷན་ཚོགས་གཉིས་ཀ་ཧང་སངས་དགོས་བྱུང་ཡོད་པ་མ་ཟད། འོས་ཤོག་འཕེན་མཁན་གྱི་མི་དམངས་དང་དེ་བཞིན་གཞུང་གི་བློན་ཆེན་ཁག་ཀྱང་ཧང་སངས་ཡོད་པ་རེད།

གསར་འགོད་པ་རྒྱལ་མཚན་ཚེ་རིང་།
རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG