ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཨུ་རུ་སུའི་དམག་སྤྱི་ཞིག་ལ་ཡུཀ་རེན་གྱི་ས་ཐོག་ཏུ་སྲོག་སྐྱོན། 


༄༅།། ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ད་ལྟའི་བར་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་སྤྱི་བཞི་ལ་སྲོག་སྐྱོན་ཕོག་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༣་པའི་ཚེས་༡༦་ཉིན་ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ལོ་ན་༤༦་ལ་སོན་པའི་ཨུ་རུ་སུའི་སྐམ་དམག་དཔུང་སྡེ་༡༥༠་པའི་བཀོད་འདོམས་པ་སྟེ། དམག་སྤྱི་ཨོ་ལེག་མཱི་ཊི་ཡེབ་ཀྱིས་གཟའ་མིག་དམར་ཉིན་ཨ་རི་ཨུ་པུལ་གྲོང་ཁྱེར་ལ་དཔུང་འཇུག་སྣེ་ཁྲིད་བྱས་པའི་སྐབས་སུ་ལྐོག་མདའ་རྒྱག་མཁན་ཞིག་གིས་བསད་ཡོད་ཅིང་། ཡུཀ་རེན་གྱི་ནང་སྲིད་ལྷན་ཁང་གི་སློབ་སྟོན་པ་གྷེ་ར་ཤི་ཆན་ཀོས་དམག་སྤྱི་མཱི་ཊི་ཡེབ་ཀྱི་ཕུང་པོ་པར་བརྒྱབ་ནས་དར་འཕྲིན་དྲྭ་ལམ་དུ་བཀྲམ། གཟའ་མིག་དམར་གྱི་དགོང་མོ་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིའི་གཏམ་བཤད་སྐབས་སུའང་ཨུ་རུ་སུའི་དམག་དཔོན་ཞིག་ལ་སྲོག་སྐྱོན་ཕོག་འདུག་ཅེས་བསྒྲགས་ཀྱང་དམག་སྤྱི་དེའི་མིང་མ་བཏོན། ཨུ་རུ་སུའི་གཞུང་གིས་དམག་སྤྱི་མཱི་ཊི་ཡེབ་ལ་སྲོག་སྐྱོན་ཕོག་པ་ངེས་གཏན་མ་བྱུང་། དམག་སྤྱི་མཱི་ཊི་ཡེབ་ཀྱིས་༢༠༢༠་ནས་ཨུ་རུ་སུའི་སྐམ་དམག་གི་དཔུང་སྡེ་༡༥༠་པའི་བཀོད་འདོམས་པའི་གོ་གནས་བཟུང་། ཁོ་པ་སི་རི་ཡའི་དམག་འཁྲུག་ལ་ཞུགས་པ་དང་༢༠༡༦་ལོར་ཏ་ཇིཀ་སི་ཐན་དུ་བཅའ་སྡོད་ཨུ་རུ་སུའི་དམག་སྒར་གྱི་བཀོད་འདོམས་པར་བསྐོས། ཕུ་ཊིན་གྱིས་ཨུ་རུ་སུའི་དམག་སྤྱི་༢༠་ཐམ་པ་ཡུཀ་རེན་ལ་བཏང་ནས་དམག་འཁྲུག་རྒྱག་ཏུ་འཇུག་གི་ཡོད་ཀྱང་ཉི་མ་༢༠་ཐམ་པའི་ནང་ཚུད་དུ་ཡུཀ་རེན་གྱི་ས་ཐོག་ཏུ་ཨུ་རུ་སུའི་དམག་སྤྱི་༤་ལ་སྲོག་སྐྱོན་ཕོག ཨུ་རུ་སུའི་དམག་སྒར་ཞིག་ཏུ་དམག་དཔོན་༦་གི་འདྲ་པར་བཤམས་ནས་མྱ་ངན་བྱེད་ཀྱི་ཡོད་པའི་འདྲ་པར་ཞིག་ཕྱི་ལ་ཁྱབ། ཕྱིས་སུ་དམག་དཔོན་༧་ལ་སྲོག་སྐྱོན་ཕོག་རེད་ཅེས་གནས་ཚུལ་ཐོན་ཡང་དམག་དཔོན་བཞིའི་མིང་ལས་ཕྱིར་བསྒྲགས་བྱས་མི་འདུག

ཨ་རིའི་གཟའ་འཁོར་གསར་འགྱུར་དུས་དེབ་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༣་པའི་མགོ་སྟོད་ཀྱི་བདུན་ཕྲག་གཅིག་གི་ནང་དུ་ཨུ་རུ་སུའི་དམག་སྡེ་༧་པའི་མཁའ་འབབ་དཔུང་སྡེའི་དམག་སྤྱི་ཨན་ཌི་རེ་སུ་ཀོབ་ཛི་ཀི་དང་དམག་སྡེ་༤༡་པའི་བཀོད་འདོམས་པ་དམག་སྤྱི་གྷེ་ར་སི་མོབ་གཉིས་ལ་སྲོག་སྐྱོན་བྱུང་། དམག་སྤྱི་སུ་ཀོབ་ཛི་ཀི་ལྐོག་མདའ་རྒྱག་མཁན་ཞིག་གིས་བསད་པ་དང་དམག་སྤྱི་གྷེ་ར་སི་མོབ་ལ་ཡུཀ་རེན་གྱི་ཁར་ཀིབ་གྲོང་ཁྱེར་ཕྱི་ལོགས་སུ་སྲོག་སྐྱོན་བྱུང་། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་གཏམ་བཤད་ནང་དུའང་དམག་སྤྱི་སུ་ཀོབ་ཛི་ཀིར་སྲོག་སྐྱོན་ཕོག་པ་ངེས་གཏན་བྱས་པ་དང་ཕྱི་ཟླ་༣་པའི་ཚེས་༡༡་ཉིན་ཨུ་རུ་སུའི་སྐམ་དམག་མཉམ་འབྲེལ་དཔུང་སྡེ་༢༩་པའི་བཀོད་འདོམས་པ་དམག་སྤྱི་ཨན་ཌི་རེ་ཀོ་ལི་སི་ནི་ཀོབ་ལ་སྲོག་སྐྱོན་ཕོག ཡུཀ་རེན་གྱི་རྒྱལ་སྲུང་ལྷན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཡུཀ་རེན་ལ་བཙན་འཛུལ་བྱུང་ནས་བཟུང་སྟེ་ཨུ་རུ་སུའི་དམག་སྤྱི་བཞི་ཚུད་པའི་དམག་མི་༡༣༨༠༠་ལ་སྲོག་སྐྱོན། དམག་འཐབ་གནམ་གྲུ་༨༤་དང་ཐད་འཕུར་གནམ་གྲུ་༡༠༨་གཏོར། ལྕགས་ཁྲབ་འཁོར་ལོ་༤༣༠་དང་མེ་སྒྱོགས་༡༩༠་ཐམ་པ། མཚོན་ལྡན་དམག་འདྲེན་རླངས་འཁོར་༡༣༧༥་དང་འཕུར་མདེལ་འཕེན་སྤྱད་༧༠་ཐམ་པ། དམག་གྲུ་༢་དང་རླངས་འཁོར་༨༡༩་རྩ་གཏོར། སྣུམ་འདྲེན་རླངས་འཁོར་༦༠་ཐམ་པ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་༡༡་གཏོར། གནམ་འཕེན་འཕུར་མདེལ་རླངས་འཁོར་༤༣་གཏོར་བ་ཡིན་ཞེས་གཞི་གྲངས་ཤིག་སྤེལ། ཨ་རིའི་གསང་བའི་ལས་ཁུངས་ཁག་དང་རྒྱལ་སྲུང་ལྷན་ཁང་གིས་ཨུ་རུ་སུའི་དམག་མི་༧༠༠༠་ཡས་མས་ཤིག་ལ་སྲོག་སྐྱོན་དང་དམག་མི་༡༤༠༠༠་ནས་༢༡༠༠༠་ཡས་མས་ཤིག་ལ་རྨས་སྐྱོན་ཕོག ཕུ་ཊིན་གྱིས་ཡུཀ་རེན་ལ་དམག་མི་འབུམ་༡་དང་ཕྱེད་ཀ་ལྷག་བཏང་བ་དེའི་ཁོངས་ནས་དམག་མི་༢༨༠༠༠་ལྷག་བསད་པ་དང་རྨས་པ། ཡུཀ་རེན་གྱིས་འཛིན་བཟུང་བྱས་ནས་ཉི་མ་༢༡་གི་ནང་དུ་དཔུང་དེའི་ལྔ་ཆའི་༡་མེད་པར་གྱུར་འདུག་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་གཞུང་གིས་དམག་མི་༤༩༨་ལ་མ་གཏོགས་སྲོག་སྐྱོན་ཕོག་མེད་ཅེས་བསྒྲགས།།

ཨུ་རུ་སུའི་དཔའ་རྒོད་གཟེངས་རྟགས་ཐོབ་པའི་གནམ་དམག་གི་རུ་དཔོན་གྷར་ན་ཡེབ་ཟེར་བ་ཞིག་གིས་ཨུ་རུ་སུའི་དམག་ལ་སྲོག་སྐྱོན་བྱུང་བའི་གྲངས་འབོར་ངོ་མ་དེ་ཕྱིར་བསྒྲགས་བྱེད་ཚེ། མི་རྣམས་སྐྱི་གཡའ་བ་ཞིག་ལ་འགྱུར་ངེས་རེད། འདི་ལ་གསང་བ་དམ་པོ་བྱས་ནས་ཕྱིར་བསྒྲགས་བྱེད་དུ་འཇུག་མེད་པ་དང་གྲངས་འབོར་དེ་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད་ཅེས་འཛེམ་ཟོན་མེད་པར་སྲིད་འཛིན་ཕུ་ཊིན་གྱིས་དམག་འཁྲུག་བསླངས་པར་ཁ་རྡུང་དྲག་པོ་བཏང་འདུག ཕྱི་ཟླ་༣་པའི་ཚེས་༡༦་ཉིན་ཡ་ཧུ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ན་༤༤་ལ་སོན་པའི་ཨུ་རུ་སུའི་སྐམ་དམག་དཔུང་སྡེ་ཞིག་གི་བཀོད་འདོམས་མདའ་དཔོན་ཝིཀ་ཊོར་མཀ་སིམ་ཆུཀ་ཟེར་པ་ཞིག་ལའང་མ་རི་ཨུ་པུལ་གྲོང་ཁྱེར་གྱི་ཉེ་འཁྲིས་སུ་སྲོག་སྐྱོན་ཕོག ཁོ་པ་ཨ་ཕ་ཞིག་དང་ཨ་མྱེས་ཤིག་ཀྱང་ཡིན་པ་དང་ཁ་སང་གཟའ་ལྷག་པའི་ཉིན་དུར་འཇུག་གི་ཆོ་ག་བསྒྲུབས། ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོའི་དམག་མི་ལོ་ན་༣༠་ཐམ་པར་སོན་པའི་མཱི་ཧལ་བྷེལ་ཡ་ཀོབ་ཟེར་བ་ཞིག་ལ་འདས་རྗེས་སུ་དཔའ་རྒོད་ཀྱི་རྟགས་མ་སྤྲད། ཁོ་པ་ཕྲུ་གུ་གཉིས་ཀྱི་ཨ་ཕ་ཡིན་པ་དང་ཕྱི་ཟླ་༢་པའི་ཚེས་༢༧་ཉིན་བསད་ཀྱང་ཨུ་རུ་སུའི་གཞུང་གིས་བདུན་ཕྲག་གཉིས་ལ་གནས་ཚུལ་དེ་སྦས་གསང་བྱས་ཤིང་། ཨུ་རུ་སུའི་དམག་མི་ཁག་ཅིག་ལ་དམག་ས་ཁག་ཏུ་སྲོག་སྐྱོན་ཕོག་སྟེ་ཕུང་པོ་རྣམས་ཉི་མ་མང་པོར་བདག་མེད་དུ་ལུས་པའི་གནས་ཚུལ་འཐོན་གྱི་ཡོད་པར་མ་ཟད། ཡུཀ་རེན་གྱི་དམག་སར་བཏང་བའི་ཨུ་རུ་སུའི་དམག་མི་རྒྱ་ཆེ་ཞིག་སློབ་གྲྭ་ཐོན་མ་ཐག་པའི་དམག་ཁྲལ་བ་ཕོ་གསར་རྣམས་ཡིན་པས་དམག་འཁྲུག་གི་ཉམས་མྱོང་མེད་པ་དང་དམག་སྦྱོང་མ་ཐོབ་པར་ཕམ་ཉེས་བྱུང་། ཨུ་རུ་སུའི་དམག་མི་ཁག་ཅིག་གིས་དམག་འཁྲུག་མ་བརྒྱབ་པར་ཡུཀ་རེན་ལ་མགོ་སྒུར་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཉིན་རེའི་སྦྲག་འཕྲིན་གསར་ཁང་གིས་དབྱིན་ཇིའི་གསང་བའི་ལས་ཁུངས་ཀྱི་གནས་ཚུལ་འབྱུང་ཁུངས་ཁག་ལུང་འདྲེན་བྱས་ནས་ཕྱི་ཟླ་༣་པའི་ཚེས་༡༧་ཉིན་གསར་འགྱུར་སྤེལ་བ་ལྟར་ན། ཡུཀ་རེན་གྱི་དམག་གིས་འགོག་རྒོལ་དྲག་པོ་བྱས་ནས་ཨུ་རུ་སུའི་དམག་ལ་འཆི་རྨས་ཚབས་ཆེན་ཕོག་སྟེ་ཕྱོགས་ཡོངས་ནས་མདུན་སྐྱོད་དཔུང་འཇུག་བྱ་རྒྱུ་འགགས། དེར་བརྟེན་ཨུ་རུ་སུའི་དམག་གིས་རྒྱང་ནས་ཡུཀ་རེན་གྱི་གྲོང་ཁྱེར་ཁག་ལ་མེ་སྒྱོགས་དང་འཕུར་མདེལ་གྱིས་གཏོར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་སྟེ་འདས་པའི་ཉིན་ཞག་གཅིག་གི་རིང་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་ལ་འཆི་རྨས་ཚབས་ཆེན་ཕོག་འདུག་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་མ་རི་ཨུ་པུལ་གྲོང་ཁྱེར་མཐའ་བསྐོར་ནས་མེ་སྒྱོགས་དང་འཕུར་མདེལ། གནམ་དམག་གིས་གཏོར་རྒོལ་བྱས་ནས་གྲོང་མི་༢༤༠༠་ལྷག་བསད་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་མི་གྲངས་༢༠༠༠༠་ལྷག་ལ་སྲོག་སྐྱོན་བྱུང་ཡོད་པའི་ཉེན་ཁ་འདུག་ཅེས་བཤད། ད་ལྟ་ཉི་མ་༢༡་གི་ནང་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་ལ་འཆི་རྨས་བྱུང་བའི་གྲངས་འབོར་ནི་ཨ་མི་རི་ཀས་ཨི་རཀ་དང་ཨབ་གྷ་ཎི་སི་ཐན་ལ་ལོ་༢༠་ཐམ་པའི་རིང་དུ་དམག་འཁྲུག་བརྒྱབ་ནས་དམག་ལ་འཆི་རྨས་བྱུང་བའི་གྲངས་འབོར་ལས་ཀྱང་མང་བ་བྱུང་འདུག ཨུ་རུ་སུའི་གཞུང་གིས་སི་རི་ཡ་དང་ཨི་རཀ་སོགས་ནས་གླས་དམག་བསྡུ་སྐོང་བྱེད་པའམ། ཡང་ན་སི་རི་ཡ་དང་སར་བྷི་ཡ་ནས་རྒྱབ་སྐྱོར་དང་བླངས་དམག་དཔུང་བསྡུ་སྐོང་། ལྷག་པར་དུ་ཨུ་རུ་སུས་རྒྱ་ནག་ལ་དཔལ་འབྱོར་དང་མཚོན་ཆ་རོགས་རམ་བྱ་དགོས་ཞེས་འབོད་སྐུལ་ཞུས་པར་བལྟས་ཚེ། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་དམག་འཁྲུག་འདིར་ལམ་ལྷོངས་ཡོང་གི་མེད་པ་གསལ་པོ་རེད་ཅེས་གནས་ཚུལ་ཐོན་འདུག

ཐོག་མར་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་དང་ནེའུ་ཡོཀ་དུས་བབ་ཚགས་པར་སོགས་ཨ་རིའི་གསར་འགྱུར་ལས་ཁང་ཕལ་མོ་ཆེས་ཨུ་རུ་སུའི་དམག་གིས་ཉིན་ཤས་ནང་དུ་ཡུཀ་རེན་དབང་དུ་བསྡུ་ཐུབ། ཕུ་ཊིན་གྱིས་ཡུཀ་རེན་བཙན་བཟུང་བྱས་པའི་རྗེས་སུ་མཐའ་མཚམས་ཀྱི་རྒྱལ་ཁབ་གཞན་པ་གང་ལ་དཔུང་འཇུག་བྱ་རྒྱུ་རེད། སྔོན་ཆད་ཨུ་རུ་སུ་དམར་ཤོག་གི་དབང་སྒྱུར་འོག་ནས་རང་བཙན་ཐོབ་པའི་རྒྱལ་ཁབ་ཁག་ལ་ཕུ་ཊིན་གྱིས་དམག་དྲངས་ཏེ་སླར་ཡང་ཨུ་རུ་སུའི་བཙན་རྒྱལ་སླར་གསོ་བྱ་རྒྱུ་རེད་དམ། གལ་སྲིད་ཕུ་ཊིན་གྱིས་དམག་བཏང་ནས་ལུ་ཝེ་ཎི་ཡ་དང་ལཱ་ཊི་ཝི་ཡ། ཨེ་སི་ཊོ་ཎི་ཡ་སོགས་ལ་བཙན་འཛུལ་བྱེད་ན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ངོ་མར་ཨུ་རུ་སུ་ལ་དམག་རྒྱག་ཐུབ་རྒྱུ་རེད་དམ་ཞེས་དོགས་སློང་གི་རྩོམ་ཡིག་སྤེལ། ད་ལྟ་ཨ་རི་དང་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཕལ་ཆེ་བས་ཨུ་རུ་སུའི་དམག་དཔུང་དཔའ་ཞུམ་ནས་གཉའ་ཆག་སོང་། ཕུ་ཊིན་ལ་རྒྱལ་ཁ་འཐོབ་རྒྱུ་མེད་པའི་དམག་འཁྲུག ཨུ་རུ་སུ་ལ་ཕམ་ཉེས་བྱུང་བ་རེད་དམ་ཞེས་གནས་ཚུལ་སྤེལ་རྒྱུ་ཇེ་མང་དུ་སོང་། ཡུཀ་རེན་དང་ཨུ་རུ་སུའི་སྐུ་ཚབ་ཚོས་དམག་འཁྲུག་མཚམས་འཇོག་གི་གྲོས་མོལ་ཐེངས་འགའ་ཞིག་བྱས་ཀྱང་ཨུ་རུ་སུའི་གཞུང་གིས་ཁེ་རེ་མཱི་ཡ་གླིང་ཟུར་དང་ཌོན་བྷ་སི་མངའ་ཁུལ་གྱི་གྱེན་ལོག་ས་གནས་གཉིས་ཀྱི་བདག་དབང་རྣམས་ཨུ་རུ་སུ་ལ་ཡོད་པ་ཁས་ལེན་བྱ་དགོས། ཡུཀ་རེན་ནམ་ཡང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་རྒྱུ་མིན་པའི་ཆིངས་ཡིག་འཇོག་དགོས། ཡུཀ་རེན་གྱི་དམག་དཔུང་ཉུང་དུ་གཏོང་དགོས་ཞེས་ཆ་རྐྱེན་བཏོན། སྲིད་འཛིན་ཛེ་ལན་སི་ཀིས་ང་ཚོ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་འཕྲལ་དུ་ཞུགས་ཐུབ་རྒྱུ་ཁག་པོ་རེད། ཡུཀ་རེན་གྱི་ས་ཆ་སོར་གང་བློས་གཏོང་རྒྱུ་མིན། ཡུཀ་རེན་གྱི་མངའ་ཁོངས་གོང་བུ་གཅིག་གྱུར་གྱི་རྩ་དོན་ལ་གུ་བཤངས་བྱས་ནས་གྲོས་མོལ་བྱ་རྒྱུ་གཏན་ནས་མེད་ཅེས་ཨུ་རུ་སུའི་དགོས་འདུན་ཁག་ལ་མོས་མཐུན་བྱེད་ཀྱི་མེད་ཅིང་། ཧྥ་རན་སི་དང་དབྱིན་ཇི། ཨ་མི་རི་ཀ་བཅས་ཀྱིས་ཕུ་ཊིན་ལ་ལྷག་བསམ་རྣམ་དག་གི་གྲོས་མོལ་བྱེད་འདོད་ཡོད་མི་སྲིད། ད་ལྟ་ཨུ་རུ་སུའི་དམག་ལ་ཕམ་ཉེས་འབྱུང་གི་ཡོད་པ་དེར་ཤར་ཕྱོགས་ནས་དམག་དཔུང་ཁ་སྣོན་གཏོང་མ་སླེབས་བར་དང་རྒྱ་ནག་ནས་མཚོན་ཆ་དང་དཔལ་འབྱོར་རོགས་རམ་མ་རག་བར་དུ་ཡུཀ་རེན་ལ་ཞི་བའི་གྲོས་མོལ་བྱེད་དགོས་ཟེར་གྱི་ཡོད་པ་རེད། ཕུ་ཊིན་གྱིས་ཞི་བའི་གྲོས་མོལ་བྱེད་དགོས་ཟེར་གྱི་ཡོད་པ་ནི་གཡོ་གཏམ་འབའ་ཞིག་རེད་ཅེས་ཉེན་བརྡ་བཏང་འདུག

XS
SM
MD
LG