ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་མངའ་སྡེ་གཉིས་ཀྱི་སྤྱི་ཁྱབ་བཙན་ཁྲིད་ལྐོག་ཇུས།


ཨ་རིའི་མངའ་སྡེའི་སྤྱི་ཁྱབ་བཙན་ཁྲིད་བྱ་རྒྱུའི་ལྐོག་ཇུས་བཤམས་མཁན་གྱི་མི་རིགས་དཀར་པོ་མཆོག་འཛིན་གྱི་མཐའ་ལྷུང་ཤོག་ཁག་ཅིག་གི་ཡུལ་དམག་ཁག་ཅིག

༄༅།། ཉེ་ཆར་ཨ་རིའི་མཱི་ཆི་གྷན་མངའ་སྡེའི་སྤྱི་ཁྱབ་ཝི་ཊི་མཱེར་མི་རིགས་དཀར་པོ་མཆོག་འཛིན་གྱི་མཐའ་ལྷུང་ཤོག་ཁག་ཅིག་གི་ཡུལ་དམག་ཚོགས་པ་ཞིག་གིས་བཙན་ཁྲིད་བྱ་རྒྱུའི་ལྐོག་ཇུས་བཤམས་པར་འབྲེལ་བ་ཡོད་པའི་མི་༡༤་པ་ཞིག་འཛིན་བཟུང་བྱས་ནས་འཇིགས་སྐུལ་དྲག་སྤྱོད་ཀྱི་ནག་ཉེས་བཙུགས། ཨ་རིའི་མི་རིགས་དཀར་པོ་མཆོག་འཛིན་གྱི་མཐའ་ལྷུང་ཤོག་ཁག་དེའི་ཡུལ་དམག་གཞན་གཉིས་ཀྱིས་རྒྱལ་ས་ཝ་ཤིང་ཊོན་གྱི་ཉེ་འཁོར་དུ་ཚགས་པའི་ཝྭིར་ཇཱི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་ནོར་ཐམ་ཡང་བཙན་ཁྲིད་བྱ་དགོས་པའི་གྲོས་མགོ་བཏོན་པ་རེད་ཅེས་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་འདུག མཱི་ཆི་གྷན་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་ལས་ཁུངས་ཀྱི་ཁྲིམས་སྦྱོར་ཡིག་ཆའི་ནང་དུ་འཁོད་པ་ལྟར་ན། ལོ་ན་༥༡་ལ་སོན་པའི་བྷ་རེན་ཧི་གྷིན་ཟེར་པའི་ཝི་སི་ཀོན་སན་མངའ་སྡེའི་མི་ཞིག་ལ་རྒྱལ་ནང་གི་འཇིགས་སྐུལ་གཏོར་རྒོལ་ལ་རྒྱུ་དངོས་མཁོ་སྦྱོར་དང་གཏོར་རྒོལ་ལ་རྒྱབ་སྐྱོར་བྱས་པའི་ནག་ཉེས་བཙུགས། ཨ་རིའི་མི་རིགས་དཀར་པོ་མཆོག་འཛིན་གྱི་མཐའ་ལྷུང་ཤོག་ཁག་དེའི་ཡུལ་དམག་ཤོག་ཁག་ཅིག་གིས་མཱི་ཆི་གྷན་མངའ་སྡེའི་སྤྱི་ཁྱབ་ལས་ཁུངས་ལ་དཔུང་འཇུག་བྱས་ནས་གཞུང་འབྲེལ་མི་སྣ་རྣམས་དམར་གསོད་བྱ་རྒྱུའི་ངན་ཇུས་བཤམས། མི་གཞན་པ་༧་ལ་མཐའ་ལྷུང་རིང་ལུགས་ཀྱི་ཤོག་ཁག་དེར་འབྲེལ་བ་འདུག་ཅེས་མངའ་སྡེའི་གཞུང་གིས་ནག་ཉེས་བཙུགས། མི་གཞན་པ་༦་ལ་ཨ་རིའི་དབུས་གཞུང་གིས་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་ངན་ཇུས་བཤམས་པའི་ནག་ཉེས་བཙུགས་ནས་འཛིན་བཟུང་བྱས་འདུག

ཨ་རིའི་མཱི་ཆི་གྷན་མངའ་སྡེའི་སྤྱི་ཁྱབ་ཝི་ཊི་མཱེར།
ཨ་རིའི་མཱི་ཆི་གྷན་མངའ་སྡེའི་སྤྱི་ཁྱབ་ཝི་ཊི་མཱེར།

མཱི་ཆི་གྷན་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་པ་ནེ་སེལ་གྱིས་ཆབ་སྲིད་ཀྱི་འཐབ་རྩོད་དང་འོས་འདེམས་ལས་འགུལ་གྱི་ངར་སྐད་སྒྲོགས་པའི་དུས་སུ་ཨ་མི་རི་ཀ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་མེད་པར་ཤོག་ཁག་གཉིས་སུ་ཆད་ཡོད་པ་ལྟར་དུ་སྣང་གི་ཡོད་སྲིད། འོན་ཀྱང་ཨ་མི་རི་ཀའི་ཉེན་རྟོག་པ་དང་དབུས་ཞིབ་གཅོད་ལས་ཁུངས་ཀྱི་ལས་སྣ་སོགས་ཁྲིམས་གནོན་སྡེ་ཚན་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱལ་ནང་གི་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་ལ་སྔོན་འགོག་ཐུབ་པ་ནི་ཨ་མི་རི་ཀ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོད་པའི་དན་རྟགས་ཤིག་དང་ང་ཚོ་དེ་ལ་གདེང་སྤོབས་སྐྱེས་བྱུང་། འཇིགས་སྐུལ་རིང་ལུགས་པས་གཏོར་རྒོལ་གྱི་ཉེན་ཁ་ཚབས་ཆེན་ཡོད་པ་དང་ཉེན་ཁ་དེ་ཚོ་ཁུངས་སྐྱེལ་བྱེད་ཐུབ། འདི་ནི་ང་ཚོའི་འོས་འདེམས་བྱུང་བའི་ལས་སྣེ་ཚོ་གཅིག་པུ་མ་ཡིན་པར་ཨ་མི་རི་ཀའི་སྤྱི་དམངས་བྱིངས་ཀྱི་བདེ་འཇགས་ལའང་ཉེན་ཁ་ཞིག་རེད། འདས་པའི་གཟའ་འཁོར་དེར་ཨ་རིའི་དབུས་གཞུང་དང་མངའ་སྡེ་གཞུང་གཉིས་མཉམ་འབྲེལ་ཐོག་ཏུ་འཇིགས་སྐུལ་རིང་ལུགས་ཀྱི་གཏོང་རྒོལ་བཀག་པ་ནི་དཔའ་མཛངས་ལྡན་པའི་འཐབ་རྒོལ་ཞིག་རེད་ཅེས་བསྔགས་བརྗོད་བྱས་འདུག བྷ་རེན་ཧི་གྷིན་གྱིས་ཨ་རིའི་རྒྱལ་ནང་གི་འཇིགས་སྐུལ་རིང་ལུགས་པའི་ཤོག་ཁག་དེར་མཱི་ཆི་གྷན་མངའ་སྡེའི་སྤྱི་ཁྱབ་ཝི་ཊི་མཱེར་གུང་སེང་དུ་འགྲོ་སའི་ཁང་པ་དེར་མཚོན་མོར་མྱུལ་ཞིབ་བྱ་སྤྱད་མུན་མཐོང་རྒྱང་ཤེལ་དང་པར་ཆས་མཁོ་སྤྲོད་བྱས་ནས་རྒྱབ་སྐྱོར་བྱས་ཡོད་པར་མ་ཟད། ཁོ་པ་རང་གིས་མཱི་ཆི་གྷན་མངའ་སྡེའི་སྤྱི་ཁྱབ་ཀྱི་ཁང་པ་དེར་རྟོག་ཞིབ་བྱས་ནས་མངའ་སྡེའི་སྤྱི་ཁྱབ་གུང་སེང་ལ་ཡོང་དུས་བཙན་ཁྲིད་ཇི་ལྟར་བྱས་ན་སྟབས་བདེ་མིན་བརྟག་དཔྱད་བྱས་འདུག་ཅེས་ནག་ཉེས་བཙུགས་འདུག

བདུན་ཕྲག་སྔོན་མར་འཛིན་བཟུང་བྱས་པའི་མི་རིགས་དཀར་པོ་མཆོག་འཛིན་པའི་མཐའ་ལྷུང་ཤོག་ཁག་དེའི་ཚོགས་མི་ཁག་ཅིག་གིས་མཱི་ཆི་གྷན་མངའ་སྡེའི་ཉེན་རྟོག་པ་ཁག་ཅིག་གི་ཁྱིམ་ཚང་སོ་སོའི་ཁ་བྱང་རྩད་གཅོད། མངའ་སྡེ་དེའི་སྤྱི་ཁྱབ་བཙན་ཁྲིད་བྱས་པའི་མཉམ་དུ་མངའ་སྡེ་དེའི་ཉེན་རྟོག་པ་ཁག་ཅིག་ཀྱང་རྒོལ་རྡུང་གི་དམིགས་འབེན་དུ་བཟུང་ནས་དམར་གསོད་བྱ་རྒྱུའི་ངན་ཇུས་བཤམས་འདུག ཁོ་ཚོས་དྲག་སྤྱོད་ཀྱི་སྡིགས་ར་བསྐུལ་བ་དང་ཨ་མི་རི་ཀར་ནང་འཁྲུག་སློང་རྒྱུའི་ངན་སྐུལ་བྱས་ཤིང་། མཱི་ཆི་གྷན་མངའ་སྡེའི་གཞུང་གི་ལས་ཁུངས་ལ་དཔུང་འཇུག་བྱས་ནས་མངའ་སྡེའི་སྤྱི་ཁྱབ་དང་གཞུང་འབྲེལ་མི་སྣ་ཚོར་གཏོར་རྒོལ་ཇི་ལྟར་བྱ་དགོས་མིན་གྱི་དམག་སྦྱོང་བྱས་འདུག་ཅེས་བསྒྲགས། བྷ་རེན་ཧི་གྷིན་དང་མི་གཞན་པ་༧་ལ་མཱི་ཆི་གྷན་མངའ་སྡེའི་གཞུང་གིས་ཉེས་ཆེན་རིགས་མ་འདྲ་བ་༢༠་བསགས་པའི་ནག་ཉེས་བཙུགས། མི་དེ་ཚོས་རང་ལ་མངའ་སྡེ་གཞུང་གིས་བཙུགས་པའི་ནག་ཉེས་དེ་ཚོར་དཀར་འདོན་བྱེད་མ་ཐུབ་ཚེ། ཁོ་ཚོར་འཇིགས་སྐུལ་རིང་ལུགས་པའི་ནག་ཉེས་ཕོག་ནས་ལོ་༢༠་ཡས་མས་རེར་བཙོན་འཇུག་གི་ཁྲིམས་ཐག་གཅོད་སྲིད། མཱི་ཆི་གྷན་མངའ་སྡེའི་གཞུང་གིས་ཉེས་འཛུགས་བྱ་ཡུལ་སྐྱེ་བོ་དེ་ཚོར་ཁྲིམས་བཤེར་མྱུར་དུ་བྱ་རྒྱུ་ཡིན་ཟེར་གྱི་ཡོད་ཀྱང་ཁྲིམས་བཤེར་གྱི་ཚེས་གྲངས་སོགས་གཏན་འབེབས་བྱས་ཡོད་པའི་གནས་ཚུལ་མ་ཐོན། མི་དེ་ཚོ་དངུལ་སྒོར་གཏའ་མར་བཞག་ནས་ཁྲིམས་བཤེར་བར་དུ་གློད་བཀྲོལ་གཏོང་གི་མེད་པ་རེད།།

ཨ་མི་རི་ཀའི་དབུས་ཞིབ་གཅོད་ལས་ཁུངས་ཀྱིས་རྩད་གཅོད་དང་ཞིབ་འཇུག་བྱས་པར་གཞིགས་ན། མི་རིགས་དཀར་པོ་མཆོག་འཛིན་གྱི་མཐའ་ལྷུང་ཤོག་ཁག་དེས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་སྔོན་འགོག་ཆེད་དུ་ཚོང་ལས་དང་འགྲིམ་འགྲུལ་བཀག་སྡོམ། སྤྱི་ཚོགས་རྒྱང་བཀྱེད་ཀྱི་སྒྲིག་ཁྲིམས་ལག་ལེན་བསྟར་པ། མི་མང་ལ་ཁ་རས་གྱོན་དགོས་པའི་སྐུལ་ལྕག་གཏོང་མཁན་མངའ་སྡེའི་སྤྱི་ཁྱབ་སུ་སུ་བཙན་ཁྲིད་བྱ་དགོས་མིན་གྱི་གྲོས་སྡུར་བྱས་པའི་སྐབས་སུ་ཝྭིར་ཇཱི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་ནོར་ཐམ་ཡང་བཙན་ཁྲིད་བྱ་དགོས་པའི་གྲོས་སྡུར་བྱས་འདུག་ཅེས་གནས་ཚུལ་སྤེལ། ཟླ་ཤས་སྔོན་དེར་ཨ་རིའི་མཱི་ཆི་གྷན་དང་ཝྭིར་ཇཱི་ཎི་ཡ་མངའ་སྡེ་གཉིས་སུ་འགྲོ་འོང་བཀག་སྡོམ་གྱི་སྒྲིག་ཁྲིམས་ནན་པོ་ཞིག་ལག་ལེན་བསྟར་ནས་ཟ་ཁང་དང་ཆང་ཁང་། གློག་བརྙན་ཁང་དང་ཚོང་ཁང་སོགས་སྒོ་བརྒྱབ། དེར་བརྟེན་སྲིད་འཛིན་ཌོ་ནལ་ཊམ་གྱིས་མཱི་ཆི་གྷན་མངའ་སྡེ་བཅིངས་འགྲོལ་གཏོང་དགོས། ཝྭིར་ཇཱི་ཎི་ཡ་མངའ་སྡེ་བཅིངས་འགྲོལ་གཏོང་དགོས་ཞེས་རང་གི་རྒྱབ་སྐྱོར་པ་ཚོར་འགྲོ་འོང་བཀག་སྡོམ་ལ་ངོ་རྒོལ་བྱ་དགོས་པའི་སྐུལ་སློང་བྱས་པ་དང་མི་རིགས་དཀར་པོ་མཆོག་འཛིན་གྱི་མཐའ་ལྷུང་ཤོག་ཁག་དེའི་ཡུལ་དམག་ཁག་ཅིག་གིས་རང་འགུལ་འཕྲུལ་མདའ་བཟུང་ནས་ངོ་རྒོལ་ལས་འགུལ་ཁག་ལ་ཞུགས། ཁོ་ཚོས་ཨ་མི་རི་ཀའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་རྒྱབ་སྐྱོར་པ་ཚོ་ཆབ་སྲིད་ཀྱི་ལྟ་བ་མཐུན་གྱི་ཡོད་པའི་འགལ་ཟླ་ཆེ་རུ་བཏང་ཞིང་། སྲིད་འཛིན་ཊམ་གྱིས་མི་རིགས་དཀར་པོ་མཆོག་འཛིན་གྱི་མཐའ་ལྷུང་ཤོག་ཁག་དེའི་ཚོགས་མི་ཚོར་ཁ་རྡུང་གཏན་ནས་གཏོང་གི་མེད་པས་ཚོགས་པ་དེའི་ཚོགས་མི་ཚོ་དཔའ་སྐྱེད་ལངས་ནས་འཇིགས་སྐུལ་རིང་ལུགས་ཀྱི་ལས་འགུལ་སྤེལ་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག དེང་སྐབས་ཨ་མི་རི་ཀར་འཇིགས་སྐུལ་རིང་ལུགས་ཀྱི་ཉེན་ཁ་ཆེ་ཤོས་ནི་རྒྱལ་ནང་གི་མི་རིགས་དཀར་པོ་མཆོག་འཛིན་གྱི་མཐའ་ལྷུང་ཤོག་ཁག་དེ་རེད་ཅེས་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ཀྱིས་སྲིད་གཞུང་དང་གྲོས་ཚོགས་སོགས་ལ་སྙན་སེང་ཞུས་འདུག

ཝྭིར་ཇཱི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་ནོར་ཐམ།
ཝྭིར་ཇཱི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་ནོར་ཐམ།

ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ཀྱི་ཡིག་ཆ་དེར་ཝྭིར་ཇཱི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་ནོར་ཐམ་བཙན་ཁྲིད་བྱ་དགོས་ཀྱི་འདུག་ཅེས་སྐུལ་སློང་བྱེད་མཁན་གཙོ་བོ་གཉིས་ནི་མཱི་ཆི་གྷན་མངའ་སྡེའི་སྤྱི་ཁྱབ་བཙན་ཁྲིད་ཀྱི་ལྐོག་ཇུས་དེར་མཉམ་ཞུགས་བྱེད་མཁན་གྲས་ཤིག་རེད། ཡུལ་དམག་དེ་རྣམས་རང་ངོས་ནས་བཙུགས་པའི་སྒྲིག་འཛུགས་ཤིག་ཡིན་ཞིང་། ཨེ་ཌམ་ཧྥོཀ་སི་དང་བྷེ་རཱི་ཁོ་རོབ་ཊི་གཉིས་ཕྱི་ཟླ་༦་པའི་ནང་དུ་ཨོ་ཧ་ཡོ་མངའ་སྡེའི་ཊབ་ལིན་ས་གནས་སུ་ཨ་རིའི་མངའ་སྡེ་ཁག་ལྔའི་ཡུལ་དམག་ཤོག་ཁག་བཞི་ཚོགས་འདུ་ཚོགས་པ་དེར་མཉམ་ཞུགས་བྱས་འདུག ཁོ་ཚོས་སྐབས་དེར་མཱི་ཆི་གྷན་མངའ་སྡེའི་སྤྱི་ཁྱབ་དང་ཝྭིར་ཇཱི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་བཙན་ཁྲིད་བྱ་རྒྱུའི་གྲོས་སྡུར་བྱས་པ་རེད། སྐབས་དེའི་ཚོགས་འདུའི་ཐོག་ཏུ་ཨེ་ཌམ་ཧྥོཀ་སི་དང་བྷེ་རཱི་ཁོ་རོབ་ཊི་གཉིས་ཀྱིས་ཝྭིར་ཇཱི་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་ཀྱང་བཙན་ཁྲིད་བྱ་དགོས་པའི་གྲོས་མགོ་བཏོན། མཱི་ཆི་གྷན་མངའ་སྡེའི་ཁྲིམས་འཛིན་ལྷན་ཁང་དང་ཨ་རིའི་དབུས་གཞུང་གི་ཁྲིམས་འཛིན་ལྷན་ཁང་གཉིས་ཀྱིས་འཛིན་བཟུང་བྱས་པའི་མི་དེ་དག་ལ་འདྲི་གཅོད་བྱས་ནས་གནས་ཚུལ་དེ་ཚོར་ཤེས་རྟོགས་བྱུང་བ་རེད་ཅེས་བཀོད། ད་སྔ་ཝྭིར་ཇཱི་ཎི་ཡའི་མངའ་སྡེའི་སྤྱི་ཁྱབ་ནོར་ཐམ་བཙན་ཁྲིད་ཀྱི་ལྐོག་ཇུས་ལ་འབྲེལ་བ་ཡོད་པའི་མི་གཅིག་ཀྱང་འཛིན་བཟུང་བྱས་མེད་ཀྱང་ཝྭི་ཊི་མཱེར་དང་ནོར་ཐམ་གཉིས་ཀ་དམངས་གཙོ་ཚོགས་པའི་མངའ་སྡེའི་སྤྱི་ཁྱབ་ཡིན་པ་དང་། མངའ་སྡེའི་སྤྱི་ཁྱབ་དེ་དག་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་དུ་ཚོང་ལས་དང་འགྲིམ་འགྲུལ། འདུ་འཛོམས་བཀག་པ་དང་སྤྱི་ཚོགས་རྒྱང་བཀྱེད་ཀྱི་ཁྲིམས་རྣམས་ལག་ལེན་བསྟར་པར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁ་རྡུང་དྲག་པོ་བཏང་ཡོད་པ་རེད།།

XS
SM
MD
LG