ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བོད་པ་རྩོམ་པ་པོ་བཞི་ལ་གཟེངས་རྟགས།


༄༅།། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་གཟེངས་རྟགས་འབུལ་ས་བོད་པ་རྩོམ་པ་པོ་བཞི་བོ་བོད་ནང་ལོགས་སུ་ཡོད་ཅིང་། ཁོང་ཚོར་རྒྱ་ནག་གཞུང་གིས་སྔར་ལས་ལྷག་པའི་ཁྲིམས་གཅོད་དང་སུན་གཙེར་དྲག་པོ་བྱེད་སྲིད་ཉེན་ཀ་ཡོད་པས། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་བོད་པ་རྩོམ་པ་པོ་དེ་དག་སུ་སུ་ཡིན་མིན་གྱི་མིང་ཐོ་ཕྱིར་བསྒྲགས་བྱས་མེད་དང་། ཕྱི་ལོ་༢༠༡༢་ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་གཟེངས་རྟག་འབུལ་ས་ཤེས་ཡོན་ཅན་དེ་དག་རྒྱལ་ཁབ་༡༩་ནས་བསལ་འདེམས་བྱས་པའི་རྩོམ་པ་པོ་དང་གསར་འགོད་པ། ཟིན་བྲིས་པ་དང་སྙན་ངག་པ་བཅས་མི་༤༡་ཡོད་པ་དང་། ཕྱི་ཟླ་༡༢་ཚེས་༢༡་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་སྤེལ་པའི་གསར་འགོད་གསལ་བསྒྲགས་ལ་འཁོད་པ་ལྟར་ན། ཕྱི་ལོ་༢༠༡༢་ལོའི་ཧེ་མལ་ཧ་མེཊ་གཟེངས་རྟགས་ཐོབ་མཁན་ཕལ་ཆེ་བས་གཏམ་བརྗོད་རང་དབང་དང་འབྲི་རྩོམ་རང་དབང་གི་ཐོབ་ཐང་རྩོད་ལེན་བྱས་ཡོད། ཁོང་ཚོས་རང་གི་སྤྱི་ཚོགས་སུ་འབྱུང་བཞིན་ཡོད་པའི་དངོས་ཡོད་གནས་ཚུལ་རྣམས་ཐེར་འདོན་བྱས་པ་དང་ཆབས་ཅིག རྩོམ་པ་པོ་དེ་དག་གིས་བསམ་བློ་གསར་པ་བཏང་ནས་གཞུང་གི་སྲིད་དབང་འཛིན་མཁན་ཚོར་སྐྱོན་བརྗོད་བྱས་ནས་ཕོག་ཐུག་བཏང་ཞིང་། དེར་བརྟེན་རྩོམ་པ་པོ་དེ་དག་ལ་རང་གི་སྲིད་གཞུང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་དྲག་གནོན་བྱས་ཏེ་ཆབ་སྲིད་ཀྱི་རྡུང་རྡེག་གཏོང་བཞིན་ཡོད་པས།་རྩོམ་པ་པོ་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རྫི་ཕོག་ནས་དཀའ་སྡུག་མྱོང་གི་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་འཐབ་རྩོད་བྱེད་བཞིན་པའི་རྩ་དོན་ཁག་དང་རྩོམ་པ་པོ་དེ་དག་གིས་དོན་གཉེར་བྱེད་བཞིན་པའི་རྩ་དོན་ཁག་གཅིག་མཚུངས་ཡིན། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་བཙན་གནོན་གྱི་དཀའ་སྡུག་མྱོང་བཞིན་པའི་རྩོམ་པ་པོ་དེ་དག་གི་བདེ་སྡུག་གླེང་སློང་བྱེད་རྒྱུ་དང་། ཁོང་ཚོར་གཉའ་གནོན་བྱེད་མཁན་སྲིད་གཞུང་དེ་ཚོར་སྒྱུར་བཅོས་གཏོང་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་ང་ཚོའི་འོས་འགན་ཡིན་ཞེས་འཁོད་ཡོད་པ་རེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་གཟེངས་རྟགས་སྤྲོད་ས་མི་༤༡་ཡོད་པ་དེའི་ཁོངས་ཀྱི་མི་༦་གི་མིང་ཐོ་གསང་བ་བྱེད་ཡོད་པ་དང་། ཁོང་ཚོའི་གྲས་སུ་བོད་པ་ཤེས་ཡོན་ཅན་བཞི་ཡང་ཚུད་ཡོད་ལ། འདས་པའི་ལོ་ངོ་༢༢་ཀྱི་རིང་དེར་ཧེལ་མན་ཧ་མེཊ་གཟེངས་རྟགས་འདི་འཛམ་གླིང་གི་རྒྱལ་ཁབ་༩༢་ཀྱི་རྩོམ་པ་པོ་༧༠༠་ལྷག་ལ་ཐོབ་ཡོད་པ་མ་ཟད། གཟེངས་རྟགས་ཐོབ་མཁན་གྱི་མི་རེར་ཨ་སྒོར་ཁྲི་ཚོ་གཅིག་རེ་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་གཟེངས་རྟགས་ཀྱི་དངུལ་སྒོར་དེ་རྣམས་རྩོམ་པ་པོ་གང་ཞིག་ལ་འཛིན་བཟུང་དང་བཙོན་འཇུག་གི་ཉེན་ཀ་བྱུང་སྟེ། མི་དེ་གློ་བུར་དུ་ཕྱི་རྒྱལ་ལ་བྲོས་བྱོལ་དུ་འགྲོ་དགོས་ཐུག་ན་དེའི་ལམ་འགྲོ་གཏོང་རྒྱུ་དང་། ཡང་ལོ་མང་རིང་བཙོན་འཇུག་བྱས་ནས་རྡུང་རྡེག་དང་མནར་གཅོད་མྱངས་ཏེ། མི་དེ་གློད་གྲོལ་བཏང་བའི་རྗེས་སུ་ནད་གཅོང་དུ་གྱུར་ཏེ་སྨན་བཅོས་བྱེད་དགོས་ན་སྨོན་ཡོན་རོགས་རམ་སྤྲོད་རྒྱུ་དང་། དེ་མིན་སྲིད་གཞུང་གིས་མཐོང་ཆུང་དབྱེ་འབྱེད་བྱས་ཏེ་འཚོ་བ་སོགས་ཀྱི་དཀའ་ངལ་འཕྲད་ཡོད་པའི་རྩོམ་པོ་ཚོར་གནས་སྐབས་ཀྱི་འཚོ་བའི་དཀའ་ཁག་སེལ་པར་འགྲོ་གྲོན་གཏོང་གི་ཡོད་པ་རེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་སྙན་ཐོ་དེར་མུ་མཐུད་དུ་འཁོད་པ་ལྟར་ན། ཕྱི་ལོ་༢༠༠༨་ལོར་རྒྱ་ནག་གཞུང་གིས་བོད་མི་དམངས་ལ་ཕྱོགས་ཡོངས་ནས་དྲག་གནོན་བྱས་ནས་བཟུང་། ད་བར་བོད་པ་གཞས་པ་དང་གཞས་མ་དང་། རྩོམ་པ་པོ་དང་སྒྱུ་རྩལ་པ། བོད་མི་རིགས་ཀྱི་ངོ་བོ་གཅེས་འཛིན་བྱེད་པར་རིག་གཞུང་གི་ལས་དོན་གཉེར་མཁན་ཚོར་དམིགས་སུ་བཀར་ནས་དྲག་གནོན་བྱེད་བཞིན་འདུག་ཅེས་བཀོད་ཡོད་པ་དང་། ཁ་སྔོན་ཕྱི་ཟླ་༨་ནང་བཙན་བྱོལ་བོད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་བཀག་སྡོམ་ལྷན་ཁང་བོད་ནང་གི་ཤེས་ཡོན་ཅན་༦༤་མི་ཐོ་དང་ལོ་རྒྱུས། ཁོང་ཚོ་རྒྱ་ནག་གཞུང་གིས་འཛིན་བཟུང་དང་བཙོན་འཇུག་བྱེད་ཡོད་པ་དང་། བོད་པ་ཤེས་ཡོན་ཅན་༢༤་ལ་ལོ་མང་གི་བཙོན་འཇུག་ནས་ཟླ་ཤས་རིང་བཀག་ཉར་སོགས་ཁྲིམས་གཅོད་དྲག་པོ་བྱས་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་བཀག་སྡོམ་ལྷན་ཁང་གིས་བོད་པ་ཤེས་ཡོན་ཅན་དེ་དག་གི་བདེ་སྡུག་ལ་ཞིབ་འཇུག་བྱེད་དགོས་ཞེས་སྙན་ཞུ་ཕུལ་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG