ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་ནག་དང་མཉམ་དུ་དཔལ་འབྱོར་གྱི་འབྲེལ་ལམ་འཛུགས་རྒྱུར་ཨ་རིའི་གཞུང་གིས་གཟབ་ནན་བྱ་རྒྱུའི་རེ་སྐུལ་བྱས།


ཨ་རིའི་ཉོ་ཚོང་སྐུ་ཚབ་མི་སྣ་ཟུར་པ། རཱོ་བྷར་ཁྲི་ལཱད་ཁྲད་གཟིར།
ཨ་རིའི་ཉོ་ཚོང་སྐུ་ཚབ་མི་སྣ་ཟུར་པ། རཱོ་བྷར་ཁྲི་ལཱད་ཁྲད་གཟིར།

གཟའ་འཁོར་འདིའི་གཟའ་ལྷག་པའི་མཚན་ལ། ཨ་རིའི་གྲོས་ཚོགས་ཀྱི་ཨ་རི་དང་རྒྱ་ནག་གུང་ཁྲན་ཏང་གི་ཐབས་ཇུས་འགྲན་རྩོད་ཐད་ཀྱི་དམིགས་བསལ་ལྷན་ཚོགས་ཅེས་པས། འདྲ་མཉམ་གྱི་འགྲན་རྩོད་དང་། རྒྱ་ནག་གུང་ཁྲན་ཏང་གིས་དཔལ་འབྱོར་གྱི་ངོས་ནས་འཇིགས་ཉེན་སློང་བཞིན་པ་འགོག་ཐབས། ཅེས་པའི་བརྗོད་གཞིའི་སྟེང་ཉན་ཞིབ་ཚོགས་འདུ་ཞིག་འཚོགས་འདུག་ཅིང་། ཚོགས་ཐོག་ཏུ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་འཛིན་སྐྱོང་གཞུང་དུས་སྐབས་ཀྱི་ཨ་རིའི་ཉོ་ཚོང་ཐད་ཀྱི་སྐུ་ཚབ་མི་སྣ་ཟུར་པ་རཱོ་བྷར་ཁྲི་ ལཱད་ཁྲད་གཟིར་སོགས་གདན་ཞུས་ཀྱིས་གཏམ་བཤད་གནང་འདུག་ལ། སྐབས་དེར་རཱོ་བྷར་ཁྲི་ ལཱད་ཁྲད་གཟིར་ཡིས་གཏམ་བཤད་ཀྱི་མགོ་བཙུགས་མ་ཐག། ཨ་རི་ལ་མཚོན་ན་རྒྱ་ནག་ནི་འཇིགས་ཉེན་ཆེ་ཤོས་དེ་རེད་ལ། ད་ལྟའི་བར་ཨ་རིའི་ཁ་གཏད་དུ་གྱུར་བའི་རྒྱལ་ཁབ་དག་ལས་ཆེས་ཉེན་ཁ་ཆེ་ཤོས་དེ་རེད་ཅེས་དང་། རྒྱ་ནག་གུང་ཁྲན་ཏང་གིས་ད་ལྟའི་བར་དམག་རྒྱལ་རིང་ལུགས་དང་། དགྲར་འཛིན་གྱི་བསམ་བློ། བཙན་དབང་སྒེར་གཅོད་བཅས་ཀྱི་བྱ་སྤྱོད་འོག་ཏུ་མི་རྣམས་ལ་འཇིགས་ཉེན་ཆེན་པོ་བསླངས་ཡོད་པ་མ་ཟད། དམིགས་བསལ་ཨ་རི་ལ་ཁ་གཏད་བཅག་ཅིང་། ཁོ་ཚོ་ནི་འཛམ་གླིང་སྟེང་གི་སྟོབས་ཆེན་རྒྱལ་ཁབ་ཉག་ཅིག་ཏུ་འགྱུར་རྒྱུར་ཐེ་ཚོམ་མེད་ནའང་། ཨ་རིས་དེ་ལ་འགོག་རྐྱེན་བཟོ་བཞིན་འདུག་ཅེས་སྙད་འདོགས་ཀྱང་བྱེད་བཞིན་པ་རེད། ཡིན་ནའང་དོན་དངོས་ཐོག། རྒྱ་ནག་གིས་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ཨ་རི་དང་དཔལ་འབྱོར་གྱི་དམག་འཁྲུག་བརྒྱབ་ཅིང་། དཔལ་འབྱོར་གྱི་དམག་འཁྲུག་དེའི་ནང་ཁོ་ཚོས་ཚོང་ལས་ཉག་ཅིག་གི་ཆེད་དུ་དམིགས་ནས་བྱེད་ཐབས་རབ་དང་རིམ་པ་མང་པོ་ལག་བསྟར་བྱས་པའི་གྲས་སུ། རྒྱ་ནག་ཏུ་ཡོད་པའི་ཨ་རིའི་སྤྱི་གཉེར་ཁང་སོགས་ནས་ཁོ་ཚོར་ལག་རྩལ་འདོན་སྤྲོད་བྱ་དགོས་པར་བཙན་སྐུལ་བྱས་མྱོང་ཞིང་། དེ་ལྟར་ངོས་ལེན་མ་བྱས་ཚེ་མཐའ་མར་ཨ་རིའི་ཚན་རྩལ་སྤྱི་གཉེར་ཁང་དག་གི་སར་ལག་རྩལ་བརྐུ་འཁྱེར་བྱེད་ཀྱི་ཡོད་པས། རྒྱ་ནག་ནི་འཛམ་གླིང་སྟེང་གི་ཐོན་ལས་གསང་མྱུལ་གྱི་ལས་དོན་སྒྲུབ་མཁན་གཏེ་བོ་དེ་རེད་ལ། དེ་ལྟ་བུའི་དཔལ་འབྱོར་སྲིད་ཇུས་ཀྱི་ཤུགས་རྐྱེན་འོག་ཏུ་རྒྱ་ནག་དང་ཕྱིའི་རྒྱལ་ཁབ་བར་གྱི་ཚོང་རྫས་ཕྱིར་གཏོང་ནང་འདྲེན་ལ་བར་ཁྱད་ཆེན་པོ་ཤོར་བཞིན་པ་རེད་ཅེས། རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཀྱི་ཁེ་གཉེར་ཁང་དག་ལ་འདྲ་མཉམ་མིན་པའི་བྱེད་ཐབས་ལག་བསྟར་བྱེད་བཞིན་པར་སྐྱོན་བརྗོད་ནན་མོ་བྱས་འདུག

ཡང་འདིའི་ཐད་ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི། མད་ཁི་གྷད་ལི་གྷར་ཡིས། འདས་པའི་ལོ་ངོ་ཉི་ཤུ་རྩ་ལྔའི་རིང་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་མང་པོས་ལྷག་བསམ་ཟོལ་མེད་ཞིག་བཅངས་ནས། གལ་ཏེ་ཨ་རིས་རྒྱ་ནག་དང་མཉམ་དུ་དཔལ་འབྱོར་གྱི་འབྲེལ་བ་ཡག་པོ་བཙུགས་ཚེ། དེ་ལ་བརྟེན་ནས་རྒྱ་ནག་གུང་ཁྲན་ཏང་གི་ཆབ་སྲིད་འཛིན་སྐྱོང་བྱེད་སྟངས་རང་དབང་གི་ལམ་དུ་ཕྱོགས་རྒྱུའི་རེ་བ་འཆང་ནའང་། རྒྱ་ནག་གཞུང་གིས་གོ་སྐབས་དེ་བེད་སྤྱད་པ་ཙམ་ལས་དེའི་ཐད་ཀྱི་སྒྲིག་སྲོལ་དང་ཁས་ལེན་ཅི་ཡང་བརྩི་སྲུང་བྱས་མེད་ཅེས་བཤད་འདུག་།

གཞན་གྲོས་ཚོགས་འོག་མའི་དམངས་གཙོ་སྲིད་དོན་ཚོགས་པའི་གྲོས་ཚོགས་འཐུས་མི་རཱ་ཇཱ ་ཁི་རོས་ཞི་ནཱ་མོར་སཱས་ཡིས་ཀྱང་། ༡༩༧༨ལོར་རྒྱ་ནག་གིས་དཔལ་འབྱོར་གྱི་ཐད་ཐོག་མར་ཕྱི་ཕྱོགས་ལ་སྒོ་དབྱེ་སྐབས། ཨ་རི་ནི་འཛམ་གླིང་སྟེང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་དེ་ཡིན་པས། GDPའམ། རྒྱལ་ནང་ཐོན་སྐྱེད་སྤྱི་ཐང་དེ་རྒྱ་ནག་གི་ལྡབ་༡༢་ཡིན་ལ། སྐབས་དེར་རྒྱ་ནག་ནི་འཛམ་གླིང་སྟེང་གི་ཨང་རིམ་༡༠་ཡིན། ད་ལྟ་རྒྱ་ནག་གི་མགོ་ཁྲིད་ཞིས་ཅིན་ཕིན་གྱིས་རྒྱ་ནག་གི་སྟོབས་ཤུགས་དང་། རྒྱལ་སྤྱིའི་ཤུགས་རྐྱེན་སོགས་ཕྱོགས་གང་ཐད་ནས་འཛམ་གླིང་གི་སྣེ་ཁྲིད་མཁན་དུ་རེ་བ་རྒྱག་གི་ཡོད་མོད། གལ་ཏེ་ང་ཚོའི་རེ་བ་ལྟར་འདྲ་མཉམ་ངང་འགྲན་རྩོད་བྱ་རྒྱུའི་ཁོར་ཡུག་ཅིག་བྱུང་ན་དུས་རབས་༢༡་པའི་ནང་སྔར་བཞིན་ཨ་རིས་འཛམ་གླིང་གི་དཔལ་འབྱོར་ལ་སྣེ་ཁྲིད་རྒྱུའི་གོ་གནས་འདི་འཛིན་ཐུབ་རྒྱུ་རེད། དེ་བས་ང་ཚོས་རྒྱ་ནག་གུང་ཁྲན་ཏང་གི་འདྲ་མཉམ་མིན་པའི་འགྲན་རྩོད་དང་། ཉོ་ཚོང་བྱེད་སྟངས་སོགས་ཀྱི་ཤུགས་རྐྱེན་མི་ཐེབས་རྒྱུར་འགོག་སྲུང་བྱ་དགོས་པར་བཤད་འདུག འདིའི་ཐད་ཨ་རིའི་ཉོ་ཚོང་ཐད་ཀྱི་སྐུ་ཚབ་མི་སྣ་ཟུར་པ་རཱོ་བྷར་ཁྲི་ ལཱད་ཁྲད་གཟིར་ཡིས་ཀྱང་། རྒྱ་ནག་གིས་འདྲ་མིན་པའི་ངང་ཨ་རིར་དཔལ་འབྱོར་ཐད་ཀྱི་དམག་འཁྲུག་བསླངས་ནས་ཁེ་ཕན་ཆེན་པོ་བླངས་ཡོད་དེ། སྤྱི་ལོ་༢༠༠༠་ལོ་ནས་ད་ལྟའི་བར་རྒྱ་ནག་གི་GDPའམ། རྒྱལ་ནང་ཐོན་སྐྱེད་སྤྱི་ཐང་ལྡབ་༡༤་འཕར་ཡོད་པས། ད་ལྟ་ཨ་རིས་རྒྱ་ནག་ལ་དཔལ་འབྱོར་ཉོ་ཚོང་ཐད་ནས་སྲིད་ཇུས་དམ་པོ་ཞིག་ལག་བསྟར་བྱ་དགོས་པའི་རེ་འདུན་བཏོན་འདུག

ཐེངས་འདིའི་ཉན་ཞིབ་ཚོགས་འདུའི་སྟེང་གྷོའུ་གྷོལ་སྤྱི་གཉེར་ཁང་གི་འགན་འཛིན་ཟུར་པ། ཨད་རོད་ཁི་ ཞཱི་མད་སྦྲི་དང་། ཕོ་བྲང་དཀར་པོའི་དཔལ་འབྱོར་འཛིན་སྐྱོང་ཐད་ཀྱི་དཔོན་རིགས་ཟུར་པ། རཱ་ཇིར་རཱ་བྷིན་སིན་གཉིས་ཀྱང་མཉམ་ཞུགས་བྱས་འདུག་ལ། ཨད་རོད་ཁི་ ཞཱི་མད་སྦྲི་ཡིས། ད་ལྟའི་ཆར་ལག་རྩལ་ཐད་ཀྱི་འགྲན་རྩོད་ནི་ཨ་རི་དང་རྒྱ་ནག་བར་གྱི་འགྲན་རྩོད་བྱ་ཡུལ་ཀུན་གྱི་གནད་འགག་ཡིན་ཞིང་། དེ་ལས་ཀྱང་མིས་བཟོས་རིག་ནུས་ཀྱི་ལག་རྩལ་ནི་འགྲན་རྩོད་བྱ་ཡུལ་གཙོ་བོ་དེ་རེད། དེ་བས་ཨ་རིས་དངོས་ལུགས་དང་རྩིས་རིག། རྫས་འགྱུར་དང་སྐྱེ་དངོས། རྩིས་འཕྲུལ་སོགས་ཀྱི་ཐད་ནས་འཛམ་གླིང་གི་ཤེས་ལྡན་མི་སྣ་བསྡུ་སྐོང་གིས་མིས་བཟོས་རིག་ནུས་ཐད་ཀྱི་ལག་རྩལ་ཡར་རྒྱས་གཏོང་རྒྱུ་གལ་ཆེ་ཞིང་། ལག་རྩལ་འདི་དག་ཀྱང་དམངས་གཙོའི་རིན་ཐང་གཞི་ལ་བཞག་ནས་ཡར་རྒྱས་བཏང་སྟེ། མིས་བཟོས་རིག་གནས་ཀྱི་ལག་རྩལ་ལས་ཀྱང་ཨ་རི་དང་ཨ་རིའི་རིན་ཐང་མངོན་པར་མཚོན་ཐུབ་པ་བྱ་དགོས་ཅེས་བཤད་འདུག

འབྲེལ་ཡོད།

XS
SM
MD
LG