ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

སི་ཊིབ་བྷེ་ནན་གྱི་ལྐོག་ཟ་དང་ཁྲིམས་འགལ།


ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱི་སློབ་སྟོན་པ་ཟུར་པ་སི་ཊིབ་བྷེ་ནན། ༢༠༢༠།༨།༢༠
ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱི་སློབ་སྟོན་པ་ཟུར་པ་སི་ཊིབ་བྷེ་ནན། ༢༠༢༠།༨།༢༠

༄༅།། ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱི་སློབ་སྟོན་པ་ཟུར་པ་སི་ཊིབ་བྷེ་ནན་དང་མི་གཞན་པ་གསུམ་གྱིས་ཨ་རིའི་མི་དམངས་ལ་མགོ་སྐོར་བཏང་སྟེ་སྲིད་འཛིན་ཊམ་གྱིས་ཨ་རི་དང་མེཀ་སི་ཀོའི་ས་མཚམས་སུ་ལྕགས་རི་ཞིག་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དེར་རྒྱབ་སྐྱོར་བྱ་དགོས། ཨ་མི་རི་ཀ་བ་ཚོས་རང་གི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་དང་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་རྣམས་བཀག་འགོག་བྱེད་པར་ས་མཚམས་སུ་ལྕགས་རི་ཞིག་འཛུགས་སྐྲུན་བྱེད་ཀྱི་ཡོད་པར་དངུལ་སྒོར་ཞལ་འདེབས་སྤྲོད་དགོས། ང་ཚོས་རྒྱལ་ཁབ་ཀྱི་དོན་དུ་དང་བླངས་བྱས་ནས་ལྕགས་རི་འཛུགས་སྐྲུན་གྱི་འགྲོ་གྲོན་འདུ་འགོད་བྱེད་ཀྱི་ཡོད། དངུལ་སྒོར་ཞལ་འདེབས་བསྡུས་པ་རྣམས་བརྒྱ་ཆ་བརྒྱ་ཐམ་པ་ས་མཚམས་ཀྱི་ལྕགས་རི་འཛུགས་སྐྲུན་ལས་དོན་དེའི་དམིགས་སྒོ་ཁག་ལ་འགྲོ་གྲོན་གཏོང་རྒྱུ་ཡིན་ཞེས་དྲིལ་བསྒྲགས་བྱས་ནས་ཨ་སྒོར་བྱེ་བ་གཉིས་དང་ས་ཡ་ལྔ་འདུ་འགོད་བྱས་ཐུབ་ཡོད་ཅིང་། ཕྱི་ཟླ་༨་ཚེས་༢༠་ཉིན་ཨ་རིའི་དབུས་གཞུང་གི་ཁྲིམས་སྦྱོར་བ་ཚོས་སི་ཊིབ་བྷེ་ནན་དང་རོགས་པ་གསུམ་ལ་གཡོ་ཁྲམ་གྱི་སྒོ་ནས་དངུལ་སྒོར་འདུ་འགོད་བྱས་པའི་ནག་ཉེས་བཙུགས་ཏེ་འཛིན་བཟུང་བྱས་འདུག ད་སྔ་སི་ཊིབ་བྷ་ནན་གྱིས་ནག་ཉེས་དེ་ཚོར་ངོས་ལེན་བྱས་མེད་ཀྱང་ཉེས་འཛུགས་ཀྱི་དཔང་རྟགས་ཁག་ལ་བལྟས་ན་སི་ཊིབ་བྷེ་ནན་ཐར་ས་མེད་པའི་རྣམ་པ་ཞིག་མངོན་འདུག

ཨ་མི་རི་ཀའི་ཁྲིམས་འཛིན་མི་སྣ་ཚོས་གསར་འགོད་པ་ཚོར་བཤད་པ་ལྟར་ན། གཟའ་ཕུར་བུའི་ཞོགས་པར་༧་དང་ཕྱེད་ཀའི་ཐོག་ཏུ་སི་ཊིབ་བྷེ་ནན་འཛིན་བཟུང་བྱས་པ་ཡིན། སྐབས་དེར་ལོ་ན་༦༦་ལ་སོན་པའི་སི་ཊིབ་བྷེ་ནན་དང་ཨ་མི་རི་ཀར་བཙན་བྱོལ་དུ་སླེབས་པའི་རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་གོ་ཝེན་གུའི་གཉིས་ཁེ་ནེ་ཊི་ཁེ་ཊི་མངའ་སྡེའི་ཝེ་སི་ཊི་བྷུ་རུཀ་ས་གནས་ཀྱི་མཚོ་ཁ་ཞིག་ཏུ་གྲུ་གཟིངས་ནང་དུ་བསྡད་འདུག ཨ་རིའི་དབུས་གཞུང་གི་འབྲེལ་ཡོད་ལས་སྣེ་ཚོ་དང་སྦྲག་ཁང་ཞིབ་འཇུག་སྡེ་ཚན་གྱི་ལས་སྣེ། ཨ་མི་རི་ཀའི་མཚོ་སྲུང་དམག་རྣམས་མཉམ་འབྲེལ་གྱིས་སི་ཊིབ་བྷེ་ནན་འཛིན་བཟུང་བྱས་འདུག ཁ་སང་ཕྱི་དྲོར་སི་ཊིབ་བྷེ་ནན་ཁྲིམས་ལ་ཁྲིད་པའི་སྐབས་སུ་ཨ་སྒོར་ས་ཡ་༥་གཏའ་མར་བཞག་ནས་གློད་གྲོལ་བཏང་ཞིང་། ཁོ་པར་ཁྲིམས་ཁང་གི་ཆོག་མཆན་མེད་པར་སྒེར་གྱི་གནམ་གྲུ་དང་གྲུ་གཟིངས་ནང་དུ་འགྲིམ་འགྲུལ་བྱེད་མི་ཆོག་ཅེས་ཐག་བཅད། སི་ཊིབ་བྷེ་ནན་ཁྲིམས་ཁང་དུ་མ་འཛུལ་སྔོན་ལ་གསར་འགོད་པ་ཚོར་ང་ལ་ནག་ཉེས་འཛུགས་ཀྱི་ཡོད་པ་ནི་ས་མཚམས་ཀྱི་ལྕགས་རི་འཛུགས་སྐྲུན་དེར་འགོག་རྐྱེན་བཟོ་རྒྱུའི་དམིགས་ཡུལ་ཁོ་ན་རེད་ཅེས་རང་ལ་ནག་ཉེས་མེད་པ་དག་སྐྱེལ་བྱ་ཐབས་སུ་འབད། ཡིན་ནའང་སི་ཊིབ་བྷེ་ནན་དང་རོགས་པ་ཚོར་ལྕགས་རི་འཛུགས་སྐྲུན་གྱི་དངུལ་སྒོར་བསྡུས་པ་དེའི་ཁོངས་ནས་ཨ་སྒོར་ས་ཡ་གཅིག་ལྷག་གདོང་པར་གཤག་བཅོས་བྱས་ནས་ཕོ་ཉམས་ཇེ་དོད་བཏང་བ་དང་རྒྱས་སྤྲོས་ཀྱི་རླངས་འཁོར་ཉོས་པ། སྒེར་བདག་གྲུ་གཟིངས་ཉོས་པ་དང་ཁང་པ་ཞིག་གསོ། རྒྱན་ཆ་ཉོས་པ་དང་སྒེར་གྱི་བུ་ལོན་འཇལ་བ། ཁོ་ཚོས་དངུལ་སྒོར་ཕོན་ཆེན་ཞིག་རྒྱས་སྤྲོས་ཀྱི་འཚོ་བར་རོལ་རྒྱུ་དེར་འགྲོ་གྲོན་བཏང་ནས་ཁྲིམས་འགལ་བྱས་འདུག་ཅེས་ནག་ཉེས་བཙུགས།།


སྲིད་འཛིན་ཌོ་ནལ་ཊམ་གྱིས་ང་ནི་སི་ཊིབ་བྷེ་ནན་ལ་འབྲེལ་བ་མ་བྱུང་བར་ཡུན་རིང་ཕྱིན་སོང་། ཁོ་པས་ཁྲིམས་འགལ་བྱས་ཡོད་པའི་གནས་ཚུལ་ཐོས་པར་བློ་ཕམ་ཆེན་པོ་བྱུང་། ཡིན་ནའང་ང་ནི་དེ་ལ་འབྲེལ་བ་ཅི་ཡང་མེད། ཐོག་མར་ང་ཚོའི་འོས་འདེམས་ལས་འགུལ་དུས་སུ་སི་ཊིབ་བྷེ་ནན་དང་ང་ཚོ་འཁྱུག་ཙམ་རིང་འབྲེལ་བ་བྱུང་ཡོད། དེ་ནས་ངའི་གཞུང་འཛིན་ལྷན་ཁང་གི་མགོ་སྟོད་ཀྱི་ཟླ་ཤས་རིང་སྟེ། ༢༠༡༧་ལོའི་ཕྱི་ཟླ་༨་པ་བར་དུ་སི་ཊིབ་བྷེ་ནན་གྱིས་སྲི་ཞུ་བསྒྲུབས་མྱོང་། ཁོ་ཚོས་ས་མཚམས་ཀྱི་ལྕགས་རི་འཛུགས་སྐྲུན་ཆེད་དུ་ཡིན་ཞེས་དངུལ་སྒོར་འདུ་འགོད་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་མ་སོང་། ངས་ལས་གཞི་དེའི་བྱུང་རིམ་སོགས་ཅི་ཡང་ཤེས་རྟོགས་བྱུང་མེད། ཁོ་ཚོས་དེ་ལྟར་བྱེད་ཀྱི་ཡོད་པར་དགའ་མོས་གཏན་ནས་མེད། ངས་འདི་ནི་སྲིད་གཞུང་གིས་བསྒྲུབ་དགོས་པའི་ལས་དོན་ཞིག་ཡིན་པ་དང་སྒེར་གྱིས་བསྒྲུབ་དགོས་པ་ཞིག་མིན་ཞེས་བཤད་མྱོང་ཡོད་ཅེས་བཤད། ཡིན་ནའང་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་འདིའི་ཕྱི་ཟླ་གཉིས་པར་ང་ཚོས་ས་མཚམས་སུ་ལྕགས་རི་འཛུགས་སྐྲུན་བྱ་དགོས་ཞེས་པའི་ལས་འགུལ་བ་ཚོས་ཕོ་བྲང་དཀར་པོར་ཨ་རི་དང་མེཀ་སི་ཀོའི་ས་མཚམས་སུ་ལྕགས་རི་ཞིག་འཛུགས་སྐྲུན་བྱས་ནས་སྲིད་གཞུང་ལ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་སྙན་སེང་ཞུས་འདུག ཨ་མི་རི་ཀའི་སྦྲག་ཁང་གིས་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སི་ཊིབ་བྷེ་ནན་དང་རོགས་པ་ཚོས་ས་མཚམས་ཀྱི་ལྕགས་རི་འཛུགས་སྐྲུན་ཚོགས་པ་རྩ་འཛུགས་པ་ཁོལ་ཧྥེ་ཤི་ལ་ཟླ་བ་རེར་ཨ་སྒོར་༡༠༠༠༠༠་རེ་ཟླ་ཕོགས་སྤྲོད་རྒྱུ། ཁོལ་ཧྥེ་ཤིའི་ཆུང་མར་དངུལ་སྒོར་སྤྲད་པ་རྣམས་གསར་འགོད་པར་འབྲེལ་གཏུག་གི་འགྲོ་གྲོན་ཡིན་ཞེས་དཔྱ་ཁྲལ་གྱི་འགེངས་ཤོག་ཏུ་བཀོད་འདུག་ཅེས་ཁྲིམས་ཁང་གི་ཡིག་ཆ་ཁག་ཏུ་གསལ།།

༢༠༡༧་ལོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་སི་ཊིབ་བྷེ་ནན་གནས་དབྱུང་མ་བཏང་སྔོན་དེར་ཕོ་བྲང་དཀར་པོའི་ནང་མའི་གྲས་སུ་གཏོགས་པའི་མི་སྣ་ཤུགས་རྐྱེན་ཆེན་པོ་ཡོད་པ། སི་ཊིབ་བྷེ་ནན་དང་ཕོ་བྲང་དཀར་པོའི་སློབ་སྟོན་པ་ཁེ་ལི་ཡན་ཁོན་ཝེ་གཉིས་ཀྱིས་སྲིད་འཛིན་ཌོ་ནལ་ཊམ་གྱི་ལབ་གླེང་ཅན་གྱི་ལྟ་བ་དང་ལངས་ཕྱོགས། སྲིད་ཇུས་རྣམས་གཏན་ལ་ཕབ་པར་གྲགས། བྷེ་ནན་གྱིས་གསར་འགོད་པའི་བཅར་འདྲི་ཞིག་གི་དུས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡར་འཛིན་པའི་སྲིད་ཇུས་ལ་འགལ་ཕྱོགས་ཀྱི་ལྟ་སྟངས་བརྗོད་པ་དང་ཁོ་པར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་རྣམས་འཕོ་འགྱུར་གཏོང་ཆོག་པའི་དབང་ཚད་ཡོད་ཅེས་བཤད། དེར་བརྟེན་སྲིད་འཛིན་ཌོ་ནལ་ཊམ་གྱིས་སི་ཊིབ་བྷེ་ནན་གནས་དབྱུང་གཏོང་དགོས་བྱུང་ཞིང་། ༢༠༡༨་ལོར་སི་ཊིབ་བྷེ་ནན་གྱིས་ཌོ་ནལ་ཊམ་གྱི་བུ་རྒན་པ་དང་འོས་འདེམས་ལས་འགུལ་ཁང་གི་འགན་འཛིན་ཕོལ་མེ་ན་ཧྥོར། ཌོ་ནལ་ཊམ་གྱི་བུ་མོའི་ཁྱོ་ག་ཇཱེ་རི་ཁུ་ཤི་ནར་གསུམ་གྱིས་༢༠༡༦་ལོར་ཨུ་རུ་སུའི་ཁྲིམས་རྩོད་པ་ཡིན་ཟེར་པ་ཞིག་ལ་ཐུག་འཕྲད་བྱས་པ་ནི་ཨ་མི་རི་ཀར་རྒྱབ་གཏོད་བྱས་པ་ཞིག་རེད་ཅེས་སྐྱོན་བཙུགས། སྲིད་འཛིན་ཊམ་གྱི་འོས་འདེམས་ལས་འགུལ་ལ་མ་ཞུགས་སྔོན་དུ་སི་ཊིབ་བྷེ་ནན་ནི་ཨ་རིའི་གཡས་ཤོག་པ་དང་མི་རིགས་དཀར་པོ་མཆོག་འཛིན་གྱི་དྲྭ་ལམ་གསར་འགྱུར་ལས་ཁང་ཞིག་གི་སྤྱི་ཁྱབ་འགན་འཛིན་ཡིན་ཞིང་། གཡས་ཤོག་པའི་དྲྭ་ལམ་གསར་འགྱུར་ཁང་དེས་གཞན་ལ་སྡང་ཟུག་དང་མི་རིགས་དབྱེ་འབྱེད། བུད་མེད་ལ་སྡང་ཟུག ཡ་ཧུ་དཱ་པ་ཚོར་སྡང་ཟུག་བྱེད་པའི་གསར་འགྱུར་འབའ་ཞིག་སྤེལ། ཕོ་བྲང་དཀར་པོ་ནས་གནས་དབྱུང་བཏང་བའི་རྗེས་སུ་བྷེ་ནན་སླར་ཡང་སྔོན་མའི་གསར་འགྱུར་ལས་ཁང་དེར་ཕྱིར་ལོག་བྱས་ནས་ཆེད་ལས་རྒྱུན་བསྐྱངས།།

སྲིད་འཛིན་ཌོ་ནལ་ཊམ་གྱི་སློབ་སྟོན་པ་དང་མཐོ་རིམ་ལས་སྣེ་ཟུར་པ་ཚོས་ཁྲིམས་འགལ་བྱས་ནས་འཛིན་བཟུང་བྱས་པ་ནི་སི་ཊིབ་བྷེ་ནན་གཅིག་པུ་མིན་ཞིང་། དཔེར་ན་སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱལ་ཡོངས་སྲུང་སྐྱོབ་སྟོན་པ་དང་པོ་མེ་ཁེལ་ཧྥི་ལིན་གྱིས་ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོར་ལྐོག་ཏུ་ཐུག་འཕྲད་བྱས་པ། ཨ་རིའི་སྲིད་འཛིན་གཞོན་པར་དྲང་པོར་མ་ཞུས་པར་རྫུན་བཤད་པའི་ནག་ཉེས་ཐོག་ཏུ་གནས་དབྱུང་བཏང་སྟེ་བཙོན་འཇུག་གི་ཁྲིམས་ཆད་ཕོག སྲིད་འཛིན་ཌོ་ནལ་ཊམ་གྱི་ཡུན་རིང་གི་གྲོགས་པོ་དང་སློབ་སྟོན་པ་རོ་ཇཱེར་སི་ཊོན་གྱིས་ཀྱང་ཨུ་རུ་སུས་༢༠༡༦་གི་ཨ་རིའི་འོས་འདེམས་ལ་ཐེ་གཏོགས་བྱས་པར་ཞིབ་འཇུག་བྱས་པའི་སྐབས་སུ་རྫུན་བཤད་ནས་བཙོན་འཇུག་གི་ཉེས་ཆག་ཕོག་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉེས་ཡངས་བཏང་ཞིང་། སྲིད་འཛིན་ཌོ་ནལ་ཊམ་གྱི་འོས་འདེམས་ལས་འགུལ་ཁང་གི་འགན་འཛིན་ཟུར་པ་ཕོལ་མེ་ན་ཧྥོར་ཌིས་དཔང་མི་ལ་བར་འགོག་བྱས་པ་སོགས་ཀྱི་ནག་ཉེས་ཐོག་ཏུ་ལོ་གསུམ་ལྷག་ལ་བཙོན་འཇུག་གི་ཉེས་ཆད་ཕོག སྲིད་འཛིན་ཌོ་ནལ་ཊམ་གྱི་སྐུ་སྒེར་ཁྲིམས་རྩོད་པ་ཟུར་པ་མེ་ཁེལ་ཁོ་ཧན་གྱིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་འཕྱོན་མ་གཉིས་ལ་གབ་མཐུན་བྱས་པར་འོས་འདེམས་ལས་འགུལ་གྱི་འགྲོ་གྲོན་ཁོངས་ནས་དངུལ་སྒོར་སྤྲད་པར་མ་ཟད། འཕྱོན་མ་དེ་དག་གིས་གསར་འགོད་པ་ཚོར་སྲིད་འཛིན་ཌོ་ནལ་ཊམ་ལ་ལྐོག་འབྲེལ་ཡོད་པ་བཤད་མི་ཆོག་ཅེས་ཁ་བཀག་པ་སོགས་གྲོས་ཚོགས་ལ་སྦ་གསང་བྱས་པའི་ནག་ཉེས་ཐོག་ཏུ་བཙོན་ཁང་དུ་བཅུག སྲིད་འཛིན་ཌོ་ནལ་ཊམ་གྱི་འོས་འདེམས་ལས་འགུལ་ཁང་གི་ལས་རོགས་ཟུར་པ་རིཀ་གྷེ་ཊིས་ལོ་ཤས་རིང་ཡུཀ་རེན་གྱི་བཟོ་ཚོང་ལས་ཁང་ཞིག་ལ་ལམ་སྟོན་བྱས་པ་སོགས་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ལ་སྦ་གསང་བྱས་ཀྱང་ཕྱིས་སུ་དམིགས་བསལ་ཞིབ་འཇུག་ཚོགས་ཆུང་ལ་མཉམ་རོགས་བྱས་ནས་ཉི་མ་༤༥་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད། མདོར་ན་སི་ཊིབ་བྷེ་ནན་ཚུད་པའི་སྲིད་འཛིན་ཌོ་ནལ་ཊམ་ལ་འབྲེལ་བ་བྱུང་བའི་གྲོགས་པོ་དང་མཐོ་རིམ་ལས་སྣེ། སྒེར་གྱི་ཁྲིམས་རྩོད་པ་བཅས་མི་དྲུག་གིས་ཁྲིམས་འགལ་བྱས་ནས་ནག་ཉེས་ཐོན། མི་ལྔ་ལ་བཙོན་འཇུག་གི་ཉེས་ཆད་ཕོག་ཀྱང་མི་ཁག་ཅིག་ལ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉེས་ཡངས་བཏང་ནས་བཙོན་ཁང་དུ་མ་ཚུད། སིབ་ཊི་བྷེ་ནན་ལ་ནག་ཉེས་ཆ་ཚང་འཐོན་ན་ལོ་༨་ནས་ལོ་༢༠་ཡས་མས་ཤིག་ལ་བཙོན་འཇུག་གི་ཁྲིམས་ཐག་གཅོད་རྒྱུའི་ཉེན་ཁ་འཕོག་ཉེན་ཡོད་པ་རེད།།

XS
SM
MD
LG