ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༢/༠༥/༢༥

ཆབ་སྲིད་བཙོན་ཟུར་སྒྲོལ་དཀར་གྱི་གཟུགས་གཞིའི་གནས་སྟངས་ཇེ་སྡུག


༄༅།། བོད་ཀྱི་སེར་ཤུལ་རྫོང་། སེར་ཤུལ་ཡུལ་ཚོའི་བོད་པ་ཆབ་སྲིད་བཙོན་ཟུར་སྒྲོལ་དཀར་བཙོན་ཁང་ནས་གློད་གྲོལ་བཏང་བའི་རྗེས་སུ་ཉལ་སར་ལྷུང་སྟེ་ཟླ་བ་དྲུག་འགྲོ་བཞིན་ཡོད་ཅིང་། དེང་སྐབས་ཁོང་གི་གཟུགས་གཞིའི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང་ཉེ་ལམ་སེར་ཤུལ་རྫོང་གི་ཉེན་རྟོག་པས་སྒྲོལ་དཀར་ལ་ཁ་པར་བཏང་ནས་ཕྱི་ལ་འབྲེལ་བ་བྱེད་མི་ཆོག སྐད་ཆ་གང་བྱུང་བཤད་མི་ཆོག་པ་སོགས་ཀྱི་བཙན་བཀའ་བཏང་འདུག་ཅེས་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག དེ་ཡང་གསར་འགྱུར་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། བོད་པ་ཆབ་སྲིད་བཙོན་པ་སྒྲོལ་དཀར་ནི་བཙོན་ཁང་ནས་གློད་གྲོལ་བཏང་ཡང་ཉལ་སར་ལྷུང་སྟེ་ལོ་ཕྱེད་ཀ་འགྲོ་བཞིན་ཡོད་པ་རེད། ཁོང་གི་གཟུགས་གཞིའི་གནས་སྟངས་སྡུག་ཏུ་ཕྱིན་པ་དང་བཙོན་ཁང་ནས་གློད་གྲོལ་བཏང་ནས་བཟུང་སྟེ་སེར་ཤུལ་རྫོང་གི་ཉེན་རྟོག་པ་ཚོ་ཡང་ནས་ཡང་དུ་ཁྱིམ་ལ་ཡོང་སྟེ་འདྲི་རྩད་དང་གནས་ཚུལ་རྟོག་ཞིབ་བྱེད་ཀྱི་འདུག ཉེ་ཆར་སླར་ཡང་སེར་ཤུལ་རྫོང་གི་ཉེན་རྟོག་པ་ཡོང་སྟེ་ཁ་པར་བརྒྱུད་ནས་སྐད་ཆ་གང་བྱུང་བཤད་མི་ཆོག པར་རིས་དང་བརྙན་ཐུང་སོགས་བརྒྱུད་སྐུར་བྱེད་མི་ཆོག ལྷག་པར་དུ་ཕྱི་ཕྱོགས་ཀྱི་མི་དང་འབྲེལ་བ་གཏན་ནས་བྱེད་མི་ཆོག་པའི་བཙན་བཀའ་བཏང་བ་རེད་ཅེས་གནས་ཚུལ་མཁོ་སྤྲོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་འགྲེལ་བརྗོད་བྱས་དོན་ལྟར་ན། རྒྱ་ནག་གཞུང་གིས་བོད་ནང་གི་བོད་པ་ཆབ་སྲིད་བཙོན་པ་ཚོའི་ཁ་པར་ནང་དུ་མཉེན་ཆས་ཤིག་ཕབ་ལེན་བྱེད་དུ་བཅུག་སྟེ་མཉེན་ཆས་དེ་བརྒྱུད་ནས་ཆབ་སྲིད་བཙོན་ཟུར་དེ་དག་ལ་ལྟ་རྟོག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཡོངས་གྲགས་རེད། དེས་ན་སྒྲོལ་དཀར་གྱི་ཁ་པར་ནང་དུའང་རྒྱ་གཞུང་གིས་མཉེན་ཆས་དེ་ཕན་ལེན་བྱེད་དུ་བཅུག་སྟེ་ལྟ་སྲུང་བྱེད་ཀྱི་ཡོད་པ་སྨོས་མེད་ཡིན་པར་མ་ཟད། ཐེངས་ཤིག་སྒྲོལ་དཀར་གྱིས་ཁ་པར་ནང་དུ་མི་གཞན་ཞིག་ལ་བརྙན་ལམ་དུ་སྐད་ཆ་ཤོད་བཞིན་པའི་སྐབས་སུ་ཁ་པར་དེ་རང་འགུལ་གྱིས་བརྙན་སྒོ་བརྒྱབ་པ་དངོས་སུ་མཐོང་ཡོད་ཅིང་། དེའི་རྗེས་སུ་ཁོ་མོའི་ཁ་པར་ནང་གི་པར་དང་བརྙན་རྣམས་མཐོང་རྒྱུ་མེད་པ་བཟོས་ཡོད་པའི་གནས་ཚུལ་དངོས་སུ་བྱུང་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག

བོད་པ་ཆབ་སྲིད་བཙོན་ཟུར་སྒྲོལ་དཀར་བཙོན་འཇུག་བྱས་དོན་ནི་༢༠༡༩་ལོ་ཟླ་༤་ཚེས་༢༩་ཉིན་སྤུན་མཆེད་དབང་ཆེན་དང་རོགས་པ་གཉིས་ཀྱིས་སེར་ཤུལ་དགོན་པའི་རྒྱབ་རིར་བསང་གསོལ་བྱས་ནས་རླུང་རྟ་གཏོར་ཏེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གློད་གྲོལ་གཏོང་དགོས། རྒྱལ་བ་པཎ་ཆེན་རྣམ་གཉིས་ལྷན་འཛོམས་ཡོང་བར་ཤོག་ཅེས་པའི་སྨོན་ལམ་བཏབ་པའི་རྐྱེན་གྱིས་འཛིནབཟུང་བྱས་ནས་ཁྲིམས་ཐག་བཅད། ཁོ་ཚོའི་མཉམ་དུ་སྒྲོལ་དཀར་ཡང་གནས་ཚུལ་དེར་འབྲེལ་བ་ཡོད་པའི་ནག་ཉེས་བཙུགས་ནས་ངན་པ་ལག་འབྲེལ། རྒྱལ་ཁབ་ཀྱི་རྩ་དོན་དང་ས་གནས་ཀྱི་བདེ་འཇགས་ལ་གཏོར་བརླག རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པ་བཅས་ཀྱི་ཉེས་མིང་འོག་ལོ་གཅིག་དང་ཟླ་གསུམ་གྱི་ཁྲིམས་ཐག་བཅད། ༢༠༢༡་ལོ་ཕྱི་ཟླ་༨་པའི་ཚེས་༡༥་ཉིན་གློད་གྲོལ་ཐོབ་ཀྱང་བཙོན་ཁང་དུ་ངལ་རྩོལ་ཤུགས་ཆེན་བཀོལ་དྲགས་པ་དང་མནར་གཅོད་དྲག་པོ་མྱངས་པ་སོགས་ཀྱིས་བཙོན་གྲོལ་དུས་སུ་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་པོར་གྱུར། ཁོ་མོའི་རྐང་ལག་དང་དཔྱི་མགོ་གཉིས་འགུལ་མི་ཐུབ་པར་གྱུར་ཏེ་ཉལ་སར་ལྷུང་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཔྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG