ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༧/༡༨

སྲིད་འཛིན་ཟུར་པ་ཊམ་ལ་གསང་བའི་ཡིག་ཆ་ཁྱེར་བ་སོགས་ཀྱི་ཉེས་འཛུགས། 


༄༅།། ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་གསང་བའི་ཡིག་ཆ་ཁྱེར་བའི་ཉེས་འཛུགས་བྱས་ཤིང་། ཕྱི་ཟླ་༦་པའི་ཚེས་༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་གསུམ་གྱི་གོང་དུ་ནེའུ་ཡོག་ས་གནས་ཀྱི་ཁྲིམས་ཁང་ཞིག་གིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་ཚོང་ལས་ཀྱི་ཡིག་ཆ་རྫུན་བཟོ་དང་བུད་མེད་ཅིག་ལ་གབ་མཐུན་བྱས་པ་ཕྱིར་བསྒྲགས་འབྱུང་སྲིད་པ་ཁ་འགོག་ཐབས་སུ་དངུལ་སྒོར་སྤྲད་པ་བཅས་ཉེས་དོན་༣༤་ཡི་ཐོག་ཏུ་ནག་ཉེས་ཐོན། ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་གསང་བའི་ཡིག་ཆ་ཁྱེར་བ་དང་བསམ་བཞིན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འབྲེལ་བ་ཡོད་པའི་ཡིག་ཆ་རྣམས་རྩིས་སྤྲོད་མ་བྱས་པ། ཁྲིམས་འཛིན་གྱི་ལས་དོན་ལ་འགོག་རྐྱེན་བཟོས། རྫུན་བསྒྲགས་བྱས་པ་དང་ངན་ཇུས་བཤམས་པ་སོགས་ཁྲིམས་འགལ་དོན་ཚན་༧་གྱི་ཐོག་ཏུ་ནག་ཉེས་བཙུགས། ཁྲིམས་འཛིན་ལྷན་ཁང་གིས་ཌོ་ནལ་ཊམ་ལ་ཉེས་འཛུགས་བྱས་པ་ཡིན། ཁོང་གིས་ནག་ཉེས་འདི་དང་དེ་བསགས་འདུག་ཅེས་ཡོངས་གྲགས་སུ་གསལ་བསྒྲགས་སྤེལ་མེད་པའི་གནས་ཚུལ་ཐོན་འདུག

ཁ་སང་ཕྱི་དྲོར་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་རང་གི་བདེན་པ་སྤྱི་ཚོགས་དྲྭ་ཚིགས་སུ་ཨ་རིའི་ལོ་རྒྱུས་སུ་ཆེས་མུན་ནག་གི་ཉིན་མོ་ཞིག་ཤར་སོང་། ང་ལ་ནག་ཉེས་མེད། ང་ཚོས་སྐད་གསང་མཐོན་པོས་དག་འབུད་དང་མགྱོགས་ནས་མྱུར་དུ་དག་འབུད་བྱེད་ཐུབ་པའི་རེ་བ་ཡོད་ཅེས་བརྙན་ཐུང་ཞིག་བཀྲམ། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་ཉེས་འཛུགས་བྱུང་བ་རེད་ཅེས་གསར་འགྱུར་ཐོན་ནས་སྐར་མ་༢༠་ཡས་མས་ཤིག་གི་ནང་ཚུད་དུ་༢༠༢༤་ལོའི་ཌོ་ནལ་ཊམ་གྱི་སྲིད་འཛིན་འོས་བསྡུའི་ལས་འགུལ་ཁང་གིས་མི་མང་ལ་དངུལ་སྒོར་ཞལ་འདེབས་སློང་། བདུན་ཕྲག་རྗེས་མའི་གཟའ་མིག་དམར་གྱི་ཉིན་གུང་ཌོ་ནལ་ཊམ་དངོས་སུ་མ་ཡ་མཱི་གྲོང་ཁྱེར་གྱི་དབུས་ཁྲིམས་ཁང་དུ་བཅར་དགོས་ཞེས་བཀའ་ཡིག་སྤྲིངས། ཌོ་ནལ་ཊམ་ཁྲིམས་ཁང་དུ་བཅར་རྒྱུ་ཡིན་མིན་དང་ཁྲིམས་སྦྱོར་གྱི་རྒྱུད་རིམ་དེ་ཅི་ཡིན་གསལ་པོ་མེད་ཅིང་། ཉེ་ཆར་ནེའུ་ཡོག་གྲོང་ཁྱེར་གྱི་མན་ཧ་ཊན་ས་ཁུལ་གྱི་ཁྲིམས་ཁང་གིས་བཀའ་འགུགས་བྱས་པའི་སྐབས་སུ་ཌོ་ན་ཊམ་ཁྲིམས་ཁང་དུ་བཅར། ཁོ་པ་ཁྲིམས་རྩོད་པའི་མཉམ་དུ་དག་འབུད་པའི་ཅོག་ཙེའི་མདུན་དུ་བསྡད་ནས་ཉེས་འཛུགས་ལ་མཉན།།

ཨ་རིའི་སྲིད་འཛིན་གྱི་ཡིག་ཆ་ཉར་ཚགས་ཁྲིམས་ཡིག་ནང་དུ་སྲིད་འཛིན་གང་ཞིག་གིས་ཕོ་བྲང་དཀར་པོར་སྲིད་དབང་བཟུང་བའི་རིང་གི་ཡིག་ཆ་རྣམས་ཨ་རིའི་གཞུང་གི་ཡིག་ཆ་ཡིན། ཡིག་ཆ་དེ་རྣམས་ངེས་པར་དུ་རྒྱལ་ཡོངས་ཡིག་ཚགས་ལས་ཁུངས་ལ་རྩིས་སྤྲོད་བྱ་དགོས་ཞེས་གསལ། ༢༠༢༡་ལོར་ཨ་རིའི་རྒྱལ་ཡོངས་ཡིག་ཚགས་དང་སྲིད་གཞུང་གི་ཟིན་ཐོ་ཉག་ཚགས་ལས་ཁུངས་ནས་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་སྐབས་དེའི་ཡིག་ཆ་གནད་འགག་ཅན་རྣམས་ཚང་གི་མེད་པ་ཤེས་རྟོགས་བྱུང་ནས་རྩད་གཅོད་བྱ་རྒྱུ་མགོ་བརྩམས། ༢༠༢༡་ལོའི་ཕྱི་ཟླ་༡༢་པའི་ནང་དུ་ཌོ་ནལ་ཊམ་གྱི་སྐུ་སྒེར་ཁྲིམས་རྩོད་པ་ཚོས་མ་ར་ལཱ་གྷོ་གཞིས་ཀར་སྲིད་འཛིན་གྱི་ཡིག་ཆ་མང་པོ་ཁྱེང་ཡོང་འདུག་ཅེས་རྒྱལ་ཡོངས་ཡིག་ཚགས་ལས་ཁུངས་ལ་བརྡ་བརྒྱབ། ༢༠༢༢་ལོའི་ཕྱི་ཟླ་དང་པོའི་ནང་དུ་རྒྱལ་ཡོངས་ཡིག་ཚགས་ལས་ཁུངས་ཀྱིས་ཧྥུ་ལོ་རི་ཌ་མངའ་སྡེའི་སྲིད་འཛིན་ཊམ་གྱི་གཞིས་ཀ་ནས་ཡིག་ཆ་ཤོག་སྒམ་༡༥་བླངས། ཕྱིས་སུ་ཌོ་ནལ་ཊམ་གྱི་གཞིས་ཀ་ནས་བླངས་པའི་ཡིག་ཆའི་ཁོངས་སུ་གསང་བའི་ཡིག་མང་པོ་ཡོད་པ་མཐོང་སྟེ་ཁྲིམས་འཛིན་ལྷན་ཁང་ལ་སྙན་སེང་ཞུས།།

༢༠༢༢་ལོའི་ཕྱི་ཟླ་༥་པའི་ནང་དུ་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་དང་དབུས་ཁྲིམས་འཛིན་ལྷན་ཁང་གཉིས་ཀས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་ཡིག་ཆ་རྩིས་སྤྲོད་བྱས་མེད་པ་རྣམས་མྱུར་དུ་སྤྲོད་དགོས་ཞེས་ནན་གྱིས་བསྐུལ། དེ་ནས་བདུན་ཕྲག་འགའ་ཞིག་གིས་རྗེས་སུ་ཞིབ་འཇུག་པ་རྣམས་མ་ར་ལཱ་གྷོ་གཞིས་ཀར་སོང་སྟེ་ཡིག་ཆ་རྣམ་གྲངས་༤༠་ཡས་མས་ཤིག་བླངས། ཌོ་ནལ་ཊམ་གྱི་སྐུ་སྒེར་ཁྲིམས་རྩོད་པ་ཚོས་བཀའ་ཡིག་ནང་དུ་འཁོད་པ་ལྟར་ཡིག་ཆ་སྤྲོད་དགོས་པ་ཚང་མ་རྩིས་སྤྲོད་བྱས་ཡོད་ཅེས་དཔང་འཛུགས་ཀྱི་ཡིག་ཆ་ཞིག་ལ་མིང་རྟགས་བཀོད། ཡིན་ནའང་ལོ་དེའི་ཕྱི་ཟླ་༨་པའི་ནང་དུ་མ་ར་ལཱ་གྷོ་གཞིས་ཀར་སྔོག་བཤེར་བྱས་པའི་སྐབས་སུ་ཡིག་ཆ་རྩིས་སྤྲོད་མ་བྱས་པ་ཤོག་སྒམ་༣༣་ཐོན། ཁྱོན་བསྡོམས་ཡིག་ཆ་རྣམ་གྲངས་༡༡༠༠༠་ནས་༡༡༣༠༠༠་ཙམ་ལུས་ཡོད་པ་རྩད་གཅོད་བྱུང་། ཡིག་ཆ་དེ་དག་གི་གྲས་སུ་གསང་བའི་ཡིག་ཆ་བརྒྱ་ཕྲག་འགའ་ཡོད་པར་མ་ཟད། ཡིག་ཆ་༣༠༠་ཡས་མས་ཤིག་ལ་གསང་བའི་ཡིག་ཆ་ཡིན་ཞེས་རྟགས་ཐེལ་འཁོད། གསང་བའི་ཡིག་ཆ་ཁག་ཅིག་ལ་ཆེས་གསང་བའི་ཡིག་ཆ་ཡིན་ཞེས་ཐམ་ཀ་ཕབ་ཡོད་པའི་གནས་ཚུལ་ཐོན།།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། སྔ་ལོ་ཨ་རིའི་སྤྱི་ཁྱབ་ཁྲིམས་འཛིན་པ་གྷར་ལན་ཌིས་དམག་འཁྲུག་གི་ཉེས་དོན་དང་ལྐོག་ཟ་ཞིབ་འཇུག་སོགས་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་ཁྲིམས་སྦྱོར་བ་ཇཱེཀ་སི་མི་ཐེ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་གཞིས་ཀ་ནས་གསང་བའི་ཡིག་ཆ་ཐོན་པའི་ཉེས་དོན་དང་། དེ་བཞིན་༢༠༢༡་ལོའི་ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཌོ་ནལ་ཊམ་གྱིས་ངན་སྐུལ་བྱས་པ་ལྟར་མི་ཚོགས་ཤིག་གིས་ཨ་རིའི་གྲོས་ཚོགས་ལ་དཔུང་རྒོལ་བྱས་པར་ཞིབ་འཇུག་བྱ་དགོས་ཞེས་དམིགས་བསལ་ཞིབ་འཇུག་པར་བསྐོས། སྤྱི་ཁྱབ་ཁྲིམས་འཛིན་པ་གྷར་ལན་ཌི་སྲིད་འཛིན་བྷ་ཌན་གྱིས་བསྐོ་བཞག་བྱས་པའི་སྤྱི་ཁྱབ་ཁྲིམས་འཛིན་པ་ཡིན་ཞིང་། ཁོང་སྲིད་འཛིན་བྷ་ཌན་གྱི་གཞུང་འཛིན་ལྷན་ཁང་གི་བློན་གྲས་སུ་གཏོགས། ༢༠༢༤་ལོར་སྲིད་འཛིན་བྷ་ཌན་དང་ཌོ་ནལ་ཊམ་གཉིས་ཀ་བསྐྱར་དུ་སྲིད་འཛིན་འོས་བསྡུར་འགྲན་ཞུགས་བྱ་རྒྱུའི་གསལ་བསྒྲགས་སྤེལ། དེས་ན་སྤྱི་ཁྱབ་འཛིན་པས་ཞིབ་འཇུག་དེ་དྲང་སྙོམས་དང་ཕྱོགས་ལྷུང་མེད་པ་ཞིག་འབྱུང་ཐབས་སུ་ཇཱེཀ་སི་མི་ཐེ་དམིགས་བསལ་ཞིབ་འཇུག་པར་བསྐོས་ནས་ཁྲིམས་འཛིན་ལྷན་ཁང་ཞིབ་འཇུག་གི་ལས་དོན་ལ་འབྲེལ་བ་མེད་པར་གཏོང་རྒྱུའི་ཐག་བཅད་པའི་གནས་ཚུལ་ཐོན་འདུག

སྲིད་འཛིན་བྷ་ཌན་དང་སྲིད་འཛིན་གཞོན་པ་ཟུར་པ་མེག་ཕན་སི་
སྲིད་འཛིན་བྷ་ཌན་དང་སྲིད་འཛིན་གཞོན་པ་ཟུར་པ་མེག་ཕན་སི་

སྲིད་འཛིན་བྷ་ཌན་དང་སྲིད་འཛིན་གཞོན་པ་ཟུར་པ་མེག་ཕན་སི་གཉིས་ཀྱི་ཁྱིམ་ནས་ཀྱང་རྒྱལ་ཡོངས་ཡིག་ཚགས་ལས་ཁུངས་ལ་རྩིས་སྤྲོད་མ་བྱས་པའི་ཡིག་ཆ་ཐོན་པ་མིན་ནམ། སྲིད་འཛིན་བྷ་ཌན་གྱི་ཞིབ་འཇུག་ཁང་དང་སྲིད་འཛིན་གཞོན་པ་ཟུར་པ་མེག་ཕན་སིའི་ཨིན་ཌི་ཡ་ན་མངའ་སྡེའི་ཁྱིམ་དུ་གསང་བའི་ཡིག་ཆ་ཡོད་པ་ཤེས་རྟོགས་བྱུང་མ་ཐག་ཏུ་སྐུ་སྒེར་ཁྲིམས་རྩོད་པ་ཚོས་རྒྱལ་ཡོངས་ཡིག་ཚགས་ལས་ཁུངས་ལ་འབྲེལ་བ་བྱས་ནས་ཡིག་ཆ་རྣམས་རྩིས་སྤྲད། ཁོ་ཚོས་རང་གི་ལས་ཁུངས་དང་ཁྱིམ་ལ་དབུས་གཞུང་གི་ལས་སྣེ་ཚོར་སྔོག་བཤེར་དུ་བཅུག་སྟེ་ཡིག་ཆ་རྩད་གཅོད་ལ་མཉམ་འབྲེལ་གང་ལེགས་བྱས། སྲིད་འཛིན་བྷ་ཌན་དང་སྲིད་འཛིན་གཞོན་པ་ཟུར་པ་མེག་ཕན་སི་གཉིས་ཀས་རང་རང་གི་ཡིག་ཆའི་ཁོངས་སུ་རྒྱལ་ཡོངས་ཡིག་ཚགས་ལས་ཁུངས་ཀྱི་ཆོག་མཆན་མ་ཐོབ་པའི་ཡིག་ཆ་ཡོད་པ་ཤེས་རྟོགས་བྱུང་ཡོད་པའི་དཔང་རྟགས་མ་རྙེད། དེར་བརྟེན་ཉམས་ཞིབ་པ་ཚོས་སྲིད་འཛིན་བྷ་ཌན་དང་སྲིད་འཛོན་གཞོན་པ་ཟུར་པ་མེག་ཕན་སི་གཉིས་ཀྱི་གནད་དོན་དེ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་གནད་དོན་ལ་སྡུར་ཐབས་མི་འདུག་ཅེས་གླེང་།།

ཨ་རིའི་སྲིད་འཛིན་གང་ཞིག་འཕོ་འགྱུར་འགྲོ་བའི་དུས་སུ་རྒྱལ་ཡོངས་ཡིག་ཚགས་ལས་ཁུངས་ནས་ཡིག་ཆ་ས་ཡ་མང་པོ་སྤྲད། སྲིད་འཛིན་དེས་རང་ཡུལ་མངའ་སྡེ་དེར་སྲིད་འཛིན་གྱི་དཔེ་མཛོད་ཁང་རེ་བརྒྱབ་ནས་ཡིག་ཆ་དང་སྒྲ་འཇུག བརྙན་འཕྲིན་སོགས་ལོ་རྒྱུས་ཀྱི་རྒྱུ་ཆ་རྣམས་དཔེ་མཛོད་ཁང་དུ་བཤམས། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་བྷ་རག་ཨོ་བྷ་མ་དང་ཧི་ལ་རི་ཁེ་ལིན་ཊོན་གྱིས་ཡིག་ཆ་ས་ཡ་མང་པོ་ཁྱེར་བ་རེད། ཁོ་ཚོར་ནག་ཉེས་མ་བཙུགས་པར་ང་ལ་ཆབ་སྲིད་ཀྱི་ཀུན་སློང་དང་སྲིད་དོན་ཚོགས་པའི་འཐེན་འཁྱེར་ཐོག་ཏུ་ཁུངས་མེད་ཀྱི་ཉེས་འཛུགས་བྱས་དོན་ཅི་རེད། ཨ་རིའི་ཁྲིམས་འཛིན་ལྷན་ཁང་ནི་སྲིད་འཛིན་བྷ་ཌན་དང་དམངས་གཙོ་ཚོགས་པའི་ལག་ཆ་ཞིག་ཏུ་གྱུར་འདུག་ཅེས་རྩོད་པ་བསླངས། སྲིད་འཛིན་ཟུར་པ་ཨོ་བྷ་མ་དང་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧི་ལ་རི་ཁེ་ལིན་ཊོན་གྱིས་ཁྱེར་བའི་ཡིག་ཆ་རྣམས་རྒྱལ་ཡོངས་ཡིག་ཚགས་ལས་ཁུངས་ནས་དབྱེ་ཞིབ་བྱས་པའི་རྗེས་སུ་སྤྲད་པའི་ཡིག་ཆ་རྣམས་ཡིན་འདུག ཌོ་ནལ་ཊམ་གྱིས་རྒྱལ་ཡོངས་ཡིག་ཚགས་ལས་ཁུངས་ཀྱི་ཆོག་མཆན་མེད་པར་བསམ་བཞིན་རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་ལྐོག་འཁྱེར་བྱས་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༦་པའི་ཚེས་༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཌོ་ནལ་ཊམ་གྱིས་ངས་ཁྱེར་བའི་ཡིག་ཆ་རྣམས་གསང་བའི་ཡིག་ཆ་མིན། ང་སྲིད་འཛིན་ཡིན་པ་དང་སྲིད་འཛིན་ཞིག་གི་བསམ་བློའི་ནང་དུ་ཡིག་ཆ་དེ་རྣམས་གསང་རྒྱ་གྲོལ་བ་ཡིན་ཞེས་དྲན་པ་ཙམ་གྱིས་རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་དེ་རྣམས་གསང་རྒྱ་གྲོལ་བ་རེད་ཅེས་རྩོད་པ་འཕངས་ཀྱང་ཁྲིམས་སར་ཁུངས་མ་འཁྱོལ། ཌོ་ནལ་ཊམ་ནི་ཨ་རིའི་ལོ་རྒྱུས་སུ་སྲིད་འཛིན་ཟུར་པ་ཞིག་ལ་ཉེས་འཛུགས་བྱུང་བ་ཐེངས་དང་པོར་གྱུར། ཁོང་ནི་ཁ་མཆུ་དང་རྩོད་རྙོག་གི་ནང་དུ་ཚུད་རྒྱུ་མཚམས་མི་ཆད། དཔེར་ན་ལོ་འདིའི་ཕྱི་ཟླ་༥་པའི་ནང་ཨི་ཇེན་ཁེ་རོལ་(E.Jean Carroll) གྱིས་རང་ལ་ལོ་མང་གོང་དུ་ཌོ་ནལ་ཊམ་གྱིས་བཙན་གཡེམ་བྱས་བྱུང་ཞེས་ཁ་མཆུ་བཙུགས། ཌོ་ནལ་ཊམ་གྱིས་ཇཱེན་ཁེ་རོལ་གྱིས་རྫུན་བཤད་ཀྱི་ཡོད་པ་རེད་ཅེས་མཚན་སྨད་ཞུས་པར་ཨ་སྒོར་ས་ཡ་༥་གུན་གསབ་སྤྲོད་དགོས་པའི་ཁྲིམས་ཐག་བཅད། ད་དུང་༢༠༢༠་ལོའི་སྲིད་འཛིན་འོས་བསྡུའི་སྐབས་སུ་ཌོ་ནལ་ཊམ་གྱིས་འཇོར་ཇཱི་ཡ་མངའ་སྡེའི་ལས་སྣེ་ཚོར་འོས་འདེམས་ཀྱི་གྲུབ་འབྲས་འཕྲུ་སློག་ཐོངས་ཞེས་ཁ་པར་བཏང་ནས་གནོན་ཤུགས་སྤྲད་པའི་ཉེས་དོན་ལའང་ཞིབ་འཇུག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༦་པའི་ཚེས་༩་ཉིན་སེ་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོ་དང་༢༠༢༤་ལོའི་སྲིད་འཛིན་འོས་བསྡུར་འགྲན་ཞུགས་བྱ་རྒྱུའི་གསལ་བསྒྲགས་སྤེལ་བ་ཚོས་ཌོ་ནལ་ཊམ་ལ་རྒྱབ་སྐྱོར། ཁོ་ཚོས་དབུས་ཁྲིམས་འཛིན་ལྷན་ཁང་གིས་ཕྱོགས་འཐེན་བྱེད་ཀྱི་འདུག་ཅེས་བསྐྱོན་བརྗོད་བྱས་འདུག ཧྥུ་ལོ་རི་ཌ་མངའ་སྡེའི་སྤྱི་ཁྱབ་དང་༢༠༢༤་ལོའི་སྲིད་འཛིན་འོས་མིར་འགྲན་ཞུགས་པ་རོན་ཌི་སན་ཊི་སི་ཡིས་དབུས་ཁྲིམས་འཛིན་ལྷན་ཁང་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་འགྱུར་གྱི་ཡོད་པ་ནི་རང་དབང་གི་སྤྱི་ཚོགས་ཤིག་ལ་ཧ་ཅང་གི་ཉེན་ཁ་ཆེན་པོ་རེད། ང་ཚོས་སྲིད་དོན་ཚོགས་པའི་ཁོངས་གཏོགས་ལ་གཞིགས་ནས་སྒྲིག་ཁྲིམས་ལག་ལེན་བསྟར་གྱི་ཡོད་པ་མཐོང་གི་འདུག ཁྲིམས་འཛིན་ལྷན་ཁང་གིས་ཌོ་ནལ་ཊམ་ལ་ཉེས་འཛུགས་བྱེད་ཀྱི་ཡོད་ཀྱང་ཧན་ཊར་བྷ་ཌན་དང་ཧི་ལ་རི་ཁེ་ལིན་ཊོན་ལ་ཉེས་འཛུགས་བྱེད་ཀྱི་མི་འདུག་ཅེས་བསྟན། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཁེ་ཝྭིན་མར་ཁ་ཐི་དང་གྲོས་ཚོགས་འཐུས་ཇིམ་འཇོར་ཌན། ཊིམ་སི་ཀོ་ཊི་སོགས་མང་པོས་ཌོ་ནལ་ཊམ་ལ་ཉེས་འཛུགས་བྱུང་བར་ངོ་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG