ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༥/༢༠

ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པས་བཞུགས་སྒར་དུ་༧གོང་ས་མཆོག་ལ་མཇལ་བཅར་ཞུས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པས་བཞུགས་སྒར་དུ་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ Dr. Hans-Gert Pottering མཆོག་རྣམ་གཉིས་འདི་ཚེས་ ༢༠ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་འཕྲད་གནང་ཡོད་འདུག མཇལ་ཁ་གྲུབ་པའི་རྗེས་སུ་ཁོང་ལ་འདི་གའི་གསར་འགོད་པས་མཇལ་ཁ་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་པའི་སྐབས་ཁོང་གིས། དེ་རིང་ང་རྡ་རམ་ས་ལར་ཡོང་དགོས་དོན་གཙོ་བོ་དེ་ནི་ངོས་རང་ཉིད་ཀྱི་ཡིད་སྨོན་ཆེན་པོ་བྱེད་སའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཇལ་བར་ཡོང་བ་ཡིན། ངའི་ངོས་ནས་ག་དུས་ཡིན་ན་ཡང་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཡོང་རྒྱུར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་ཡི་ཡོད། དེ་དང་ཕྱོགས་མཚུངས་དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་དང་མཇལ་འཕྲད་ཞུས་པའི་སྐབས། ང་ཚོ་ཐུན་མོང་ངོས་ནས་བོད་མིའི་ངོ་བོ་སྲུང་སྐྱོབ་ཇི་ལྟར་བྱེད་ཐབས་དང་། དེ་དང་ཕྱོགས་མཚུངས་རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་རྩ་བརླག་ཏུ་གཏོང་བའི་སྲིད་བྱུས་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ནན་མོ་གནང་རྒྱུ་ཡིན། གང་ལགས་ཞེ་ན་དེ་ནི་འགྲོ་བ་མིའི་གཞི་རྩིའི་ཐོབ་ཐང་དང་འགལ་བ་ཞིག་ཡིན་པ་རེད། དེར་བརྟེན་ངའི་ངོས་ནས་བོད་དོན་ཐོག་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་གནང་སོང་།

December 4, 2008
December 4, 2008

གཞི་རྩའི་སྐུ་ཞབས་ Dr. Hans-Gert Pottering མཆོག་ནི་ཡུ་རོབ་གྲོས་ཚོགས་ནང་ལོ་ངོ་སུམ་ཅུ་ལྷག་གི་རིང་གྲོས་ཚོགས་འཐུས་མི་གནང་མྱོང་ཡོད་པ་དང་། སྤྱི་ལོ་ ༢༠༠༧ ནས་ ༢༠༠༩ བར་ལོ་གསུམ་གྱི་རིང་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་མྱོང་ཡོད་ཅིང་། སྤྱི་ལོ་ ༢༠༠༨ ལོར་ཁོང་གིས་ཚོགས་གཙོའི་མཚན་ཐོག་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཞུང་འབྲེལ་གྱི་ཐོག་ནས་ཡུ་རོབ་གྲོས་ཚོགས་ནང་གདན་ཞུ་གནང་ཡོད་པ་དང་། དེ་རིང་སླར་ཡང་ལོ་ངོ་བཅོ་ལྔའི་རྗེས་ཁོང་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་གནང་འདུག


དེ་རྗེས་སྐུ་ཞབས་ Dr. Hans-Gert Pottering མཆོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འཚམས་གཟིགས་དང་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་གཙོས་པའི་རྒྱུན་ལས་དང་ལྷན་དུ་དུས་ཡུན་ཆུ་ཚོད་གཅིག་ལྷག་ཙམ་རིང་ཡུ་རོབ་གྲོས་ཚོགས་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་སྐོར་ལ་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་གནང་ཡོད་པ་དང་། ཚོགས་འདུའི་ནང་དོན་དང་འབྲེལ་བའི་སྐོར་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་བཀའ་འདྲི་ཞུས་པའི་སྐབས། ཁོང་གིས་ཁོང་རང་ཉིད་ཀྱི་ངོས་ནས་ད་ལྟ་རྒྱ་ནག་གཞུང་གིས་བོད་ནང་རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་བྱུས་སྤེལ་བཞིན་པ་དེ་ལ་སེམས་ཁྲལ་ཆེན་པོ་གནང་གི་འདུག་ཅེས་དང་། བཀའ་བསྡུར་གཙོ་བོ་ནི་ཡུ་རོབ་ཀྱི་ངོས་ནས་བོད་དོན་ཐོག་མངོན་གསལ་དོད་པོས་རྒྱབ་སྐྱོར་གནང་དགོས་པ་དང་། མ་འོངས་པར་ཡུ་རོབ་ནང་བོད་དོན་ལས་འགུལ་སྤེལ་ཕྱོགས་སྐོར་སོགས་ལ་བཀའ་མོལ་བྱུང་ཡོད་པ་འགྲེལ་བརྗོད་གནང་བྱུང་།

དེ་དང་ཕྱོགས་མཚུངས་དེ་རིང་ཁོང་གི་འཚམས་གཟིགས་འདིའི་ཐོག་བྷེལ་ཇམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱང་ཆེད་བཅར་ཞུས་ཡོད་པ་དང་། གཞི་རྩའི་སྐུ་ཞབས་ Dr. Hans-Gert Pottering མཆོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགུངས་གྲངས་ ༨༥ འཁྲུངས་སྐར་གྱི་ཉིན་བཞུགས་སྒར་དུ་ཕེབས་རྒྱུའི་ཞལ་བཞེས་ཐོབ་ཡོད་ཀྱང་ཏོག་དབྱིབས་ནད་དུག་གི་རྐྱེན་པས་ཁོང་དངོས་སུ་ཕེབས་ཐུབ་མེད་སྟབས། དེ་རིང་ཁོང་བཞུགས་སྒར་དུ་ཆེད་བཅར་ཞུས་ཡོད་པ་དང། མ་འོངས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གུངས་གྲངས་ ༩༠ སྐུའི་འཁྲུངས་སྐར་སྐབས་སླར་ཡང་ཕེབས་རྒྱུའི་ཞལ་བཞེས་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།


གཞན་ཡང་སྐུ་ཞབས་ Dr. Hans-Gert Pottering ལགས་ཀྱིས་མཇལ་ཁའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཁོང་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་གསལ་བའི་ཕྱག་དེབ་ United for the Better: My European Way ཞེས་པ་དེ་སྤྱན་ཕུལ་ཞུས་ཡོད་པ་རེད་འདུག་ལ། དེ་བཞིན་ཐེངས་འདིའི་འཚམས་གཟིགས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་དང། དེ་བཞིན་བཞུགས་སྒར་ཉེ་འཁྲིས་སུ་ཆགས་པའི་བོད་མིའི་རིག་གཞུང་ལྟེ་གནས་ཁག་སོགས་ལའང་འཚམས་གཟིགས་གནང་རྒྱུ་ཡིན་པ་རེད་འདུག །

XS
SM
MD
LG