ངོ་འཕྲད་བདེ་བའི་དྲ་འབྲེལ།

དབྱིན་ཇིའི་དབང་འོག་ཧོང་ཀོང་གི་སྲིད་སྐྱོང་ཟུར་པས་རྒྱ་ནག་ལ་སྐྱོན་བརྗོད་བྱས་འདུག


༄༅། །རྒྱ་ནག་གཞུང་གིས་ཧོང་ཀོང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཅེས་པ་ལག་བསྟར་བྱེད་འཆར་ཡོད་པ་དང་། ཁྲིམས་གཞི་དེ་ལག་བསྟར་བྱས་པ་ཡིན་ན་ཧོང་ཀོང་མི་དམངས་ཀྱི་གཞི་རྩའི་ཐོབ་ཐང་ལ་གནོད་ཀྱི་རེད་ཅེས་ཧོང་ཀོང་མི་དམངས་ཀྱིས་རེས་གཟའ་ཉི་མའི་ཉིན་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ཅིང་། གནས་ཚུལ་འདི་བྱུང་བ་དང་བསྟུན་ནས། དེ་སྔོན་ཧོང་ཀོང་དབྱིན་ཇིའི་འཛིན་སྐྱོང་གི་འོག་ཏུ་ཡོད་སྐབས་ཀྱི་ཧོང་ཀོང་གི་སྲིད་སྐྱོང་ཟུར་པ་ཀི་རིས་ པེ་ཀྲན་གྱིས་རྒྱ་ནག་གཞུང་གིས་དེ་སྔོན་ཁས་ལེན་བྱས་པའི་དམ་བཅའ་ལ་རྒྱབ་འགལ་བྱས་ནས། ཧོང་ཀོང་མི་དམངས་གཡོ་འཚོང་བྱས་འདུག་པས། དབྱིན་ཇིའི་གཞུང་ནས་ཧོང་ཀོང་གི་དཔལ་འབྱོར་དང་ཁྲིམས་ལུགས་བཅས་ཀྱི་གནས་སྟངས་ལ་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་ཞུས་འདུག ཀི་རིས་ པེ་ཀྲན་ནི་ཧོང་ཀོང་དབྱིན་ཇིའི་དབང་འོག་གི་སྲིད་སྐྱོང་མཐའ་མ་དེ་ཡང་ཡིན་པ་རེད། ཧོང་ཀོང་དབྱིན་ཇིའི་འཛིན་སྐྱོང་གི་འོག་ཏུ་ལོ་ངོ་༡༥༠ལྷག་བསྡད་པའི་རྗེས་༡༩༩༧ ལོར་ཕྱིར་རྒྱ་ནག་གི་འཛིན་སྐྱོང་འོག་ཏུ་བཅུག་ཡོད་པ་དང་། དབྱིན་ཇིས་ལག་བསྟར་བྱས་པའི་ད་ལྟའི་ཧོང་ཀོང་གི་མ་རྩ་རིང་ལུགས་ཀྱི་འཛིན་སྐྱོང་ལམ་ལུགས་དེ་ལ་ལོ་ངོ་༥༠་རིང་ལ་འགྱུར་བ་མི་གཏོང་རྒྱུའི་ཁས་ལེན་བྱས་ཡོད་ཅིང་། དེ་ཡང་ཆིག་སྟོང་༡༩༨༤ལོར་སྐབས་དེའི་དབྱིན་ཇིའི་སྲིད་བློན་ལྕམ་ མཱ་གྷིཊ་ ཐཱེ་ཆར་དང་། རྒྱ་ནག་གི་སྲིད་བློན་ཀྲོ་ཙི་དབྱིན་གཉིས་ནས་དབྱིན་ཇི་དང་རྒྱ་ནག་དབར་གྱི་མཉམ་འབྲེལ་གསལ་བསྒྲགས་ཅེས་པ་སྤེལ་ཏེ།

ཧོང་ཀོང་དུ་མ་འོངས་བར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུའི་གྲོས་ཆོད་བཞག་ཡོད་ནའང་། ན་ནིང་ནས་རྒྱ་ནག་གཞུང་གིས་ཧོང་ཀོང་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཞིར་འགྱུར་བ་གཏོང་རྒྱུ་སོགས་ཧོང་ཀོང་གི་རྩ་བའི་ཁྲིམས་ལ་འགྱུར་བ་གཏོང་ཐབས་བྱས་ཡོད་པ་དང་། དེ་བཞིན་ད་ཐེངས་ཡང་ཧོང་ཁོང་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཅེས་པ་ལག་བསྟར་བྱ་འཆར་ཡོད་པ་བཅས་ཀྱིས། དབྱིན་ཇིའི་ཧོང་ཀོང་གི་སྲིད་སྐྱོང་ཟུར་པ་ཀི་རིས་ པེ་ཀྲན་གྱིས་རྒྱ་ནག་གཞུང་གིས་དེ་སྔོན་དབྱིན་ཇི་དང་རྒྱ་ནག་ནས་མཉམ་ཏུ་སྤེལ་བའི་ཧོང་ཀོང་འཛིན་སྐྱོང་བྱེད་ཕྱོགས་ཀྱི་གསལ་བསྒྲགས་ཀྱི་ནང་དོན་ལ་རྒྱབ་འགལ་བྱེད་ཀྱི་ཡོད་པའི་ངོས་འཛིན་བྱས་འདུག ཉེ་ཆར་ཧོང་ཀོང་དུ་རྒྱ་ནག་གིས་ཁྲིམས་གཞི་གསར་བ་ལག་བསྟར་བྱ་འཆར་ཡོད་པའི་གནས་ཚུལ་འདི་བྱུང་བའི་རྗེས་ལ། ཨ་རི་དང་དབྱིན་ཡུལ་གཙོ་བྱས་པའི་རྒྱལ་ཁབ་ཁག་ཅིག་དང་། དེ་བཞིན་ཡོ་རོབ་མནའ་འབྲེལ་བཅས་ནས་རྒྱ་ནག་གཞུང་གི་བྱེད་སྟངས་དེར་སྐྱོན་བརྗོད་ནན་པོ་བྱས་ཤིང་། ཨ་རིའི་སྲིད་འཛིན་གྱིས་དེ་ལ་ཡ་ལན་སློག་རྒྱུ་ཡིན་པའི་གཏམ་བཤད་ཀྱང་སྤེལ་ཡོད་པ་རེད།


XS
SM
MD
LG