ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཡུཀ་རེན་ལ་རྒྱལ་སྤྱིའི་དང་བླངས་དམག་དཔུང་གིས་རྒྱབ་སྐྱོར།


༄༅།། བདུན་ཕྲག་སྔོན་མར་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་རྒྱལ་སྤྱིའི་དང་བླངས་དམག་གི་དཔུང་སྡེ་ཞིག་གསར་འཛུགས་བྱ་རྒྱུ་ཡིན། འདི་ནི་རང་དབང་དང་དྲང་བདེན་ལ་དགའ་བའི་མི་ཚོས་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་པའི་གོ་སྐབས་ཤིག་ཡིན་ཞེས་འབོད་སྐུལ་ཞུས་ནས་བཟུང་། ཨ་རི་དང་ཁེ་ན་ཌ། ཧྥིན་ལན་ཌི་དང་འཇོར་ཇཱི་ཡ། སུད་ཌེན་དང་ཅེག་སྤྱི་མཐུན་རྒྱལ་ཁབ། ཧྥ་རན་སི་དང་བྷེལ་ཇམ། འཇར་མན་ཎི་དང་བྷེ་ལོ་རུ་སི། ཉི་ཧོང་སོགས་རྒྱལ་ཁབ་༥༢་ཀྱི་དང་བླངས་དམག་མི་རྣམས་ཡུཀ་རེན་ལ་བསྐྱོད་ནས་ཨུ་རུ་སུའི་བཙན་འཛུལ་འགོག་པའི་འཐབ་འཁྲུག་ལ་ཞུགས། ཨ་རིའི་སི་བྷི་ཨེ་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྔོན་ཆད་སི་པེན་གྱི་ནང་འཁྲུག་སྐབས་སུའང་དང་བླངས་པ་དམག་དཔུང་གིས་ཧྥ་ཤི་རིང་ལུགས་ལ་འཐབ་རྒོལ་བྱས་པ་ལྟར་ཁ་སྔོན་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་འཛམ་གླིང་ཡུལ་གྲུ་གང་སའི་ཕོ་མོ་དབྱེར་མེད་ཀྱི་དང་བླངས་པ་༡༦༠༠༠་ལྷག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐོ་འགོད་བྱས་ཤིང་། ཁོ་ཚོས་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་དང་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་ཡུཀ་རེན་གྱི་སྲིད་གཞུང་སྲུང་སྐྱོབ་བྱ་རྒྱུ་ནི་རླབས་ཆེན་གྱི་རྩ་དོན་ཞིག་རེད་ཅེས་རྒྱུ་མཚན་བགྲངས། ཐ་ན་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་སོགས་རྒྱལ་ཁབ་འགའ་ཞིག་གི་མཐོ་རིམ་ལས་སྣེ་ཚོས་ཀྱང་རང་གི་སྤྱི་དམངས་རྣམས་ཡུཀ་རེན་གྱི་དང་བླངས་དམག་ཁོངས་སུ་ཞུགས་ན་དགའ་བསུ་ཡོད་ཅེས་ཡར་སྐུལ་བྱས་འདུག དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་ཡུཀ་རེན་གྱི་འཐབ་འཁྲུག་ལ་ཞུགས་ཀྱི་ཡོད་པ་ནི་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་བྱེད་ཀྱི་ཡོད་པ་གཅིག་པུ་མིན། དེ་ནི་རང་དབང་དང་དམངས་གཙོར་སྲུང་སྐྱོབ་བྱེད་པའི་འཐབ་འཁྲུག་ལ་ཞུགས་པ་ཡིན་ཞེས་བསྔགས་བརྗོད་ཞུས། ཌན་མག་གི་སྲིད་བློན་གྱིས་ཡུཀ་རེན་གྱི་རྒྱབ་སྐྱོར་དང་བླངས་དམག་ཁོངས་སུ་ཞུགས་རྒྱུ་ཡིན་མིན་སྐྱེ་བོ་སྒེར་གྱི་འདོད་མོས་རེད་ཅེས་བཀག་འགོག་མེད་པའི་རྣམ་འགྱུར་བསྟན། ལུ་ཐུ་ཝེ་ཎི་ཡ་སོགས་ཀྱིས་རང་གི་སྤྱི་དམངས་རྣམས་ཡུཀ་རེན་གྱི་དང་བླངས་དམག་ཁོངས་སུ་ཞུགས་ན་དགག་བྱ་མེད་ཅེས་བཅའ་ཁྲིམས་གཏན་ལ་ཕབ།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཁབ་༥༢་ཀྱི་དང་བླངས་དམག་དཔུང་ནི་སྔོན་ཆད་ཨབ་གྷ་ཎི་སི་ཐན་དང་ཨི་རཀ་དམག་འཁྲུག་སོགས་ལ་ཞུགས་མྱོང་བའི་འཐབ་འཁྲུག་གི་ཉམས་མྱོང་ཅན་དང་དམག་འཁྲུག་གི་ཉམས་མྱོང་གཏན་ནས་མེད་པ་སོགས་སྐྱེ་བོ་སྣ་ཚོགས་ཤིག་འདུག ཁོ་ཚོ་དངོས་སུ་ཡུཀ་རེན་གྱི་དམག་འཁྲུག་ལ་ཞུགས་པའམ། ཡང་ན་སྨན་པ་དང་སྨན་ཞབས་པའི་སྲི་ཞུ་སྒྲུབ། དེ་མིན་ན་ཡུཀ་རེན་གྱི་དམག་ལ་སྦྱོང་བརྡར་སྤྲོད་པ་དང་འཕྲུལ་རིག་ལག་རྩལ་བ་ཚོས་ཡུཀ་རེན་གྱི་དམག་གི་རླངས་འཁོར་དང་ལྕགས་ཁྲབ་འཁོར་ལོ་སོགས་ལ་བཟོ་བཅོས་བརྒྱབ། དྲྭ་ལམ་གྱི་འཐབ་མོ་བ་སྟོང་ཕྲག་མང་པོས་དྲྭ་ལམ་དུ་ཨུ་རུ་སུ་ལ་འཐབ་རྒོལ་དང་ཨུ་རུ་སུའི་ཚུར་རྒོལ་བཀག་ནས་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག རོ་ཡེ་ཊར་གྱི་གསར་ཁང་གི་གསར་འགོད་པས་ཡུཀ་རེན་གྱི་ལེ་ཝི་ས་གནས་སུ་འབྱོར་བའི་ཕྱི་རྒྱལ་གྱི་དང་བླངས་དམག་མི་༢༠་ཐམ་པར་བཅར་འདྲི་ཞུས། ཁོ་ཚོ་ཁག་ཅིག་གིས་དམངས་གཙོ་སྲུང་སྐྱོབ་བྱེད་པར་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་དུ་ཡོང་བ་ཡིན་ཟེར། ཨ་རི་དང་ཁེ་ན་ཌ་སོགས་ཀྱི་དམག་ཞབས་ཟུར་པ་ཁག་ཅིག་གིས་དམག་སྦྱོང་དང་འཐབ་འཁྲུག་གི་ཉམས་མྱོང་ཡོད་པ་རྣམས་རླབས་ཆེའི་རྩ་དོན་ཞིག་གི་ཆེད་དུ་བཀོལ་སྤྱོད་བྱ་རྒྱུ་འོས་འཚམས་རེད་བསམས་ནས་ཡོང་བ་ཡིན་ཞེས་ལན་བཏབ། ཨ་རིའི་དམག་ཞབས་ཟུར་པ་མེ་ཁལ་ཧྥར་ཁོལ་ཞེས་པ་ཞིག་གིས་དམག་སའི་སྨན་པ་བྱེད་འདོད་ཡོད་ཟེར་བ་དང་ཧྥིན་ལན་ཌི་བ་ཞིག་གིས་ཨུ་རུ་སུའི་དམག་མི་གསོད་དགོས་བསམས་ནས་ཡོང་བ་ཡིན་ཞེས་ལན་བཏབ། ཧྥིན་ལན་པ་དེའི་སྐད་ཆ་དེ་ནས་སྔོན་ཆད་༡༩༣༩་ལོར་ཨུ་རུ་སུའི་དམར་དམག་གིས་ཧྥིན་ལན་ཌིར་བཙན་འཛུལ་བྱས་པའི་སྙིང་ནད་སངས་མེད་པ་མཚོན་ཐུབ། ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་ཡུཀ་རེན་གྱི་ས་ཐོག་ཏུ་ཕྱི་རྒྱལ་གྱི་དང་བླངས་དམག་དཔུང་ཕོན་ཆེན་འདུས་ན་ཉེན་ཁ་ཆེན་པོ་ཡོད་པའི་དོགས་ཟོན་བྱེད་ཀྱི་ཡོད་མོད། འོན་ཀྱང་ཨུ་རུ་སུའི་བཙན་འཛུལ་ལ་རྒྱལ་ཁབ་ཕལ་མོ་ཆེས་ངོ་རྒོལ་བྱེད་ཀྱི་ཡོད་པས་རང་གི་སྤྱི་དམངས་རྣམས་ཡུཀ་རེན་གྱི་རྒྱབ་སྐྱོར་དང་བླངས་དམག་ཁོངས་སུ་ཞུགས་ཀྱི་ཡོད་པ་འགོག་གི་མེད་པ་རེད།།

ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་དམག་ལ་ཡུཀ་རེན་གྱི་ས་ཐོག་ཏུ་ཕམ་ཉེས་ཆེན་པོ་བྱུང་སྟེ་མདུན་སྐྱོད་བྱེད་ཐུབ་ཀྱི་མེད་ཅིང་། དེར་བརྟེན་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གྷུས་ཕྱི་རྒྱལ་གྱི་དང་བླངས་དམག་དཔུང་བསྡུ་དགོས་པའི་གྲོས་གཞི་བཏོན། ཕྱི་ཟླ་༣་པའི་ཚེས་༡༡་ཉིན་སྲིད་འཛིན་ཕུ་ཊིན་གྱིས་གྲོས་གཞི་དེར་ཆོག་མཆན་བཀོད། ཕུ་ཊིན་གྱིས་ཨུ་རུ་སུའི་བདེ་འཇགས་སྲུང་སྐྱོབ་ཚོགས་འདུའི་ཐོག་ཏུ་རྒྱལ་སྲུང་བློན་ཆེན་ལ་དང་བླངས་དམག་དཔུང་བསྡུ་ཐུབ་མིན་ལྟོས། ལྷག་པར་དུ་ཌོན་བྷ་སི་མངའ་ཁུལ་གྱི་མི་དམངས་ལ་སྲུང་སྐྱོབ་བྱེད་མཁན་ཡོད་མེད་ལྟོས་ཤིག ཁོ་ཚོར་དམག་ས་ཁག་ཏུ་རོགས་རམ་བྱེད་དགོས་ཞེས་བཀའ་ཕབ། རྒྱལ་སྲུང་བློན་ཆེན་ཤོ་གྷུས་སི་རི་ཡ་གཙོས་དཀྱིལ་ཤར་ས་ཁུལ་ཁག་ནས་ཨུ་རུ་སུ་ལ་རྒྱབ་སྐྱོར་བ་དང་བླངས་དམག་མི་༡༦༠༠༠་ལྷག་ཡོད་ཅེས་བསྒྲགས། ཕྱི་རྒྱལ་གྱི་གསར་འགྱུར་ལས་ཁང་ཁག་གིས་སྲིད་འཛིན་ཕུ་ཊིན་གྱི་མཐུན་གྲོགས་སི་རི་ཡའི་སྲིད་འཛིན་ཨ་ས་ཐེས་དམག་མི་༢༠༠༠་ཡས་མས་ཤིག་ཨུ་རུ་སུ་ལ་དམག་རོགས་སུ་གཏོང་སྲིད་ཅེས་གནས་ཚུལ་སྤེལ། ཉི་ཧོང་གི་ཎི་ཁེ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་གཞུང་གིས་གཟའ་འཁོར་རེར་ཨ་སྒོར་༤༠༠་རེ་སྤྲད་ནས་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཁག་ནས་གླས་དམག་བསྡུ་བཞིན་འདུག ཨ་ལི་ཇཱ་ཧྥར་ཨ་སི་ཀར་ཞེས་པའི་ལོ་ན་༣༥་ལ་སོན་པའི་ཨི་རག་གི་ཡུལ་དམག་ཅིག་གིས་ང་ལ་གཟའ་འཁོར་རེར་ཨ་སྒོར་༤༠༠་རེ་སྤྲོད་དགོས་ཟེར་གྱི་འདུག ད་ནི་ཨུ་རུ་སུ་ལ་རྒྱབ་སྐྱོར་བྱས་ནས་བཙན་རྒྱལ་རིང་ལུགས་ལ་འཐབ་རྒོལ་བྱེད་པའི་དུས་སུ་བབས་པ་རེད་ཅེས་ཁ་པར་བརྒྱུད་ནས་གསར་འགོད་པའི་དྲི་བར་ལན་བཏབ། དེ་བཞིན་མོ་ཧ་མེ་ཐེ་ཨལ་ས་ཀིར་ཞེས་པའི་ཨི་རག་གི་ཡུལ་དམག་གཞན་ཞིག་གིས་ཀྱང་ཁོ་པར་གླ་ཕོགས་སྤྲོད་དགོས། ཨུ་རུ་སུའི་གླས་དམག་ཁོངས་སུ་ཡོང་དགོས་པའི་འབོད་སྐུལ་བྱས་བྱུང་ཞེས་བཤད།།

གཟའ་འཁོར་འདིར་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཞིག་གིས་ཨུ་རུ་སུའི་གཞུང་གིས་སི་རི་ཡ་ནས་གླས་དམག་བསྡུ་བཞིན་འདུག སྲིད་འཛིན་ཕུ་ཊིན་ལ་ཡུཀ་རེན་གྱི་ས་ཐོག་ཏུ་གླས་དམག་གཏོང་འཆར་ཡོད་པ་ནི་དམག་དཔུང་ཁ་སྣོན་དགོས་ཀྱི་ཡོད་པའི་རྟགས་མཚན་རེད། ཡུཀ་རེན་གྱི་དམག་འཁྲུག་དེ་ཡག་པོ་ཞིག་ཡོང་གི་མེད་པ་མཚོན་ཐུབ། སྔ་ལོ་ནས་བྷེ་ལོ་རུ་སི་དང་ཨུ་རུ་སུའི་མཐའ་མཚམས་ཁག་ཏུ་དམག་དཔུང་འབུམ་༡་དང་ཕྱེད་ཀ་ལྷག་འགྲེམ་འཇོག་བྱས་པ་རྣམས་ཡུཀ་རེན་གྱི་ས་ཐོག་ཏུ་བཏང་ཟིན་འདུག་ཅེས་བཀྲལ། རྒྱལ་སྤྱིའི་རན་ཌི་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཇཱེ་ཌི་ཝི་ལིམ་སི་ཞེས་པ་ཞིག་གིས་ཨུ་རུ་སུ་ལ་དཀྱིལ་ཤར་ས་ཁུལ་གྱི་སི་རི་ཡ་དང་ཨི་རག་གི་ཡུལ་དམག་འཐབ་མོ་བ་དགོས་ཀྱི་ཡོད་པ་ནི་གྲོང་ཁྱེར་ནང་དང་སྲང་ལམ་གྱི་དམག་འཁྲུག་ལ་གྲ་སྒྲིག་བྱེད་ཀྱི་ཡོད་པའི་རྟགས་མཚན་རེད། ཨུ་རུ་སུའི་དམག་དཔུང་ལ་གྲོང་ཁྱེར་དང་སྲང་ལམ། གྱེན་ལོག་དང་འཇབ་རྒོལ་སོགས་ལ་འཐབ་རྒོལ་བྱེད་པའི་ཉམས་མྱོང་མེད་པས་ཕྱི་རྒྱལ་ནས་གླས་དམག་བསྡུ་དགོས་ཐུག་གི་ཡོད་པ་རེད། སི་རི་ཡ་དང་ཨི་རག་གི་ཡུལ་དམག་ཚོར་གྲོང་ཁྱེར་དང་སྲང་ལམ་གྱི་འཐབ་འཁྲུག འཇབ་རྒོལ་བཅས་ཀྱི་སྦྱོང་བརྡར་ཐོབ་ཡོད་པ་རེད་ཅེས་བསྟན། ཡུ་རོབ་ཏུ་གནས་འཁོད་ཨ་རིའི་དམག་དཔུང་བཀོད་འདོམས་པ་ཟུར་པ་སྤྱི་བྷེན་ཧོ་ཇཱེས་ངས་བལྟས་ན་ཨུ་རུ་སུས་མྱུར་དུ་ཡུཀ་རེན་དབང་དུ་བསྡུ་མ་ཐུབ་པ་དང་མདེའུ་ཚར་ཏེ་མིའི་སྟོབས་ཤུགས་ཟད། ཨུ་རུ་སུའི་དམག་དཔུང་རྣམས་དཔའ་ཞུམ་ནས་འགོ་དམག་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ་ཀྱི་མེད་པའི་རྟགས་མཚན་འདུག་ཅེས་བཤད། ཕོ་བྲང་དཀར་པོའི་རྒྱལ་སྲུང་སློབ་སྟོན་པ་ཟུར་པ་དམག་སྤྱི་མེཀ་མ་སི་ཊར་གྱིས་ཨུ་རུ་སུའི་དམག་དཔུང་འུ་ཐུག་ཡོད་པའི་རྟགས་མཚན་རེད། ཕུ་ཊིན་རྩིས་ལོག་ཐེབས་ནས་བྱུང་ཉེས་འབྱུང་གི་མེད་པ་གསལ་པོ་རེད་ཅེས་བཤད།།

དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་ཡུ་རོབ་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཨེ་ཌི་ཨར་ནོལ་ཌི་ཞེས་པ་ཞིག་གིས་འཇར་མན་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ཡུཀ་རེན་ལ་དང་བླངས་དམག་མི་ཅི་ཙམ་བསླེབས་ཡོད་མེད་ཀྱི་གྲངས་འབོར་གསལ་པོ་ཞིག་ཤེས་ཀྱི་མི་འདུག འོན་ཀྱང་དང་བླངས་དམག་མི་༢༠༠༠༠་ལྷག་འདུས་ཡོད་པར་སྣང་། ཁོ་ཚོ་མང་ཆེ་བ་ནི་ཡུ་རོབ་པ་དང་བྱང་ཨ་རི་བ་རེད། ཉི་ཧོང་བ་དང་བྷེ་ལོ་རུ་སི་བ་ཁག་ཅིག་ཀྱང་འདུག་ཅེས་བཤད། འཇར་མན་གྱི་གསར་འགྱུར་ལས་ཁང་ཁག་ཅིག་གིས་ཡུཀ་རེན་གྱི་དམག་འཁྲུག་ལ་འཇར་མན་པ་གཅིག་པུ་༡༠༠༠་ཡས་མས་ཤིག་ཕྱིན་འདུག་ཅེས་གནས་ཚུལ་སྤེལ། ཉམས་ཞིབ་པ་ཁག་ཅིག་གིས་དང་བླངས་དམག་དཔུང་ཕོན་ཆེན་ཞིག་འདུས་ན་མ་འོངས་པར་འཇིགས་སྐུལ་རིང་ལུགས་པར་འགྱུར་སྲིད་པའི་ཉེན་ཁ་ཡོད། དཔེར་ན་ལོ་རབས་༨༠་ནང་དུ་ཨུ་རུ་སུ་ལ་འཐབ་རྒོལ་དང་ཨབ་གྷ་ཎི་སི་ཐན་ལ་རྒྱབ་སྐྱོར་བྱེད་མཁན་ཁ་ཆེའི་དང་བླངས་དམག་དཔུང་ཕྱིས་སུ་ཨལ་ཁེ་དྷ་སོགས་འཇིགས་སྐུལ་རིང་ལུགས་པར་གྱུར་པ་རེད། སི་རི་ཡའི་གཞུང་དམག་ལ་འཐབ་རྒོལ་བྱེད་མཁན་ཁ་ཆེ་རྒྱལ་ཁམས་ཀྱི་དང་བླངས་པ་རྣམས་ཀྱང་འཇིགས་སྐུལ་རིང་ལུགས་པར་གྱུར་རེད་ཅེས་བློ་འཚབ་ཡོད་པའི་གླེང་སློང་བྱུང་། ཡིན་ནའང་ཡུཀ་རེན་གྱི་གཞུང་གིས་ཕྱི་རྒྱལ་གྱི་དང་བླངས་དམག་མི་ཚོར་ཟླ་ཤས་རྗེས་སུ་ཡུཀ་རེན་གྱི་སྤྱི་དམངས་ཐོབ་ཐང་སྤྲད་ནས་རྒྱལ་ཁབ་དེའི་མི་ཁོངས་སུ་བཅུག ཁོ་ཚོ་དམག་འཁྲུག་རྗེས་སུ་བདག་མེད་དུ་ལུས་རྒྱུའི་ཉེན་ཁ་མེད་པའི་གནས་ཚུལ་ཐོན། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཉི་མ་༢༠་ཙམ་འགྲོ་བཞིན་ཡོད་ཀྱང་གྲོང་ཁྱེར་ཆེ་ཁག་གཅིག་ཀྱང་ལེན་ཐུབ་མེད་པས་ཞི་བའི་མི་མང་གནས་སྡོད་བྱ་ཡུལ་ཁག་ལ་རྒོལ་རྡུང་བྱས་ནས་གཏོར་བཤིག་ཚབས་ཆེན་གཏོང་གི་ཡོད་པར་མ་ཟད། ཡུཀ་རེན་གྱི་མི་དམངས་ལ་འཐུང་ཆུ་དང་གློག་བཅད། མི་མང་ལ་ཉེར་མཁོའི་བཟའ་ཆས་དང་སྨན་སོགས་སྐྱེལ་འདྲེན་བྱེད་དུ་མ་བཅུག་པར་བཀག ད་ལྟའི་བར་དུ་ཡུཀ་རེན་བ་ས་ཡ་༣་ཡས་མས་ཤིག་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བྲོས་བྱོལ་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG