ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༣/༡༠/༠༢

ཕྱི་རྒྱལ་གྱི་ཚོང་པ་ཚོས་ཞིས་ཅིན་ཕིང་གི་དགོངས་པར་སློབ་སྦྱོང་བྱ་དགོས་ཟེར། 


༄༅།། རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་བཞིན་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གི་ཚོང་ལས་ཀྱི་དུས་ཚོད་བརྒྱ་ཆ་༣༠་ཐམ་པ་ཞིས་ཅིན་ཕིང་གི་དགོངས་པར་སློབ་སྦྱོང་བྱ་རྒྱུ་དེར་གཏོང་དགོས་པའི་བཀོད་ཁྱབ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༩་པའི་ཚེས་༡༧་ཉིན་ཚོང་ལས་ནང་ཚགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་སྐབས་འདིར་རྒྱལ་ནང་གི་བཟོ་ཚོང་ལས་ཁང་ཁག་ལྟ་གྲུབ་ཀྱི་ཆ་ནས་དམར་ཤོག་ཚོགས་པར་བློ་དཀར་དགོས་པའི་དམ་འཛིན་བྱེད་ཀྱི་ཡོད་ཅིང་། ཉེ་དུས་ཤིག་ནས་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་བཞིན་པའི་ཧྥ་རན་ཀ་ལིན་ཊེམ་པལ་ཊོན་དང་བྷ་ལེཀ་རོཀ་སོགས་རྒྱལ་སྤྱིའི་དངུལ་རྩའི་ཚོང་ལས་ཆེ་ཁག་གི་འགོ་ཁྲིད་ཚོ་དང་ལས་བྱེད་པ། ཕྱི་རྒྱལ་བ་གླས་ཡོད་པའི་རྒྱ་ནག་གི་སྒེར་གཉེར་བཟོ་ཚོང་ལས་ཁུངས་ཁག་གི་ལས་བྱེད་པ་ཚོས་ངེས་པར་དུ་ཞིས་ཅིན་ཕིང་གི་དགོངས་པར་སློབ་སྦྱོང་བྱ་དགོས་པ་དང་རྒྱ་ནག་དམར་ཤོག་ཚོགས་པས་སྤྱི་སྒེར་གཉིས་ཀྱི་ཚོང་ལས་ལ་འགོ་ཁྲིད་བྱེད་ཀྱི་ཡོད་པར་གོང་བཀུར་བྱ་དགོས་པའི་བཀོད་ཁྱབ་བཏང་འདུག

ད་ལོའི་ཕྱི་ཟླ་༦་པ་ནས་བཟུང་སྟེ་ཧྥ་རན་ཀ་ལིན་ཊེམ་པལ་ཊོན་དང་བྷ་ལེཀ་རོཀ་སོགས་དངུལ་རྩའི་ཚོང་ལས་ཁག་གི་འགོ་ཁྲིད་ཚོ་ཟླ་བ་རྟག་པར་ཞིས་ཅིན་ཕིང་གི་དགོངས་པར་སློབ་སྦྱོང་བྱེད་པའི་འཛིན་གྲྭར་ཞུགས་པའམ། ཡང་ན་ཁོ་ཚོས་ཞིས་ཅིན་ཕིང་གིས་བརྩམས་པའི་དཔེ་དེབ་༤་བཀླགས་ཟིན་ཞིང་། ཐོག་མར་༢༠༡༧་ལོར་ཞིས་ཅིན་ཕིང་གི་དགོངས་པ་ཞེས་པའི་དཔེ་དེབ་དཔར་དུ་བསྐྲུན། དཔེ་དེབ་དེའི་ནང་དུ་རྒྱ་ནག་དར་འཕེལ་འགྲོ་བའི་རྩ་དོན་༡༤་བཀོད། ཞིས་ཅིན་ཕིང་གི་དགོངས་པ་ཞེས་པ་ནི་མར་ཁེ་སི་ལེ་ཉིང་རིང་ལུགས་ལ་ཁུངས་གཏུགས་ནས་མའོ་ཙེ་ཏུང་དང་ཏིན་ཞའོ་ཕིང་། ཅང་ཙེ་མིན་དང་ཧུན་ཅིན་ཐའོ་བཅས་ཀྱིས་རང་གི་ལྟ་གྲུབ་རེ་བཏོན་ནས་རྒྱ་ནག་དམར་ཤོག་ཚོགས་པ་གཙིགས་སུ་འཛིན་པའི་ལྟ་གྲུབ་ཅིག་ཡིན་མོད། འོན་ཀྱང་རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་ཕྱིན་ཏེ་དཀའ་ངལ་ཚབས་ཆེན་ཞིག་འཕྲད་ཀྱི་ཡོད་པའི་སྐབས་སུ་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་དབང་རྒྱུན་འཛིན་བྱེད་པར་ལྟ་གྲུབ་ཀྱི་སློབ་སྦྱོང་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཚོང་ལས་ནང་ཚགས་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་དངུལ་རྩའི་ཚོང་ལས་ཁག་ལ་ཞིས་ཅིན་ཕིང་གི་དགོངས་པར་སློབ་སྦྱོང་བྱེད་དུ་འཇུག་གི་ཡོད་པའི་ཞོར་དུ་བཅའ་ཁྲིམས་གསར་པ་ཁག་ཅིག་གཏན་ལ་ཕབ། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་གི་ས་ཐོག་ཏུ་རྒྱུན་ལྡན་གྱི་ཚོང་ལས་གཉེར་མི་ཐུབ་པའི་མཚམས་སུ་བསླེབས། རྒྱ་ནག་གི་གསང་ཉུལ་བཀག་སྡོམ་གྱི་ཁྲིམས་ལ་བཟོ་བཅོས་བརྒྱབ་སྟེ་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་ས་གནས་ཀྱི་ཁྲོམ་རའི་དགོས་མཁོ་དང་ཚོང་ལས་ཀྱི་འགྲན་སྡུར། མ་རྩ་འཛུགས་མཁན་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཚོང་ལས་ཀྱི་སྒྲིག་ཁྲིམས་བཅས་ལ་ཞིབ་འཇུག་བྱེད་མི་ཕོད་པར་གྱུར། ཅིའི་ཕྱིར་ཞེ་ན་རྒྱ་ནག་གཞུང་གིས་གསང་ཉུལ་དང་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་བརྐུས་འཁྱེར་གྱི་ནག་ཉེས་བཙུགས་ནས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གི་ལས་བྱེད་པ་རྣམས་འཛིན་བཟུང་བྱེད་སྲིད་པའི་ཉེན་ཁ་ཤིན་ཏུ་ཆེ། རྒྱ་ནག་གཞུང་གིས་གསང་ཉུལ་དང་རྒྱལ་ཁབ་ཀྱི་གསང་བ་ཟེར་ནས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལ་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་ཏུ་ཚོང་ལས་གཉེར་མི་ཐུབ་པའི་དཀའ་ངལ་ཆེ་རུ་སོང་།།

ཌི་ལོ་ཡེ་ཊི་
ཌི་ལོ་ཡེ་ཊི་

ད་ལོའི་ཕྱི་ཟླ་༣་ནང་དབྱིན་ཇིའི་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་ཌི་ལོ་ཡེ་ཊི་བཟོ་ཚོང་ལས་ཁུངས་ལ་ཞིབ་འཇུག་བྱས་ནས་རྩིས་ཞིབ་གཙང་མ་བྱས་མི་འདུག་ཅེས་ཨ་སྒོར་ས་ཡ་༣༡་གི་ཆད་པ་བཅད། རྒྱ་ནག་གཞུང་གིས་སྒེར་གྱི་ཚོང་ལས་ལ་སྟངས་འཛིན་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ཕྱི་རྒྱལ་བ་ཚོར་དམིགས་བསལ་མེད་ཅེས་བསྒྲགས། རྒྱ་ནག་གི་ཕྱི་འབྲེལ་བཅའ་ཁྲིམས་སུ་རྒྱ་ནག་སྐམ་ས་ཆེན་མོར་ཚོང་ལས་གཉེར་གྱི་ཡོད་པའི་ཕྱི་རྒྱལ་བ་དང་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱ་ནག་གི་ཁྲིམས་ལ་བརྩི་དགོས། རྒྱ་ནག་གི་བདེ་འཇགས་དང་སྤྱི་ཚོགས། མི་དམངས་ཀྱི་ཁེ་ཕན་ལ་གནོད་པའི་ལས་དོན་གཏན་ནས་སྒྲུབ་མི་ཆོག་ཅེས་འཁོད། ཡིན་ནའང་རྒྱ་ནག་གི་ཕྱི་འབྲེལ་བཅའ་ཁྲིམས་སུ་ཅི་ཞིག་ལ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས། མི་དམངས་ཀྱི་ཁེ་ཕན་ལ་གནོད་པའི་ལས་དོན་ཟེར་གྱི་ཡོད་པའི་འགྲེལ་བཤད་གང་ཡང་མི་གསལ། ཉམས་ཞིབ་པ་ཚོས་རྒྱ་ནག་གི་ཕྱི་འབྲེལ་བཅའ་ཁྲིམས་དེ་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་མཁོ་དགོས་གཞིགས་ནས་ལག་ལེན་བསྟར་ཆོག་པ་ཞིག་ཡིན་པའི་ཚོད་དཔག་བྱས་འདུག

ཕྱི་ཟླ་༩་པའི་ཚེས་༡༧་ཉིན་ཧྥོར་ཎ་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་བའི་ཟླ་ཤས་རིང་མི་ཚོས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་འདུག་ཅེས་གོ་ཐོས་བྱུང་ཡོད་པ་རེད། ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ནང་དུ་རྩོམ་ཡིག་འབྲི་མཁན་ཀེ་ཐེ་རེན་རམ་ཕེལ་གྱིས་རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་ཕྱིན་འདུག་ཅེས་རྩོམ་ཡིག་བྲིས། རྒྱ་ནག་གི་དཔལ་འབྱོར་རིག་པ་བ་ཚོས་ཞིས་ཅིན་ཕིང་གི་སྲིད་ཇུས་དེ་ནོར་འཁྲུལ་ཡིན་པ་ཤེས་ཀྱི་ཡོད་ཀྱང་འགྲིག་པར་བརྩི་དགོས་ཤིང་། ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ནང་དུ་རྩོམ་ཡིག་འབྲི་མཁན་གཞན་ཚོས་ཀྱང་རྒྱ་ནག་གི་དཔལ་འབྱོར་ཉམས་ཆག་འགྲོ་དོན་ཅི་ཡིན་ཐད་དཔྱད་ཞིབ་སྣ་མང་ཞིག་བྱས་འདུག་ཅེས་གནས་ཚུལ་སྤེལ། ཨ་རིའི་ཉམས་ཞིབ་པ་མང་ཆེ་བས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཀྱི་འབྱུང་རྩ་ནི་ཞིས་ཅིན་ཕིང་གི་སྲིད་དབང་སྒེར་གཅོད་དང་སྲིད་དབང་འཐབ་རྩོད། འདས་པའི་ལོ་༤༠་ལྷག་ལ་རྒྱ་ནག་གི་དཔལ་འབྱོར་འགྱུར་བཅོས་བཏང་བར་བཀག་འགོག་བྱེད་ཀྱི་ཡོད་པར་ཐུག་འདུག་ཅེས་བཀྲལ།།

ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ནང་དུ་ཞིས་ཅིན་ཕིང་གི་སྲིད་དབང་གཅིག་སྡུད་བྱས་ནས་རྒྱ་ནག་གི་དཔལ་འབྱོར་སླར་གསོ་བྱ་རྒྱུ་ནར་འགྱངས་གཏོང་གི་འདུག རྒྱ་ནག་གི་དཔལ་འབྱོར་འཛིན་སྐྱོང་ལ་འབྲེལ་བ་ཡོད་པའི་ལས་སྣེ་ཚོ་ཉིན་ལྟར་ཛ་དྲག་གི་ཚོགས་འདུ་ཚོགས་ནས་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་སེལ་ཐབས་ལ་གྲོས་སྡུར་བྱེད་ཀྱི་ཡོད་ཀྱང་ཞིས་ཅིན་ཕིང་བློ་ཁ་ཚིམས་ནས་ཅི་ཡང་མི་སྒྲུབ་པའི་ལངས་ཕྱོགས་ཤིག་བཟུང་། རྒྱ་ནག་གི་དཔལ་འབྱོར་རིག་པ་བ་གྲགས་ཅན་ཚོས་དཔལ་འབྱོར་སླར་གསོའི་ཆེད་དུ་སྲིད་གཞུང་གིས་བློ་སྟོབས་བསྐྱེད་ནས་བཅོས་བསྒྱུར་གྱི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་དགོས་པའི་སྐུལ་ལྕག་བཏང་རུང་ཞིས་ཅིན་ཕིང་དེ་ལ་དོ་སྣང་མེད། སྤྱི་ཡོངས་ཀྱི་དཔལ་འབྱོར་དཀའ་ངལ་སེལ་དགོས་ན་སྤྱི་ཡོངས་ཀྱི་དཔལ་འབྱོར་སླར་གསོ་ལ་ཤུགས་སྣོན་རྒྱག་དགོས། དཔལ་འབྱོར་ཉམས་རྒུད་དེ་བཟོ་ཚོང་ལས་ཁུངས་བྱེ་བྲག་པ་ཁག་ཅིག་གི་དཀའ་ངལ་རེད། བཟོ་ཚོང་ལས་ཁུངས་དེ་དག་གིས་རང་རང་གི་དཀའ་ངལ་སེལ་དགོས་པའི་འདུ་ཤེས་བཅངས་ན་ནོར་འཁྲུལ་རེད་ཅེས་གསར་འགྱུར་སྤེལ་འདུག

ཕྱི་ཟླ་༩་པའི་ཚེས་༧་ཉིན་ནེའུ་ཡོག་ཀར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། པྲོག་དབྱིབས་ནད་ཡམས་རྗེས་སུ་རྒྱ་ནག་གི་དཔལ་འབྱོར་ཚོད་དཔག་བྱས་པ་དེའི་ཕྱེད་ཀ་ཙམ་ལས་འཕེལ་རྒྱས་འགྲོ་ཐུབ་མེད་པར་མ་ཟད། རྒྱ་ནག་གི་སྒོ་དབྱེ་འགྱུར་བཅོས་རྗེས་སུ་བྱུང་མྱོང་མེད་པའི་དཔལ་འབྱོར་ཉམས་ཆག་བྱུང་། རྒྱ་ནག་གི་ས་ཁང་ཚོང་ལས་རྣམས་མ་རྩ་བརྡིབས་པ་དང་སློབ་ཆེན་ཐོན་པའི་ན་གཞོན་ས་ཡ་མང་པོར་ལས་ཀ་མ་རག ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་ཝི་ཏེ་ནམ་དང་མ་ལེ་ཤི་ཡ། རྒྱ་གར་དང་ཨིན་རྡུ་ནེ་ཤི་ཡ་སོགས་ལ་སྤོས། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་རྒྱ་ནག་གི་ཁྲོམ་རར་རེ་ལྟོས་བརླགས། རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་ཇུས་ཉེས་ཡོད་དོ་ཅོག་གི་འབྱུང་རྩ་དེ་ཞིས་ཅིན་ཕིང་གིས་སྲིད་དབང་སྒེར་གཅོད་ལ་ཐུག་འདུག དཔལ་འབྱོར་རིག་པ་བ་ཚོས་རྒྱ་ནག་གི་དཔལ་འབྱོར་སླར་གསོ་མ་བྱུང་ན་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་རྒྱུ་ཡིན་མིན་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག་ཅེས་གནས་ཚུལ་སྤེལ།།

ཨ་རིའི་ཀོར་ནལ་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་པའི་སློབ་དཔོན་ཨེ་སི་ཝར་པྲ་ས་དས་ཞིས་ཅིན་ཕིང་ནས་རྒྱ་ནག་གི་དཔལ་འབྱོར་ལེགས་བཅོས་ཆེན་པོ་ཞིག་བྱ་རྒྱུ་དེར་ཐེ་ཚོམ་འཛིན་གྱི་འདུག དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ལ་འཕྲལ་ཕུགས་གཉིས་ཀྱི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་གསལ་པོ་རེད། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ནི་མ་རྩ་བཙུགས་ཏེ་བྱུང་ཞིང་། མ་རྩ་ཅི་ཙམ་བཙུགས་ན་དཔལ་འབྱོར་འཕེལ་རྒྱས་དེ་ཙམ་གྱིས་མྱུར་པོ་འགྲོ་ཐུབ། རྒྱ་ནག་ལ་མ་རྩ་བཙུགས་པ་རྣམས་ནུས་པ་ཐོན་པ་ཞིག་བྱུང་མི་འདུག དེའི་རྒྱུ་མཚན་ནི་རྒྱ་ནག་གིས་མ་རྩ་བཙུགས་པའི་ཁེ་ལས་མང་ཆེ་བ་གཞུང་གཉེར་ཁེ་ལས་ཁག་ཡིན་པ་དང་གཞུང་གཉེར་ཁེ་ལས་ཁག་ལ་ཚོང་ལས་ཀྱི་ཁེ་སང་ཡོད་པའི་ངེས་པ་མེད། རྒྱ་ནག་གིས་ས་ཁང་ཚོང་ལས་ལ་མ་རྩ་ཚད་ལས་བརྒལ་བ་བཙུགས་ཏེ་ཉམས་ཉེས་ཕོག ས་གནས་སྲིད་གཞུང་ཁག་བུ་ལོན་ནང་དུ་ཚུད་དེ་ལོ་རེའི་འགྲོ་གྲོན་དང་ཡོང་འབབ་གཉིས་ཁ་མཚུངས། ད་དུང་རྒྱ་ནག་ལ་ན་གཞོན་ལས་རྩོལ་བ་ཇེ་ཉུང་དང་རྒན་རྒོན་གྱི་མི་འབོར་ཇེ་མང་དུ་ཕྱིན་ཏེ་ཡུན་རིང་གི་དཀའ་ངལ་ཞིག་འཕྲད་ཀྱི་འདུག་ཅེས་བསྟན་ནོ།།

XS
SM
MD
LG