ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༠༥

ཕྱི་རྒྱལ་གྱི་ཚོང་ལས་ཁག་རྒྱ་ནག་ནས་ཕྱིར་འཐེན་བྱ་རྒྱུ་དང་དེའི་དཀའ་ངལ།


资料照:一名男子走过北京街头张贴的中国梦宣传画。(2017年4月4日)
资料照:一名男子走过北京街头张贴的中国梦宣传画。(2017年4月4日)

ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་ཕྱིན་ནས་ཡར་རྒྱས་གཏོང་ཐུབ་ཀྱི་མེད་པ་དང་ཞིས་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་ཤིག་མཁྲེགས་འཛིན་བྱས་པ་སོགས་ཀྱིས་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་བཞིན་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་དཀའ་ངལ་སྣ་ཚོགས་ཤིག་འཕྲད་ཀྱི་ཡོད།

༄༅།། ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་ཕྱིན་ནས་ཡར་རྒྱས་གཏོང་ཐུབ་ཀྱི་མེད་པ་དང་ཞིས་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གཅིག་ཀྱང་མེད་པར་གཏོང་རྒྱུའི་སྲིད་ཇུས་ཤིག་མཁྲེགས་འཛིན། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་རྒྱག་སྲིད་པའི་ཉེན་ཁ། ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་བ་རྣམས་ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་བཅས་ཀྱིས་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་བཞིན་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་དཀའ་ངལ་སྣ་ཚོགས་ཤིག་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༨་པའི་ཚེས་༢༩་ཉིན་ཨ་རིའི་ལོ་སི་ཨན་ཇཱི་ལི་སི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༡༨་ལོར་ཨ་ཇཱི་ལི་ཡན་འཕྲུལ་རིག་དང་གློག་ཆས་བཟོ་ཚོང་གི་དངོས་ཟོག་བརྒྱ་ཆ་༡༠༠་ཐམ་པ་རྒྱ་ནག་གི་ས་ཐོག་ཏུ་བཟོ་སྐྲུན་བྱེད་ཀྱི་ཡོད་ཀྱང་རིམ་བཞིན་བཟོ་ཚོང་ལས་ཁང་དེར་དཀའ་ངལ་ཆེན་པོ་ཞིག་འཕྲད་མགོ་བརྩམས། ལོ་ན་༥༡་ལ་སོན་པའི་ཨ་ཇཱི་ལི་ཡན་བཟོ་ཚོང་ཁང་རྩ་འཛུགས་པ་གྷོ་སོར་གྷིས་ཤོག་གུའི་ཐོག་ཏུ་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་རྒྱ་ནག་ནས་ཝི་ཏེ་ནམ་དང་ཐེ་ལན་ཌི། མ་ལེ་ཤི་ཡ་དང་ཨིན་རྡུ་ནེ་ཤི་ཡ། ཧྥི་ལིན་ཕིན་སོགས་ལ་གནས་སྤོར་བྱ་རྒྱུ་སྟབས་བདེ་པོ་ཞིག་མཐོང་གི་ཡོད་ཀྱང་དོན་དངོས་སུ་དེ་ལ་དཀའ་ངལ་ཆེ། སྔོན་མར་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་རྒྱ་ནག་ནས་རྒྱལ་ཁབ་གཞན་ལ་གནས་སྤོར་བྱ་རྒྱུ་དེ་དགོས་ངེས་ཀྱི་ཚོང་ལས་སྲིད་ཇུས་ཤིག་མིན་མོད། ད་ལྟ་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་རྒྱ་ནག་ནས་ཕྱིར་འཐེན་མི་བྱེད་ཐབས་མེད་ལྟ་བུ་ཞིག་ཏུ་གྱུར་པ་རེད་ཅེས་བསྟན། ༢༠༢༠་པའི་ལོ་མཇུག་ནས་ཨ་ཇཱི་ལི་ཡན་བཟོ་ཚོང་ཁང་གིས་རྒྱ་གར་གྱི་ཧུབ་ལི་དང་ཆི་ནེ་གྲོང་ཁྱེར་གཉིས་སུ་མི་ལྔ་གླས་ནས་གློག་ཆས་བཟོ་ཚོང་ཁང་ཞིག་གསར་འཛུགས། རྒྱ་གར་གྱིས་བཟོས་པའི་གློག་ཆས་ཀྱི་ལྷུ་ལག་རྣམས་རིན་གོང་ཁེ་པོ་དང་སྐྱེ་ཁམས་ལ་གནོད་སྐྱོན་ཆུང་བ། བཟོ་པའི་གླ་ཕོགས་དམའ་བ་དང་རྒྱ་དཀར་ནག་གཉིས་ཀྱིས་དམག་འཁྲུག་ཆེན་པོ་ཞིག་རྒྱག་སྲིད་པའི་ཉེན་ཁ་ཆུང་བ་སོགས་ཀྱིས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་མང་དག་ཅིག་རྒྱ་ནག་ནས་རྒྱ་གར་ལ་གནས་སྤོར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་རྒྱ་ནག་ནས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་གནས་སྤོར་བྱེད་ཀྱི་ཡོད་པའི་རྒྱུ་རྐྱེན་གཞན་པ་ཞིག་ནི་ཞིས་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གཅིག་ཀྱང་མེད་པར་གཏོང་དགོས་ཞེས་ཨུ་ཚུགས་བརྒྱབ་སྟེ་སྲིད་ཇུས་མཁྲེགས་པོ་ཞིག་ལག་ལེན་བསྟར་ནས་འགྲིམ་འགྲུལ་བཀག བཟོ་གྲྭ་ཁག་སྒོ་བརྒྱབ་ནས་ཟླ་བ་འགའ་རེར་ཚོང་ལས་མཚམས་ཆད། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁུངས་ཁག་གི་ལས་བྱེད་པ་རྣམས་ཀྱང་རྒྱ་ནག་མི་དམངས་ལྟར་རང་ཁྱིམ་དུ་བཀག་སྟེ་སྒོ་རྒྱ་བསྡམས། རྒྱ་ནག་གི་ནད་འགོག་སྲིད་ཇུས་དེར་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གི་ལས་བྱེད་པ་རྣམས་དགའ་མོས་མེད་པར་རྒྱ་ནག་ལ་འགྲོ་འདོད་མེད་པ། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལངས། དེ་བཞིན་རྒྱ་ནག་གིས་ཀྱང་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལང་སྲིད་པའི་ཉེན་ཁ། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་པ་ལྟར་རྒྱ་ནག་ལའང་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་འགེལ་སྲིད་པའི་ཉེན་ཁ། ད་དུང་ཏོག་དབྱིབས་ནད་ཡམས་ཁྱབ་པའི་རྗེས་སུ་འཛམ་གླིང་གི་དངོས་ཟོག་ཐམས་ཅད་རྒྱ་ནག་འབའ་ཞིག་ཏུ་བཟོ་སྐྲུན་བྱ་རྒྱུ་ཐབས་མཁས་ཤིག་མིན་པ་ངོས་ཟིན་ཡོད་པས་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་ཁུངས་རྣམས་རྒྱ་ནག་ནས་ཕྱིར་འཐེན་བྱ་རྒྱུ་ལོ་རེ་བཞིན་ཇེ་མང་དུ་སོང་། ད་ལྟ་དངོས་ཟོག་ཕྱིར་ཚོང་ཁོ་ནར་བརྟེན་པའི་རྒྱ་ནག་གི་དཔལ་འབྱོར་ཉམས་ཆག ཨ་རིའི་ཚོང་དོན་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ཟུར་པ་དང་ཧྥོ་ལི་ཁྲིམས་དོན་ཁང་གི་ཉམས་ཞིབ་པ་མེ་ཁེལ་ཝལ་ཤཱིས་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལངས་མེད་ཚེ། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཇི་སྙེད་ཅིག་རྒྱ་ནག་ནས་ཕྱིར་འཐེན་བྱེད་མི་སྲིད། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་ཕུགས་རྒྱང་རིང་པོར་དམིགས་ནས་རང་གི་མདུན་ལམ་ལ་བསམ་ཞིབ་བྱེད་པའི་དུས་སུ་བབས་པ་རེད་ཅེས་བཤད།།

ལོ་སི་ཨན་ཇཱི་ལི་སི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་ས་ཐོག་ཏུ་བཙུགས་ཡོད་པའི་བཟོ་གྲྭ་རྣམས་མཐའ་གཅིག་ཏུ་སྒོ་རྒྱག་གི་མེད་ཀྱང་དངོས་ཟོག་གི་ལྷུ་ལག་དང་ཉིང་ལག་རྣམས་རྒྱ་གར་དང་ཝི་ཏེ་ནམ་ལྟ་བུའི་ཕྱིའི་རྒྱལ་ཁབ་ཁག་ནས་ནང་འདྲེན་བྱེད་ཀྱི་འདུག དཔེར་ན་ཨ་རིའི་ཀུ་ཤུ་ཁ་པར་བཟོ་ཚོང་ཁང་དང་ལྷོ་ཀོ་རི་ཡའི་སམ་སང་གློག་ཆས་བཟོ་ཚོང་ཁང་གཉིས་ཀྱིས་རང་གི་དངོས་ཟོག་གི་ལྷུ་ལག་ཡོད་དོ་ཅོག་རྒྱ་ནག་གཅིག་པུའི་ནང་དུ་བཟོ་སྐྲུན་མ་བྱས་པར་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡན་ལག་བཟོ་གྲྭ་བཙུགས་ནས་བཟོ་སྐྲུན་བྱེད་ཀྱི་འདུག རྒྱ་གར་དང་ཝི་ཏེ་ནམ་སོགས་ཀྱི་ས་ཐོག་ཏུ་ཚོང་ལས་ལ་བར་ཆད་ཉུང་བ་དང་འགལ་རྐྱེན་ཆུང་ཞེས་གནས་ཚུལ་སྤེལ། གྷོ་སོར་གྷིས་རྒྱ་ནག་གི་ས་ཐོག་ཏུ་མི་༢༠༠་ལྷག་གླས་ནས་ཚོང་ལས་གཉེར་གྱི་ཡོད་པ་སྒོ་རྒྱག་རྩིས་མེད་ཀྱང་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལང་སྲིད་པའི་འཇིགས་སྣང་གིས་རྒྱལ་ཁབ་གཞན་ལ་གནས་སྤོར་བྱ་རྒྱུའི་བསམ་ཞིབ་མི་བྱེད་ཐབས་མེད་དུ་གྱུར། ལོ་ལྔའི་གོང་དུ་གྷོ་སོར་གྷིས་ཧོང་ཀོང་གི་ས་ཐོག་ཏུ་ཨ་ཇཱི་ལི་ཡན་འཕྲུལ་རིག་དང་གློག་ཆས་བཟོ་ཚོང་ཁང་བཙུགས། ད་ལྟ་ལོ་བཞིའི་རྗེས་སུའང་བཟོ་ཚོང་ཁང་དེའི་དངོས་ཟོག་ཚང་མ་རྒྱ་ནག་གི་བཟོ་གྲྭ་ཁག་ཏུ་བཟོ་དགོས་པར་མ་ཟད། བཟོ་ཚོང་ཁང་དེའི་ལས་བྱེད་པ་རྣམས་རྒྱ་ནག་གི་ས་ཐོག་ཏུ་མུ་མཐུད་དེ་གནས་སྡོད་བྱ་རྒྱུ་དེར་སྐྲག་གི་ཡོད་པའི་གནས་ཚུལ་ཐོན། ༢༠༡༩་ལོ་ནས་གྷོ་སོར་གྷིས་བཟོ་གྲྭ་ཁག་ཅིག་ཝི་ཏེ་ནམ་ལ་སྤོར་རྒྱུའི་འཆར་འགོད་བྱས་ཏེ་བཟོ་གྲྭ་ཚུགས་ཡུལ་དང་སྐྱེལ་འདྲེན། ཁྲོམ་ར་དང་བཟོ་པའི་མཐུན་རྐྱེན་སོགས་ལ་ཞིབ་འཇུག་བྱེད་དུ་བཅུག་ཀྱང་ཝི་ཏེ་ནམ་གྱི་ས་ཐོག་ཏུ་དངོས་ཟོག་བཟོ་སྐྲུན་ལ་དལ་འགོར་དང་འགྲོ་གྲོན་ཆེ་བ། རྒྱ་ནག་གི་ས་ཐོག་ཏུ་དུས་ཡུན་བདུན་ཕྲག་༣་གྱི་ནང་དུ་སྒྲུབ་ཐུབ་པ་ཞིག་ཝི་ཏེ་ནམ་གྱི་ས་ཐོག་ཏུ་ཟླ་བ་༦་འགོར་གྱི་ཡོད་པ་བཅས་ཀྱིས་གནས་སྤོར་བྱ་རྒྱུའི་བསམ་བློ་དོར།།

གྷོ་སོར་གྷིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་གཞན་ཁག་ཀྱང་ཁེ་སང་ཆེན་པོ་ཡོད་ས་ཞིག་མ་རེད། ཐེ་ལན་ཌིའི་གཞུང་གིས་གནས་སྤོར་གྱི་འགྲོ་གྲོན་ཁག་ཅིག་སྤྲོད་རྒྱུ་དང་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གི་ལས་བྱེད་པའི་འཚོ་བའི་མཐུན་རྐྱེན་ཡག་ཏུ་གཏོང་རྒྱུའི་ཁས་ལེན་ཐོབ་སོང་། ཡིན་ནའང་ཐེ་ལན་ཌིའི་ས་གནས་ཁག་གི་འགོ་ཁྲིད་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པ་དང་དགོས་ངེས་ཀྱི་ལྷུ་ལག་རྣམས་དུས་ཐོག་ཏུ་མི་རག་པ། ཧྥི་ལི་ཕིན་དང་མ་ལེ་ཤི་ཡ། ཨིན་རྡུ་ནེ་ཤི་ཡ་གསུམ་ནི་ལྷོ་རྒྱ་ནག་རྒྱ་མཚོར་བར་ཐག་ཤིན་ཏུ་ཉེ། ལྷོ་རྒྱ་ནག་རྒྱ་མཚོ་ཧྲིལ་པོ་དམག་འཁྲུག་འབྱུང་སྲིད་པའི་ས་ཁུལ་གྱི་གྲས་ཤིག་རེད་ཅེས་བཀྲལ། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གི་ཉམས་ཞིབ་པ་དང་ཁྲིམས་རྩོད་པ་ཚོས་ཝི་ཏེ་ནམ་གྱིས་ཁས་ལེན་བྱས་པ་ལྟར་དགོས་མཁོ་རྣམས་དུས་ཐོག་ཏུ་སྐོང་ཐུབ་ཀྱི་མེད་པ་དང་ཡུཀ་རེན་གྱི་དམག་འཁྲུག་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་རྒྱ་ནག་ནས་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་སྤོར་དཀའ་བར་གྱུར། ཧེ་རི་སི་བྷ་རི་ཁེན་ཁྲིམས་དོན་ལས་ཁུངས་རྩ་འཛུགས་པ་ཌན་ཧེ་རི་སིས་ང་ཚོར་འབྲེལ་བ་ཡོད་པའི་བཟོ་ཚོང་ལས་ཁང་ཚང་མར་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་རྒྱུ་མཚམས་འཇོག་བྱ་འདོད་པ་འདུག མི་མང་པོ་ཞིག་གིས་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་རྒྱུ་མཚམས་འཇོག་གི་མེད་དོན་ཅི་རེད་ཅེས་འདྲི་ཡི་འདུག དེ་ལ་རྒྱུ་རྐྱེན་ས་ཡ་འགའ་ཡོད་པ་དང་ལས་སླ་པོ་ཞིག་མ་རེད། འཕྲུལ་ཆས་ཀྱི་ལྷུ་ལག་ནས་ཚེར་སྒྲོག ལྷམ་སྒྲོག ལྷམ་མཐིལ་སོགས་མཁོ་ངེས་ཀྱི་རྒྱུ་ཆ་རྣམས་རྒྱ་ནག་གི་ས་ཐོག་ཏུ་ལས་སླ་པོར་རག་གི་ཡོད་པ་དང་དངོས་ཟོག་དེ་རྣམས་ཕྱི་ནས་ནང་འདྲེན་བྱ་དགོས་ན་རིན་གོང་ཆེན་པོ་རེད། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཏུ་རྒྱ་ནག་ལྟར་བཟོ་པ་འདང་ངེས་མེད་པ་དང་ཐོན་སྐྱེད་ཀྱི་རྒྱུ་ཆ་རྣམས་བདེ་བླག་ཏུ་རག་དཀའ་བ། དངོས་ཟོག་གི་རིན་གོང་འཕར་བ་དང་རྒྱ་ནག་ལྟར་ཉམས་མྱོང་མེད་པས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་མང་དག་ཅིག་རྒྱལ་ཁབ་གཞན་ལ་གནས་སྤོར་བྱ་རྒྱུ་དེར་ཐེ་ཚོམ་འཛིན་གྱི་འདུག་ཅེས་བཤད།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་གྱི་ཡོད་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་དམར་ཤོག་གི་ལྟ་གྲུབ་གོང་བཀུར་བྱ་དགོས་དང་ཆབ་སྲིད་ཀྱི་དགོས་འདུན་ཁག་བསྒྲུབ་དགོས་པ། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་དམར་ཤོག་གི་སྲིད་ཇུས་ལ་བསྟུན་དགོས་པའི་གནོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས་བཟོ་ཚོང་ལས་ཁང་མང་དག་ཅིག་རྒྱལ་ཁབ་གཞན་ལ་གནས་སྤོར་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ། འཇར་མན་ཎིའི་རྒྱལ་ས་བྷར་ལིན་གྱི་མེ་རིཀ་སི་ཉམས་ཞིབ་ཁང་གིས་རྒྱ་ནག་ལ་ཞིབ་འཇུག་བྱས་ནས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་བརྒྱ་ལྷག་ལ་སྐད་ཆ་དྲིས་ཏེ་སྙན་ཐོ་བཏོན། ཞིབ་འཇུག་སྙན་ཐོ་དེར་༢༠༡༨་ནས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་དང་རྒྱ་ནག་གི་གནོན་ཤུགས་དེ་གོ་རིམ་ལྡན་པ་ཞིག་རེད། རྒྱ་ནག་གི་བདག་དབང་དང་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་གནས་ཚུལ་དྲིལ་བསྒྲགས། རྒྱ་ནག་གི་ཧྭ་ཝེ་ལྟ་བུའི་བཟོ་ཚོང་ལས་ཁང་ཁག་ལ་ཉེས་ཆད་གཅོད་ཀྱི་ཡོད་པར་རྒྱབ་སྐྱོར་བྱེད་མཁན་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་རྒྱ་ནག་གི་དགྲ་ཟླར་བཟུང་སྟེ་དཀའ་ངལ་འཕྲད་ཀྱི་འདུག འཇར་མན་ཎིའི་རླངས་འཁོར་བཟོ་ཚོང་ཌ་ཡེམ་ལེར་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གསུང་ཞིག་ལུང་འདྲེན་བྱས་པར་རྒྱ་ནག་ལ་ཕོག་ཐུག་སོང་སྟེ་༢༠༡༨་ལོར་འཇར་མན་གྱི་རླངས་འཁོར་བཟོ་ཚོང་ཁང་དེས་རྒྱ་ནག་ལ་བཟོད་གསོལ་ཐེངས་འགའ་ཞིག་ཞུ་དགོས་བྱུང་བ་རེད་ཅེས་འཁོད། ད་ལོའི་ཕྱི་ཟླ་༦་པར་རྒྱ་ནག་ཏུ་གནས་འཁོད་ཨ་མི་རི་ཀའི་ཚོང་ལས་མཐུན་ཚོགས་ཀྱིས་ཞིབ་འཇུག་བྱས་པ་ལྟར་ན། རྒྱ་ནག་ཏུ་ཚོང་ལས་གཉེར་གྱི་ཡོད་པའི་ཨ་རིའི་བཟོ་ཚོང་ལས་ཁང་བརྒྱ་ཆ་༤༤་ལྷག་གིས་རང་གི་དངོས་ཟོག་བཟོ་སྐྲུན་བརྒྱ་ཆ་༡༠༠་ཐམ་པ་རྒྱ་ནག་གཅིག་པུར་བརྟེན་རྒྱུ་ཉུང་དུ་བཏང་ཡོད་ཅེས་ལན་བཏབ། དེར་བརྟེན་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་རྒྱ་ནག་ནས་རྦད་དེ་མ་སྤོར་ཡང་དངོས་ཟོག་གི་ལྷུ་ལག་དང་ཉིང་ལག་རྣམས་རྒྱ་གར་དང་ཝི་ཏེ་ནམ། ཨིན་རྡུ་ནེ་ཤི་ཡ་དང་ཧྥི་ལི་ཕིན། མ་ལེ་ཤི་ཡ་སོགས་ནས་བཟོ་སྐྲུན་བྱ་རྒྱུའི་ལམ་སྲོག་གསར་པ་ཞིག་འགོ་ཚུགས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG