ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

  ཕུ་ཊིན་གྱིས་༢༠༢༢་བར་དུ་ཡུཀ་རེན་ལ་བཙན་འཛུལ་མ་བྱས་དོན་ཅི་རེད། 


༄༅།། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ལོ་མང་རིང་ཡུཀ་རེན་ལ་བཙན་འཛུལ་མ་བྱས་པར་༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་དམག་བརྒྱབ་སྟེ་རྒྱལ་ས་ཀིབ་ལེན་ཐབས་བྱས་དོན་ཅི་རེད། ཨུ་རུ་སུས་རྟག་ཏུ་ཡུཀ་རེན་དབང་དུ་བསྡུ་འདོད་ཡོད་པ་དེ་ཕུ་ཊིན་གྱི་གཏམ་བཤད་དང་རྩོམ་ཡིག་ཁག་ཏུ་གསལ། འདས་པའི་ལོ་མང་སྔོན་ནས་ཕུ་ཊིན་གྱིས་ཡུཀ་རེན་ནི་རང་བཙན་རྒྱལ་ཁབ་ངོ་མ་ཞིག་མ་རེད། ཡུཀ་རེན་གྱི་མི་རིགས་དང་ཆོས་ལུགས། རིག་གཞུང་སོགས་ཕྱོགས་གང་ཐད་དུ་མ་ཡུམ་ཨུ་རུ་སུ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན། དུས་རབས་༢༠་པར་བྱུང་བའི་ས་ཁམས་ཆབ་སྲིད་ཀྱི་ཆག་སྒོ་ཆེ་ཤོས་ནི་ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་ཁ་འཐོར་ཕྱིན་པ་དེ་རེད་ཅེས་ལན་མང་བསྒྲགས། གཟའ་འཁོར་འདིར་དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༡༤་ལོར་ཕུ་ཊིན་ནས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་གཅིག་པུ་ཕྲོགས་པ་དང་རྒྱལ་ཡོངས་སུ་དཔུང་འཇུག་མ་བྱས། ཨུ་རུ་སུའི་གཞུང་གིས་ཌོན་བྷ་སི་མངའ་ཁུལ་གྱི་ཁ་བྲལ་བ་ཚོར་རྒྱབ་སྐྱོར་གང་འཚམ་ལས་མ་བྱས་དོན་ཅི་རེད། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ནི་ཨུ་རུ་སུས་ཁྲིམས་འགལ་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ལོ་གཅིག་འཁོར་བའི་དུས་དྲན་རེད། ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་འཁྲུག་ལངས་དགོས་དོན་དང་མ་འོངས་པར་དམག་འཁྲུག་འདི་ཁ་ཕྱོགས་གང་དུ་འགྱུར་རྒྱུ་ཡིན་མིན་བཅས་ལ་བསམ་ཞིབ་བྱ་རྒྱུ་གནད་འགག་ཆེན་པོ་རེད་ཅེས་རྩོམ་ཡིག་བཀོད་འདུག ཨུ་རུ་སུའི་མཁྲེགས་འཛིན་པ་ཚོས་སྔ་མོ་ནས་ཕུ་ཊིན་གྱིས་ཡུཀ་རེན་ལ་འཕྲལ་དུ་བཙན་འཛུལ་བྱེད་ཀྱི་མི་འདུག་ཅེས་སྐྱོན་བཙུགས། ༢༠༡༤་ལོར་ཡུཀ་རེན་གྱི་དམག་གི་སྟོབས་ཤུགས་ཧ་ཅན་ཞན། ཨུ་རུ་སུའི་ཕྱོགས་གཏོགས་པ་ཡ་ནུ་ཀོ་ཝི་ཆི་དམངས་གཙོའི་ལམ་ནས་ཡུཀ་རེན་གྱི་སྲིད་འཛིན་ལ་བདམས། ཡུཀ་རེན་མི་དམངས་ཀྱིས་ལི་ཁྲིའི་གསར་བརྗེ་བསླངས་ཏེ་ཡ་ནུ་ཀོ་ཝི་ཆིའི་སྲིད་དབང་མགོ་རྟིང་བསློགས་ཏེ་ཁོ་པ་ཨུ་རུ་སུ་བྲོས། ཡུཀ་རེན་གྱི་ཨོ་དྷེ་ས་གྲོང་ཁྱེར་དུ་ཨུ་རུ་སུའི་ཕྱོགས་གཏོགས་པ་རྔམ་སྟོན་ཁྲོམ་སྐོར་བ་ཚོ་བསད། དེ་ནི་ཕུ་ཊིན་གྱིས་དམག་དྲངས་ནས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུའི་ལན་ཁག་དཀྲི་ས་ཡག་པོ་ཞིག་ཏུ་གྱུར།།

སྔ་ལོ་བར་དུ་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་མ་བྱས་དོན་ནི་ལོ་རབས་༩༠་པ་ནས་བཟུང་སྟེ་ཨུ་རུ་སུས་ལག་ལེན་བསྟར་པའི་འཐབ་ཇུས་ལ་ཐུག་ཡོད་པ་སྟེ། ཨུ་རུ་སུས་གང་ཐུབ་ཀྱིས་ཨ་མི་རི་ཀ་དང་ཡུ་རོབ་ཀྱི་བར་དུ་འགལ་ཟླ་བསླངས། མཐར་ཨུ་རུ་སུ་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་བརྩིས་ནས་ཡུ་རོབ་ཟླ་གྲོགས་སུ་བཀུག་སྟེ་ཡུ་རོབ་ལ་བདེ་འཇགས་ཀྱི་སྒྲིག་སྲོལ་གསར་པ་ཞིག་འཛུགས་རྒྱུ་དོན་དུ་གཉེར། ཨུ་རུ་སུའི་གཞུང་གིས་ཡུཀ་རེན་ལ་བཙན་འཛུལ་ཆ་ཚང་བྱས་ན་ཡུ་རོབ་རྒྱལ་ཁབ་ཁག་ཨ་མི་རི་ཀའི་ཕྱོགས་སུ་བརྫངས་ཏེ་ནུབ་ཡུ་རོབ་དང་ཨུ་རུ་སུ་གཉིས་མཉམ་འབྲེལ་བྱ་རྒྱུའི་མངོན་འདོད་འགྲུབ་དཀའ། ད་དུང་ཨུ་རུ་སུ་གྲོགས་མེད་ཁེར་རྐྱང་དུ་ལུས་ཏེ་རྒྱ་ནག་ལ་མ་བརྟེན་ཀ་མེད་དུ་འགྱུར་རྒྱུ་ཡིན་པ་ཤིན་ཏུ་གསལ། དེས་ན་ཨུ་རུ་སུས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཁ་གཏོར་དང་དེ་སྔའི་ཨུ་རུ་སུ་དམར་ཤོག་གི་དབང་བསྒྱུར་འོག་ཏུ་ཚུད་པའི་རྒྱལ་ཁབ་ཁག་ལ་སྔར་བཞིན་ཤུགས་རྐྱེན་ཐེབས་རྒྱུ་སྲ་བརྟན། ཨུ་རུ་སུ་དང་ཡུ་རོབ་གཉིས་མཉམ་འབྲེལ་བྱུང་ན་ཨུ་རུ་སུས་ནུབ་ཆིངས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་ལ་གཏོར་རྒོལ་བྱེད་སྲིད་པའི་ཉེན་ཁ་བཟློག་ནུས། དེང་སྐབས་ཨ་མི་རི་ཀས་དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་དབང་བསྒྱུར་མིན་པར་འབྲེལ་བ་དམ་ཟབ་འཛིན་གྱི་ཡོད་པ་ལྟར་ཨུ་རུ་སུས་ཀྱང་ཡུཀ་རེན་ཚུད་པའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ཐེབས་ཆོག་རྒྱུ། ༢༠༡༢་ལོར་ཕུ་ཊིན་གྱིས་ཨུ་རུ་སུ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུ་རོབ་ཆེན་པོའི་ཆ་ཤས་བསྙོན་མེད་ཅིག་ཡིན། ང་ཚོའི་སྤྱི་དམངས་ཀྱིས་རང་ཉིད་ཡུ་རོབ་པ་ཡིན་སྙམ་པའི་འདུ་ཤེས་འཛིན་གྱི་ཡོད་པ་རེད་ཅེས་རྩོམ་ཡིག་བྲིས།།

གྷར་ཌི་ཡན་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟ་ཨུ་རུ་སུས་འདུ་ཤེས་དེ་དོར་ཏེ་ཨུ་རུ་སུ་ནི་ཡུ་རེ་ཤི་ཡའི་དཔལ་ཡོན་ཐ་དད་ཅིག་ཡིན་པའི་འདུ་ཤེས་འཛིན་རྒྱུ་མགོ་བརྩམས། ༡༩༩༩་ལོར་ཕུ་ཊིན་གྱིས་སྲིད་དབང་བཟུང་བ་དང་༢༠༢༠་ལོར་བྷ་ཌན་ཨ་མི་རི་ཀའི་སྲིད་འཛིན་ལ་འོས་འདེམས་བྱུང་བའི་བར་དུ་ཨུ་རུ་སུའི་འཐབ་ཇུས་ལ་གྲུབ་འབྲས་ཅི་ཡང་མ་ཐོན། འཇར་མན་ཎི་དང་ཧྥ་རན་སི་གཉིས་ཀྱིས་ཨུ་རུ་སུར་མཉམ་འབྲེལ་བྱ་རྒྱུའི་རྣམ་འགྱུར་བསྟན། ༢༠༠༨་ནས་༢༠༡༢་བར་དུ་སྲིད་དབང་བཟུང་བའི་ཨུ་རུ་སུའི་བར་བརྒལ་སྲིད་འཛིན་མེ་ཌི་ཝེ་ཌེབ་ནས་ཕུ་ཊིན་གྱི་ཆོག་མཆན་ལྟར་ཡུ་རོབ་ཀྱི་བདེ་འཇགས་ཆིངས་ཡིག་ཅིག་འཇོག་དགོས་པའི་གྲོས་གཞི་བཏོན། ཆིངས་ཡིག་དེའི་གྲོས་གཞིའི་ནང་དུ་ནུབ་ཆིངས་རྒྱ་བསྐྱེད་རྒྱུ་མཚམས་འཇོག་བྱ་དགོས། ཡུཀ་རེན་དང་ཁྱིམ་མཚེས་རྒྱལ་ཁབ་ཁག་བར་གནས་བྱ་རྒྱུ་ཁག་ཐེག་བྱ་དགོས། ཨུ་རུ་སུ་དང་ནུབ་ཕྱོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་གཞུང་འབྲེལ་དང་མཉམ་འབྲེལ་ཐོག་ཏུ་ཨུ་རུ་སུར་གྲོས་སྡུར་བྱ་དགོས་ཞེས་འཁོད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུས་བཏོན་པའི་ཆིངས་ཡིག་གི་གྲོས་གཞི་དེར་བསམ་ཞིབ་གཟབ་ནན་བྱ་རྒྱུ་ཡིན་ཁུལ་གྱི་རྣམ་འགྱུར་ཙམ་ཡང་མ་བསྟན། ༢༠༡༤་ལོར་འཇར་མན་གྱི་སྲིད་བློན་ཨན་གྷི་ལ་མར་ཁཱེལ་གྱིས་ཕུ་ཊིན་ལ་ཨུ་རུ་སུའི་གཞུང་གིས་ཌོན་བྷ་སི་མངའ་ཁུལ་གྱི་ཁ་བྲལ་རིང་ལུགས་པ་ཚོར་རྒྱབ་སྐྱོར་བྱས་ནས་ཡུཀ་རེན་ལ་དཔུང་འཇུག་བྱས་ཚེ། འཇར་མན་ཎི་དང་ཨུ་རུ་སུའི་འབྲེལ་བར་གནོད་སྐྱོན་ཚབས་ཆེན་འབྱུང་ཤས་ཆེ། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་མ་བྱས་ན་འཇར་མན་གཞུང་གིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་རྒྱུ་མིན་ཞེས་ཁས་བླངས། དེ་ནས་འཇར་མན་ཎི་དང་ཧྥ་རན་སི་གཉིས་ཀྱིས་བྷེ་ལོ་རུ་སུའི་རྒྱལ་ས་མཱིན་སི་ཀ་གྲོང་ཁྱེར་གྱི་གྲོས་མཐུན་པ་གཉིས་པ་ཞེས་པ་ཞིག་འཇོག་རྒྱུ་དེར་འདུམ་བྱས་ནས་ཌོན་བྷ་མ་སི་མངའ་ཁུལ་ལ་རང་སྐྱོང་གི་གནས་བབ་སྤྲད་ནས་ཡུཀ་རེན་གྱི་ཁོངས་སུ་ཕྱིར་སློག་བྱ་དགོས་པའི་གྲོས་མཐུན་བཞག

༢༠༡༦་ལོར་ཌོ་ནལ་ཊམ་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་། ཨ་རིའི་གཞུང་གིས་ཡུ་རོབ་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མ་ཐེབས་ཀྱང་ཌོ་ནལ་ཊམ་གཏན་ནས་ཡུ་རོབ་ལ་དགའ་མོས་མེད་པས་ཨུ་རུ་སུའི་གཞུང་གིས་ཡུ་རོབ་དང་ཨ་མི་རི་ཀའི་བར་དུ་འགལ་ཟླ་སློང་རྒྱུའི་རེ་ལྟོས་ཆེ་རུ་སོང་། ཡིན་ནའང་བྷ་ཌན་འདེམས་ཐོན་བྱུང་བའི་རྗེས་སུ་ཨ་མི་རི་ཀ་དང་ནུབ་ཡུ་རོབ་ཀྱི་འབྲེལ་བ་སླར་གསོ་བྱུང་། ཡུཀ་རེན་གྱི་གཞུང་གིས་གྲོས་མཐུན་གྱི་འབྲུ་དོན་ལྟར་ཌོན་བྷ་སི་མངའ་ཁུལ་ལ་རང་སྐྱོང་གི་ཐོབ་ཐང་མ་སྤྲད་པ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་གྱིས་ཌོན་བྷ་སི་མངའ་ཁུལ་ལ་རང་སྐྱོང་གི་ཐོབ་ཐང་སྤྲོད་དགོས་ཞེས་གནོན་ཤུགས་སྤྲོད་མ་ཐུབ། ༢༠༢༡་ལོར་ཡུཀ་རེན་དང་ཨ་མི་རི་ཀས་འཐབ་ཇུས་ཟླ་གྲོགས་ཀྱི་གྲོས་མཐུན་བཞག་སྟེ་ཡུཀ་རེན་དམག་དོན་ཐོག་ཏུ་ཨ་མི་རི་ཀར་ཤུགས་ཆེན་པོ་བསྙེ་རྒྱུ། ཌོན་བྷ་སི་མངའ་ཁུལ་དུ་དམག་བརྒྱབ་ནས་ས་ཆ་ཕྱིར་ལེན་བྱ་རྒྱུའི་སྡིགས་ར་བསྐུལ་བ་སོགས་ཀྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ནས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུའི་ཐག་བཅད། ཉེ་ཆར་འཇར་མན་གྱི་སྲིད་བློན་ཟུར་པ་ཨན་གྷི་ལ་མར་ཁཱེལ་དང་ཧྥ་རན་སིའི་སྲིད་འཛིན་ཟུར་པ་ཨོ་ལོང་གཉིས་ཀས་༢༠༡༥་ལོར་ཌོན་བྷ་སི་མངའ་ཁུལ་ལ་རང་སྐྱོང་སྤྲོད་དགོས་ཞེས་མཱིན་སི་ཀ་གྲོས་མཐུན་གཉིས་པ་བཞག་པ་ནི་དུས་ཚོད་འགྱངས་ནས་ཡུཀ་རེན་གྱི་དམག་ལ་སྦྱོང་བརྡར་ཐོབ་ཐབས་བྱས་པ་ཞིག་ཡིན་ཞེས་ཁ་གསངས། ཨུ་རུ་སུའི་མཁྲེགས་འཛིན་པ་ཚོས་སྔ་མོ་ནས་དེ་ལྟར་རེད་བསམས། ༢༠༢༢་ལོར་ཕུ་ཊིན་གྱིས་ཀྱང་དེ་དང་འདྲ་མཚུངས་ཀྱི་མཇུག་སྡོམ་བརྒྱབ་ཡོད་པར་སྣང་། འོན་ཀྱང་བཙན་འཛུལ་གྱི་སྔ་ནུབ་བར་དུ་ཕུ་ཊིན་གྱིས་ཧྥ་རན་སིའི་སྲིད་འཛིན་མེཀ་ཧོན་ལ་ཡུཀ་རེན་བར་གནས་བྱེད་དུ་འཇུག་དགོས་པ་དང་ཌོན་བྷ་སི་མངའ་ཁུལ་གྱི་ཁ་བྲལ་རིང་ལུགས་པའི་འགོ་ཁྲིད་ཚོར་ཡུཀ་རེན་གྱི་གཞུང་གིས་ཐད་ཀར་གྲོས་མོལ་བྱེད་དུ་འཇུག་དགོས་ཞེས་ནན་གྱིས་བསྐུལ། གྷར་ཌི་ཡན་ཚགས་པར་གྱི་གསར་འགོད་པས་ཧྥ་རན་སིའི་སྲིད་འཛིན་མེཀ་ཧོན་ནས་ཕུ་ཊིན་གྱི་འབོད་སྐུལ་ལྟར་བསྒྲུབས་ཐུབ་ཡོད་ན་བཙན་འཛུལ་དེ་བྱུང་ཡོད་རྒྱུ་མ་རེད་ཅེས་ཁ་ཚོན་གཅོད་མི་ཐུབ། གང་ལྟར་ཨ་རི་དང་ཧྥ་རན་སི་གཉིས་ཀྱི་བར་དུ་འགལ་ཟླ་འབྱུང་རྒྱུ་ཡིན་པར་མ་ཟད། ཕུ་ཊིན་གྱིས་འཇར་མན་ཎི་དང་ཧྥ་རན་སི་གཉིས་ལ་འབྲེལ་བ་ཡག་ཏུ་བཏང་སྟེ་ཨི་རི་ཟུར་དུ་ཕུད་རྒྱུའི་འཐབ་ཇུས་རྙིད་པ་དེ་སླར་གསོ་བྱུང་ཡོད་ངེས་རེད་ཅེས་གནས་ཚུལ་སྤེལ་འདུག

ད་ལྟ་ཕུ་ཊིན་གྱིས་ཀྱང་ཨུ་རུ་སུའི་མཁྲེགས་འཛིན་པ་རྣམས་ཇི་བཞིན་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཡིད་རྟོན་མི་རུང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ནི་ཚིམས་པ་མེད་པར་ཨུ་རུ་སུ་དགྲ་རུ་འཛིན་མཁན་ཞིག་རེད་ཅེས་ལྟ་ཚུལ་འཛིན་གི་ཡོད་པའི་རྣམ་པ་ཞིག་ཐོན། ཨུ་རུ་སུའི་མཁྲེགས་འཛིན་པ་ཚོས་ཕུ་ཊིན་མགོ་རྟིང་སློག་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། ཁོ་ཚོ་ཡུཀ་རེན་གྱི་བཙན་འཛུལ་དམག་འཁྲུག་ལ་ནུས་པ་ཐོན་གྱི་མེད་པ་དང་ཕུ་ཊིན་གྱིས་ཅི་ཡང་མ་ཤེས་པར་ཡུ་རོབ་ལ་བློ་བཀལ་བར་ཁོང་ཁྲོས་བརྟས། དེ་བཞིན་ཨུ་རུ་སུའི་གུ་ཡངས་ཀྱི་ལྟ་བ་འཛིན་པ་ཚོས་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་ངོ་རྒོལ་བྱས་ནས་སྲིད་དབང་མགོ་རྟིང་སློག་རྒྱུའི་ཉེན་ཁ་མེད་པ་ཞིག་ག་ལ་ཡིན། གལ་སྲིད་ཨུ་རུ་སུར་རྒྱལ་ཁའམ། ཡང་ན་ཨུ་རུ་སུའི་མཁྲེགས་འཛིན་པ་དང་གུ་ཡངས་ཤོག་ཁག་གཉིས་ཀ་ངོ་ལོན་པ་ཞིག་མ་བྱུང་བར་དུ་ཕུ་ཊིན་གྱིས་ཞི་བའི་གྲོས་མོལ་བྱས་ནས་ཡུཀ་རེན་གྱི་དམག་འཁྲུག་མཚམས་འཇོག་བྱ་རྒྱུ་བློ་ཡུལ་དུ་མི་ཤོང་། ཨུ་རུ་སུས་བཙན་འཛུལ་དང་མི་གསོད་ཁྲག་སྦྱོར། གཏོར་བཅོམ་དང་བཙན་གཡེམ་སོགས་ཀྱི་ནག་ཉེས་ཚབས་ཆེན་བསགས་ཡོད་པས་འཇར་མན་གཞུང་དང་ཧྥ་རན་སིའི་གཞུང་གིས་ཨུ་རུ་སུའི་བདེ་སྡུག་ལ་བསམ་ཤེས་བྱེད་དགོས་པའི་ལྟ་བ་འཛིན་གྱི་ཡོད་པའང་རྨེག་དུ་བཅོམ་པའི་གནས་ཚུལ་ཐོན། ཨ་རིའི་ཨོག་སི་ཡོ་གསར་འགྱུར་ལས་ཁང་གིས་ཧྥ་རན་སི་དང་འཇར་མན་ཎི། དབྱིན་ཇི་གསུམ་གྱིས་བདེ་འཇགས་སྲུང་སྐྱོབ་ཀྱི་འཆར་གཞི་གསར་པ་ཞིག་བཏོན་ཡོད་པ་གཞི་རྩར་བཟུང་སྟེ་ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀྱིས་ཞི་བའི་གྲོས་མོལ་བྱེད་ཐུབ་པ་ཞིག་ཏུ་འགྱུར་བའི་རེ་བ་ཡོད་སྲིད། ཧྥ་འཇར་དབྱིན་གསུམ་གྱིས་བཏོན་པའི་གྲོས་གཞིའི་ཁོངས་སུ་ནུབ་ཆིངས་ཀྱིས་ཡུཀ་རེན་ལ་ཨུ་རུ་སུའི་བཙན་འཛུལ་འགོག་པའི་མཚོན་ཆ་སྤྲོད་རྒྱུའི་གྲོས་མཐུན་འཇོག་རྒྱུ། ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀྱིས་ཞི་བའི་གྲོས་མོལ་བྱ་དགོས་པའི་ནན་སྐུལ་བྱས་འདུག་ཅེས་གནས་ཚུལ་སྤེལ། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུར་འགྱུར་བ་མེད། ཨུ་རུ་སུར་ནམ་ཡང་རྒྱལ་ཁ་ཐོབ་ཏུ་འཇུག་རྒྱུ་མིན་ཞེས་གཏམ་བཤད་བྱས་འདུག

XS
SM
MD
LG