ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༦/༡༩

གསལ་སྒྲོན་གྱིས་འཛམ་གླིང་རྐང་རྩེད་སྤོ་ལོའི་ཐད་ལ་དབྱེ་ཞིབ།


འཛམ་གླིང་གི་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཆེ་ཤོས་ཐེངས་དགུ་བ་དེ་ད་ལྟ་འཚོགས་བཞིན་པའི་སྒང་ཡིན་ལ། དེའི་ཁྲོད་དུ་ཁྱོན་སྡོམ་རུ་ཁག་༣༢་ཞུགས་པ་ལས་ད་ལྟ་མཐའ་མའི་འགྲན་སྡུར་གྱི་རུ་ཁག་བརྒྱད་མུ་མཐུད་དུ་འགྲན་སྡུར་བྱེད་བཞིན་ཡོད། བོད་རྒྱལ་ཡོངས་བུད་མེད་རྐང་སྤོལ་རུ་ཁག་གི་རྩེད་འགྲན་པ་གསལ་སྒྲོན་ལགས་ཀྱིས་བརྗོད་ན་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་རྒྱལ་སྤྱིའི་རྩེད་འགྲན་ཆེ་ཤོས་ཁག་ཏུ་མཉམ་ཞུགས་བྱེད་ཐུབ་ཀྱིན་མེད་པར་བློ་ཕམ་ཡོད་ཀྱང་། གཙོ་བོ་རང་གི་ཚོད་ཀྱིས་ཡར་རྒྱས་གཏོང་དགོས་པ་གལ་ཆེན་པོ་ཡིན་པ་རེད།

སྤྱི་ཟླ་༧་ཚེས་༢༠་ནས་སྤྱི་ཟླ་༨་ཚེས་༢༠་བར་སྟེ་ཟླ་གཅིག་རིང་ལ་རྒྱལ་སྤྱིའི་ནང་གི་བུད་མེད་ཀྱི་རྩེད་འགྲན་ཆེ་ཤོས་ཧྥི་ཧྥ་བུད་མེད་རྐང་རྩེད་སྤོ་ལོའི་འཛམ་གླིང་བུམ་པའམ FIFA Women’s World Cup ཞེས་པ་ཐེངས་དགུ་བ་དེ་ཨོ་གླིང་དང་ནེའུ་ཛི་ལན་ཌི་གཉིས་སུ་འཚོགས་བཞིན་པ་རེད་ལ། ད་ལྟ་རྩེད་འགྲན་ཕྱེད་ཀ་རྫོགས་ཟིན་པ་དང་མཐའ་མའི་རུ་ཁག་བརྒྱད་ཀྱི་ནང་དུ་སི་པཱན་དང་ནེར་ཌར་ལན་ཌི། ཉི་ཧོང་། སུད་ཝི་ཌན། ཨོ་གླིང་། དབྱིན་ཇི། ཀོ་ལིམ་པཱི་ཡཱ། ཧྥ་རན་སི་བཅས་ཚུད་ཡོད། ཡིན་ན་ཡང་འཛམ་གླིང་གི་ཧྥི་ཧྥ་བུད་མེད་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་བརྒྱད་འཚོགས་པའི་ཁྲོད་ནས་རྒྱལ་ཁའི་བུམ་པ་ཐེངས་བཞི་ལ་བླངས་མྱོང་བའི་ཨ་མེ་རི་ཀའི་བུད་མེད་རྐང་སྤོལ་རུ་ཁག་དེ་མཐའ་མའི་རུ་ཁག་བརྒྱད་ཀྱི་ནང་ལ་ཚུད་མེད་པ་ནི་གློ་ཡུལ་ལས་འདས་པ་ཞིག་ཡིན་པ་ལྟད་མོ་བ་མང་པོར་ཚོར་སྣང་བྱུང་ཡོད།

བསྟན་འཛིན་གསལ་སྒྲོན་ལགས།
བསྟན་འཛིན་གསལ་སྒྲོན་ལགས།

བསྟན་འཛིན་གསལ་སྒྲོན་ལགས་གྱིས་ད་ལོ་ཨ་རིའི་རྩེད་འགྲན་རུ་ཁག་ལ་ཕམ་ཉེས་བྱུང་དོན་རྒྱུ་མཚན་གཉིས་ཡོད་པ་གསུང་གི་འདུག དེ་ཡང་ཨ་རིའི་བུད་མེད་རྐང་སྤོལ་རུ་ཁག་གིས་ཨ་རིའི་ནང་གི་བུད་མེད་རྐང་སྤོལ་རྩེད་འགྲན་པ་ཚོར་སྐྱེས་པའི་རྩེད་འགྲན་པ་ལྟར་རིན་གོང་དང་རྒྱབ་སྐྱོར་རག་གི་མེད་པ་བརྟེན། བུད་མེད་ལུས་རྩལ་བ་ཚོས་ཐོབ་ཐང་འདྲ་མཉམ་དགོས་པར་ལས་འགུལ་བ་སྤེལ་བ་དང་རྩེད་འགྲན་པ་ཁ་ཤས་རུ་ཁག་ནས་ཕྱིར་འཐེན་བྱེད་པ། དེ་ལྟའི་དཀའ་རྙོག་བར་ནས་སྦྱོང་བརྡར་དུས་ཐོག་ལ་བྱུང་ཐུབ་མེད་པ་དེ་རྒྱུ་མཚན་དང་བོ་ཆགས་ཀི་ཡོད་པ་དང་། ཡང་དེ་སྔོན་སྤྱི་ལོ་༢༠༡༩་ལྟ་བུར་མཚོན་ན་རྩེད་འགྲན་ནང་ཞུགས་མཁན་འཛམ་གླིང་ཡོངས་ནས་རྒྱལ་ཁབ་༢༤་དང་ད་ལོ་རྒྱལ་ཁབ་༣༢་མཉམ་ཞུགས་བྱེད་བཞིན་པ་ཡིས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་རིམ་བཞིན་བུད་མེད་ཀྱི་རྐང་སྤོལ་རུ་ཁག་ལ་དོ་སྣང་དང་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་པ་ཡིས་སྤུས་ལེགས་རྩེད་མཁན་རུ་ཁག་ཇེ་མང་དུ་འགྲོ་བཞིན་པ་ནི་རྒྱུ་མཚན་གཉིས་པ་ཆགས་ཡོད་འདུག

སྤྱིར་འཛམ་གླིང་ཁྱོན་ཡོངས་སུ་བུད་མེད་ཀྱི་རྐང་སྤོལ་རྩེད་འགྲན་ལ་དོ་སྣང་དང་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་། ཡང་འཛམ་གླིང་གི་སྐྱེས་པའི་རྐང་རྩེད་སྤོ་ལོ་དང་བསྡུར་ན་ལོ་རྒྱུས་དང་གནས་སྟངས་སོགས་ཕྱོགས་ཡོངས་ནས་ད་དུང་མ་འདང་ས་མང་པོ་ཡོད་པ་མ་ཟད། ལྷག་པར་དུ་ཚོང་ར་དང་རིན་བབ་སོགས་ལ་ཧེ་བག་ཆེན་པོ་ཤོར་ཡོད་པ་རེད། དཔེར་ན་འཛམ་གླིང་གི་སྐྱེས་པའི་རྐང་སྤོལ་རྩེད་འགྲན་དང་བོ་དེ་སྤྱི་ལོ་༡༩༣༠་ལོར་འཚོགས་པ་དང་། ཡོངས་གྲགས་མིན་པའི་བུད་མེད་རྐང་སྤོལ་འགྲན་སྡུར་ཁ་ཤས་གཅིག་དགུ་བདུན་བཅུ་དོན་གྲངས་སུ་བྱུང་ཡོད་ཀྱང། ཧྥི་ཧྥ་རྩེད་རིགས་ལྷན་ཚོགས་ཀྱིས་ཡོངས་གྲགས་ངོས་འཛིན་ཡོད་པའི་ཧྥི་ཧྥ་བུད་མེད་ཀྱི་རྐང་སྤོལ་རྩེད་འགྲན་དང་བོ་དེ་སྤྱི་ལོ་༡༩༩༡་བར་དུ་འཚོགས་ཐུབ་མེད་པས། སྐྱེས་པ་དང་བུད་མེད་ཀྱི་འཛམ་གླིང་རྐང་སྤོལ་རྩེད་འགྲན་གྱི་བར་དུ་དུས་ཡུན་ཆ་ནས་དུས་རབས་ཕྱེད་ཀ་ལྷག་གི་བར་ཁྱད་ཤོར་ཡོད་འདུག བྱ་དགའི་རིན་བབ་ཀྱང་སྐྱེས་པ་ལ་ད་ལྟ་ཨ་སྒོར་ས་ཡ་༤༠༠་ལྷག་དང་བུད་མེད་ལ་ཨ་སྒོར་ས་ཡ་༡༥༠་ཙམ་ལས་མེད་པ། དེ་མིན་རྩེད་འགྲན་དྲིལ་བསྒྲགས་ཀྱི་ཆ་ནས་སྐྱེས་པའི་འགྲན་སྡུར་ལ་མ་རྩ་ཕོན་ཆེན་བཏང་ནས་དུས་ཡུན་རིང་བོར་དྲིལ་བསྒྲགས་སྤེལ་སྲོལ་ཡོད་པ་རེད། ཡང་འཛམ་གླིང་ཤར་ནུབ་ཀྱི་ཆ་ནས་བཤད་ན་ཡང་སྤྱིར་སྤྱི་ཚོགས་ནང་དུ་བུད་མེད་རྐང་སྤོལ་རྩེད་འགྲན་ལ་དོ་སྣང་ཆེན་པོ་ཡོད་ཀྱང་གཞུང་གི་ཁྲིམས་སྲོལ་དུ་བུད་མེད་རྩེད་འགྲན་པར་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་ཐུབ་མིན་གྱིས་གནས་ཚུལ་ཡང་བྱུང་གི་ཡོད་འདུག

ཡང་བསྟན་འཛིན་གསལ་སྒྲོན་ལགས་ཀྱི་རུ་ཁག་དགའ་ཤོས་ནི་ཧྥ་རན་སིའི་བུད་མེད་རྐང་སྤོལ་རུ་ཁག་ཡིན་པ་རེད་ལ། ཧྥ་རན་སིའི་རུ་ཁག་ནི་རྩེད་འགྲན་པ་ཕན་ཚུན་བར་དུ་གཞོགས་འདེགས་དང་རྒྱུད་སྤྲོད་བྱེད་པ་སོགས་མཉམ་རྩེད་ཀྱི་རྣམ་པ་འབུར་དུ་བཏོན་མཁན་ཞིག་རེད་ཅེས་བརྗོད་སོང་། ཡང་བསྟན་འཛིན་གསལ་སྒྲོན་ལགས་ནི་བོད་རྒྱལ་ཡོངས་བུད་མེད་རྐང་སྤོལ་རུ་ཁག་གི་རྩེད་འགྲན་པ་ཞིག་ཡིན་པས། ཁོང་གིས་བོད་རྒྱལ་ཁབ་ཀྱི་མིང་ཁུར་ནས་རྩེད་འགྲན་ཁྲོད་མཉམ་ཞུགས་བྱེད་ཐུབ་ཀི་མེད་པར་བློ་ཕམ་ཡོང་གི་ཡོད་ཀྱང་། གནས་བབ་འདིའི་ནང་ནས་རང་གིས་གང་འཇོན་པ་དང་གང་ཡོང་གི་ཡོད་པ་དེ་ལྟར་འབད་བརྩོན་དང་དཀའ་ལས་རྒྱག་དགོས་པ་དེ་ལས་ཀྱང་གལ་ཆེན་པོ་ཡིན་པ་ཡང་འགྲེལ་བརྗོད་གནང་སོང་།

XS
SM
MD
LG