ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༧/༡༥

ཨ་རིས་འགོག་ཁབ་གཉིས་པ་ཞིག་ལ་ཛ་དྲག་གི་ཆོག་མཆན་བཀོད་པ། 


༄༅།། ཨ་མི་རི་ཀའི་ཟས་རིགས་དང་སྨན་རྫས་སྟངས་འཛིན་ལས་ཁུངས་ཀྱིས་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་ཁབ་གསར་པ་དེ་ཛ་དྲག་གི་ནད་པ་ཚོར་རྒྱག་ཆོག་ཅེས་ཆོག་མཆན་བཀོད། འདི་ནི་བདུན་ཕྲག་སྔོན་མར་ཨ་རིའི་གཞུང་གིས་ཧྥེ་ཛ་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་རྒྱག་ཆོག་པའི་ཆོག་མཆན་བཀོད་ནས་བཟུང་། ཨ་རིའི་གཞུང་གིས་སླར་ཡང་འགོག་ཁབ་གཉིས་པ་ཞིག་ལ་ཆོག་མཆན་བཀོད་པ་ཞིག་ཡིན་ཞིང་། ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་ཟས་རིགས་དང་སྨན་རྫས་སྟངས་འཛིན་ལས་ཁུངས་ཀྱི་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་སྨན་པ་མཁས་པ་༢༠་ཐམ་པས་སྤྱི་མོས་ཐོག་ཏུ་མོར་ཌེ་ན་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་དེ་བཀོལ་སྤྱོད་བྱེད་ཆོག་གི་འདུག་ཅེས་རྒྱབ་སྐྱོར་ཐོབ། གཟའ་མཇུག་འདི་ནས་ཨ་མི་རི་ཀའི་སྨན་ཁང་ཁག་ལ་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་གསར་པ་སྐྱེལ་འདྲེན་བྱ་རྒྱུའི་གྲ་སྒྲིག་བྱེད་འགོ་ཚུགས་འདུག ཨ་མི་རི་ཀའི་སྨན་པ་མཁས་པ་ཚོས་ཧྥེ་ཛར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་དང་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་གཉིས་ལ་ཕན་ནུས་བརྒྱ་ཆ་༩༥་ལྷག་ཡོད་པ་གཅིག་མཚུངས་རེད། འགོག་ཁབ་གཉིས་ཀ་མི་རེར་ཐེངས་གཉིས་རེ་རྒྱག་དགོས་པ་དང་བར་དེར་དུས་ཡུན་བདུན་ཕྲག་གཉིས་གསུམ་རེ་སྒུག་དགོས་པ་གཅིག་མཚུངས་རེད། འགོག་ཁབ་བརྒྱབ་པའི་རྗེས་སུ་མི་དེ་ལུས་ཐང་ཆད་པ་དང་མགོ་ན་བ། རུས་ཟུག་རྒྱག་པ་སོགས་ཆམ་རིམས་ལྕི་མོ་ཕོག་པའི་དུས་ལྟར་ཞོར་གནོད་ཡོད་པའང་གཅིག་མཚུངས་རེད། རྟག་ཏུ་འགོག་ཁབ་དང་སྨན་རིགས་མང་ཆེ་བ་འཕྲོད་ཀྱི་མེད་པའི་མི་ཚོར་ཞོར་གནོད་ཅུང་ཙམ་ཆེ་བ་ཡོད་པའང་གཅིག་མཚུངས་ཡིན་པས་དོ་བདག་སོ་སོས་གཟབ་གཟབ་བྱ་གལ་ཆེ་ཞེས་ལམ་སྟོན་བྱས་འདུག

ཨ་མི་རི་ཀའི་ཟས་རིགས་དང་སྨན་རྫས་སྟངས་འཛིན་ལས་ཁུངས་ཀྱིས་བཟའ་བཏུང་གི་རིགས་དང་སྨན་རྫས་གསར་པའི་རིགས་ཁྲོམ་རའི་ནང་དུ་ཚོང་འགྲེམ་མ་བྱས་སྔོན་དུ་ཐོན་སྐྱེད་གསར་པ་དེའི་ཕན་གནོད་ལ་བརྟག་དཔྱད་བྱེད་ཀྱི་ཡོད་པ་སྟེ། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་གསར་བཟོ་བྱས་པའི་སྨན་དང་འགོག་ཁབ། ཕྱིའི་རྒྱལ་ཁབ་ཁག་གིས་བཟོས་པའི་སྨན་དང་འགོག་ཁབ་རྣམས་ཨ་མི་རི་ཀའི་ཁྲོམ་རའི་ནང་དུ་ཚོང་འགྲེམ་བྱེད་ཆོག་མིན་རྣམས་ཨ་རིའི་ཟས་རིགས་དང་སྨན་རྫས་སྟངས་འཛིན་ལས་ཁུངས་ཀྱིས་ཐག་གཅོད་བྱེད་ཀྱི་ཡོད་ཅིང་། བདུན་ཕྲག་འདིར་ཨ་རིའི་ཟས་རིགས་དང་སྨན་རྫས་སྟངས་འཛིན་ལས་ཁུངས་ཀྱིས་ཆོག་མཆན་བཀོད་པའི་རྗེས་སུ་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་འགོག་ཁབ་༦༠༠༠༠༠༠་སྐྱེལ་འདྲེན་བྱེད་ཆོག་ཆོག་ཡོད་འདུག ཨ་རིའི་ཟས་རིགས་དང་སྨན་རྫས་སྟངས་འཛིན་ལས་ཁུངས་ཀྱི་སློབ་སྟོན་པ་ཁག་ཅིག་གིས་ཧྥེ་ཛར་དང་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀྱིས་བཟོས་པའི་འགོག་ཁབ་དེ་ཚོར་མཐའ་མའི་ཆོག་མཆན་བཀོད་པ་ཞིག་མིན། དེང་སྐབས་ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་དཀའ་ངལ་ཚབས་ཆེན་ཞིག་འཕྲད་བཞིན་པ་དང་ཉིན་ལྟར་མི་སྟོང་རེ་ཟུང་ལ་འཆི་སྐྱོན་འཕོག་གི་ཡོད་པ། མི་འབུམ་ཕྲག་རེ་ཟུང་ལ་ནད་དུག་འགོ་བཞིན་པ་མགོ་བོ་འཇོམས་ཐབས་སུ་འགོག་ཁབ་དེ་དག་ཛ་དྲག་གི་སྒོ་ནས་རྒྱག་ཆོག་པའི་ཆོག་མཆན་བཀོད་པ་ཡིན། ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་མགོ་བོ་འཇོམས་པའི་རྗེས་སུ་འགོག་ཁབ་དེ་དག་ཚོད་ལྟ་རིམ་པ་གསུམ་བརྒྱུད་ནས་བརྟག་དཔྱད་བྱས་པའི་གཞི་གྲངས་ཁག་ལ་བརྟག་དཔྱད་དང་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱ་དགོས། འགོག་ཁབ་དེ་དག་གི་ཕན་ནུས་དང་ཞོར་གནོད། མི་ལ་ཡུན་རིང་གི་གནོད་འཚེ་ཡོད་མེད་རྣམས་ཞིབ་ཕྲ་ཞིག་བལྟ་དགོས། ང་ཚོས་ཛ་དྲག་གི་ཆོག་མཆན་འགོད་ཀྱི་ཡོད་པ་དང་དུས་རྒྱུན་གྱི་འགོག་ཁབ་དང་སྨན་གསར་པ་ཁག་ལ་ཆོག་མཆན་འགོད་ཀྱི་ཡོད་པ་གཉིས་ལ་ཁྱད་པར་ཤེས་རྟོགས་ཐུབ་ཏུ་འཇུག་དགོས་ཞེས་བསམ་འཆར་བཤད་འདུག

སྤྱིར་འགོག་ཁབ་གསར་པ་ཞིག་བཟོ་བར་ཉུང་མཐར་ཡང་ལོ་༥་ནས་ལོ་༡༠་ཡས་མས་རེ་འགོར་གྱི་ཡོད་། དེའི་རྒྱུ་མཚན་ནི་འགོག་ཁབ་གསར་པ་ཞིག་ཐོན་པའི་རྗེས་སུ་ལོ་ཤས་རིང་རྒྱལ་ཁབ་འདྲ་མིན་དང་མི་རིགས་འདྲ་མིན། ཕོ་མོ་གཉིས་དང་རྒན་གཞོན་བར་གསུམ། སྔོན་ནས་ན་ཚ་ཅི་རིགས་ཡོད་པ་དང་སྦྲུམ་མ་བཅས་ལ་འགོག་ཁབ་གསར་པ་དེ་བརྒྱབ་ནས་དུས་ཡུན་རིང་པོར་ཚོད་ལྟ་བྱ་རྒྱུ། མི་ལ་འགོག་ཁབ་གསར་པ་དེ་བརྒྱབ་པའི་རྗེས་སུ་གནོད་འཚེ་ཡོད་མེད་ལོ་དང་ཟླ་བ་བསྟུད་ནས་བརྟག་དཔྱད་བྱ་དགོས། ད་ལོ་འཛམ་གླིང་ཡོངས་སུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་ཨ་མི་རི་ཀ་གཅིག་པུར་ནད་དུག་འགོས་པའི་ནད་པ་༡༧༠༠༠༠༠༠་ལྷག་བྱུང་བ་དང་མི་༣༡༠༠༠༠་ལྷག་ལ་འཆི་སྐྱོན་བྱུང་བ། དེ་བཞིན་འཛམ་གླིང་རྒྱལ་ཁབ་གཞན་ཁག་ལའང་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པས་ཏོག་དབྱིབས་ནད་དུག་གི་འགོག་ཁབ་འདི་ཟླ་བ་༨་ཀྱི་ནང་དུ་བཟོ་སྐྲུན་ཟིན། ཧྥེ་ཛར་དང་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀྱིས་བཟོས་པའི་འགོག་ཁབ་གསར་པ་དེ་དག་མི་ལ་བརྒྱབ་ནས་ཚོད་ལྟ་རིམ་པ་གསུམ་བྱས་ཀྱང་ཡུན་རིང་གི་གནོད་འཚེ་ཡོད་མེད་ངང་སྒུག་བྱེད་པའི་དུས་ཚོད་བྱུང་མེད། དེས་ན་ཨ་རིའི་ཟས་རིགས་དང་སྨན་རྫས་སྟངས་འཛིན་ལས་ཁུངས་ཀྱི་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་སྨན་པ་མཁས་པ་ཚོས་ཧྥེ་ཛར་དང་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀྱིས་བཟོས་པའི་འགོག་ཁབ་དེ་དག་གནས་སྐབས་རིང་ཛ་དྲག་གི་སྒོ་ནས་བེད་སྤྱོད་བྱེད་ཆོག་པའི་ཆོག་མཆན་བཀོད་པ་ཡིན་འདུག ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་ལ་འགོག་ཁབ་བཟོས་ནས་ལོ་༡༠༠་ལྷག་ཕྱིན་པའི་ལོ་རྒྱུས་ཡོད་ཀྱང་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་ཁག་གིས་དེ་སྔོན་འགོག་ཁབ་གཅིག་ཀྱང་བཟོས་མྱོང་མེད། འོན་ཀྱང་ཧྥེ་ཛར་དང་མོ་ཌེར་ན་བཟོ་ཚོང་ཁང་གཉིས་ཀས་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་ཁབ་བཟོ་སྟངས་དེའི་འཕྲུལ་རིག་ལག་རྩལ་ནི་གཅིག་མཚུངས་ཡིན་པར་མ་ཟད། ཧྥེ་ཛར་དང་མོ་ཌེར་ན་གཉིས་ཀས་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་སྨན་སྦྱོར་གྱི་འཕྲུལ་རིག་ལག་རྩལ་འདི་འཛམ་གླིང་ལ་གསར་དུ་དར་ནས་ལོ་༡༠་ཡས་མས་ཤིག་ལས་ཕྱིན་མེད་པ་རེད།།

ཨ་མི་རི་ཀའི་ཟས་རིགས་དང་སྨན་རྫས་སྟངས་འཛིན་ལས་ཁུངས་ཀྱིས་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་ནི་ནད་པ་ལོ་ན་༡༦་ཡན་ཆད་ཀྱི་ཛ་དྲག་ཅན་ཚོར་རྒྱག་ཆོག་པ་དང་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་གི་འགོག་ཁབ་ནི་ནད་པ་ལོ་ན་༡༨་ཡན་ཆད་ཀྱི་ཛ་དྲག་ཅན་ཚོར་རྒྱག་རྒྱུ། མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གིས་བྱིས་པ་ལོ་ན་༡༢་ནས་༡༧་བར་གྱི་ནད་པ་ཚོར་ཏོག་དབྱིབས་ནད་དུག་འགོག་བཅོས་ཀྱི་སྨན་ཁབ་བརྒྱབ་ནས་ཕན་གནོད་ཅི་འབྱུང་ཚོད་ལྟ་བྱ་རྒྱུའི་འཆར་འགོད་བྱས་འདུག ཨ་རིའི་ནད་རིགས་དང་འགོས་ནད་སྔོན་འགོག་ཁང་གི་སྨན་པ་ཁུ་རི་ལ་ཞེས་པ་ཞིག་གིས་འགོག་ཁབ་གཉིས་ཀ་ལོ་ན་༡༨་ཡན་ཆད་ཀྱི་ནད་པ་ཚོར་རྒྱག་དགོས། ལོ་ན་༡༨་མན་ཆད་ཀྱི་ནད་པ་ཚོར་ཛ་དྲག་གི་འགོག་ཁབ་འདི་རྒྱག་རྒྱུར་བློ་བདེ་བོ་མི་འདུག དེང་སྐབས་ནད་ཡམས་ཚབས་ཆེན་ཞིག་ཁྱབ་གདལ་འགྲོ་བཞིན་པའི་དུས་འདིར་ང་ཚོར་འགོག་ཁབ་མེད་པར་འུ་ཐུག་གི་གནས་སུ་ལྷུང་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་ལོ་ན་༡༨་ཡན་ཆད་ཀྱི་ནད་པ་ཛ་དྲག་ཅན་ཚོར་འགོག་ཁབ་རྒྱག་ཆོག་པའི་ཆོག་མཆན་བཀོད་པ་རེད། ང་ནི་འགོག་ཁབ་གསར་པ་འདིར་བློ་བདེ་བོ་ཞིག་གཏན་ནས་མི་འདུག འགོག་ཁབ་གསར་པ་འདི་དག་གི་གནས་སྐབས་ཀྱི་ཁེ་ཕན་དང་ཕུགས་ཀྱི་གནོད་པ་གཉིས་བསྡུར་ན་བློ་འཚབ་ཆེན་པོ་བྱ་དགོས་པ་ཞིག་རེད་ཅེས་བསམ་འཆར་བཤད་འདུག ཨ་མི་རི་ཀའི་ནད་རིགས་དང་འགོས་ནད་སྔོན་འགོག་ཁང་གིས་མངའ་སྡེ་ཁག་ལ་ཛ་དྲག་གི་དགོས་མཁོའི་ཆེད་དུ་བགོ་འགྲེམ་བྱས་པའི་འགོག་ཁབ་རྣམས་སྨན་པ་དང་སྨན་ཞབས་པ། སྨན་ཁང་ཁག་གི་ལས་བྱེད་པ་སོགས་ཉིན་ལྟར་ནད་དུག་འགོག་བཅོས་ཀྱི་མདུན་སར་ཐོན་ཡོད་པའི་འཕྲོད་བསྟེན་ལས་སྣེ་ཚོར་རྒྱག་དགོས། གལ་སྲིད་མངའ་སྡེ་ཁག་ལ་དགོས་མཁོ་ཡོད་ན་རྒན་གསོ་ཁང་གི་བགྲེས་སོང་རྣམས་ལའང་ཛ་དྲག་གི་འགོག་ཁབ་རྒྱག་ཆོག མཐའ་མའི་ཐག་གཅོད་ནི་མངའ་སྡེ་སོ་སོས་བྱ་དགོས་ཞེས་ལམ་སྟོན་བྱས་འདུག ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་དེ་ཀླད་གོར་མན་ཆད་ཀྱི་གྲང་ཚད་སེལ་སི་༧༥་ལྷག་གི་གྲང་ཚད་ཀྱི་འཁྱག་སྒམ་ནང་དུ་བཞག་ནས་སྐྱེལ་འདྲེན་དང་ཉར་འཇོག་བྱ་དགོས་ཤིང་། མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་དེ་སྤྱི་མཚུངས་ཀྱི་འཁྱག་སྒམ་ནང་དུ་བཞག་ནས་སྐྱེལ་འདྲེན་དང་ཉར་འཇོག་བྱེད་ཆོག་གི་འདུག

ཨ་མི་རི་ཀའི་ཟས་རིགས་དང་སྨན་རྫས་སྟངས་འཛིན་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། འགོག་ཁབ་གསར་པ་འདི་ཚོ་མི་ལ་བརྒྱབ་ནས་ཚོད་ལྟ་བྱས་པའི་རྒྱུད་རིམ་ཁྲོད་དུ་མི་༡༣་ལ་འཆི་སྐྱོན་བྱུང་འདུག འཆི་སྐྱོན་བྱུང་བ་དེ་དག་གི་གྲས་ཀྱི་མི་༢་ལོ་ན་༧༥་ཡན་ཆད་དང་སྔོན་ནས་ན་ཚ་ཡོད་པ་ཞིག་རེད་ཅེས་བསྟན། ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གི་ལས་སྣེ་ཚོས་མི་ལ་འཆི་སྐྱོན་བྱུང་བ་དེ་རྣམས་འགོག་ཁབ་བརྒྱབ་ནས་འཆི་སྐྱོན་བྱུང་བ་ཡིན་མིན་ཞིབ་འཇུག་བྱེད་བཞིན་ཡོད། མི་ཁག་ཅིག་ལ་གཏན་ནས་སྨན་དང་ཁབ་སོགས་མ་འཕྲོད་པར་འཆི་སྐྱོན་འབྱུང་གི་ཡོད་པ་ཇི་སྙེད་ཅིག་འདུག ང་ཚོས་རང་གི་ཚོད་ལྟའི་གཞི་གྲངས་ཁག་ལ་ཞིབ་འཇུག་བྱས་ནས་ལེགས་བཅོས་གཏོང་རྒྱུའི་གྲ་སྒྲིག་ཡོད་ཅེས་བསྒྲགས། ཨ་མི་རི་ཀའི་དབུས་གཞུང་གིས་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་དུང་ཕྱུར་གཅིག་ཉོ་རྒྱུའི་གསལ་བསྒྲགས་སྤེལ། མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་རེ་ལ་ཨ་སྒོར་༣༢་ནས་ཨ་སྒོར་༣༧་ཡས་མས་རིན་གོང་རྒྱག་གི་ཡོད་པ་དང་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་ལའང་རིན་གོང་གཅིག་མཚུངས་ཤིག་ཡིན་ཤས་ཆེ། ཨ་རིའི་མི་དམངས་རྣམས་འགོག་ཁབ་གསར་པ་འདིར་ཡིད་ཆེས་སླེབས་པའི་ཆེད་དུ་དེ་རིང་ཕྱི་ཟླ་༡༢་པའི་ཚེས་༡༨་ཉིན་སྲིད་འཛིན་གཞོན་པ་མེཀ་ཕེན་སིས་གསར་འགོད་པའི་མདུན་དུ་ཡོངས་གྲགས་སུ་འགོག་ཁབ་རྒྱུག་རྒྱུ། སྲིད་འཛིན་ཟུར་པ་ཨོ་བྷ་མ་དང་འཇོར་ཇཱི་བྷུ་ཤི། བྷིལ་ཁེ་ལིན་ཊོན་གསུམ་གྱིས་ཀྱང་གསར་འགོད་པའི་མདུན་དུ་འགོག་ཁབ་བརྒྱབ་ནས་མི་དམངས་ལ་མིག་དཔེ་སྟོན་རྒྱུ། ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་དང་འདེམས་ཐོན་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་རྣམ་གཉིས་ཀྱིས་ཀྱང་མྱུར་དུ་གསར་འགོད་པའི་མདུན་དུ་ཡོངས་གྲགས་སུ་འགོག་ཁབ་བརྒྱབ་ནས་མི་དམངས་ལ་བློ་དོགས་ཡོད་པ་སེལ་ཐབས་བྱ་འཆར་ཡོད་པ་རེད།།

XS
SM
MD
LG