ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཕུ་ཊིན་གྱིས་དམག་དཔོན་ཁག་འཕོ་འགྱུར་གཏོང་བ་ནི་འུ་ཐུག་པ་རེད་ཟེར། 


༄༅།། གཟའ་འཁོར་འདིར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ནས་ཡུཀ་རེན་གྱི་དམག་འཁྲུག་གི་སྤྱི་ཁྱབ་བཀོད་འདོམས་པར་འཕོ་འགྱུར་བཏང་བ་ནི་འུ་ཐུག་ཐབས་ཟད་དུ་གྱུར་ཡོད་པའི་རྟགས་མཚན་ཡིན་ཞིང་། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་སྟེ་ཕུ་ཊིན་གྱིས་དམག་འཁྲུག་གི་བཀོད་འདོམས་པ་ཐེངས་གསུམ་ལ་འཕོ་འགྱུར་བཏང་བ་རེད་ཅེས་ཨ་མི་རི་ཀའི་ཉམས་ཞིབ་པ་ཚོས་གསལ་སྟོན་བྱས་འདུག ཕྱི་ཟླ་དང་པོའི་ཚེས་༡༦་ཉིན་ཨ་རིའི་ཧིལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་གྱིས་ཨུ་རུ་སུའི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཟུར་པ་དམག་སྤྱི་ཇཱི་ར་སི་མོབ་དམག་འཁྲུག་གི་བཀོད་འདོམས་པར་བསྐོ་བཞག་བྱས་པ་ནི་ཨུ་རུ་སུའི་དམག་ལ་ཕམ་ཉེས་ཚབས་ཆེན་བྱུང་སྟེ་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་ཡོད་པའི་རྟགས་སུ་མངོན། ཁ་སྔོན་ཕྱི་ཟླ་༡༠་པའི་ནང་དུ་ཕུ་ཊིན་ནས་དམག་སྤྱི་སུ་རོ་ཝི་ཀིན་དམག་འཁྲུག་གི་བཀོད་འདོམས་པར་བསྐོས་ཀྱང་བདུན་ཕྲག་འདིར་གོ་གནས་ཕབ་སྟེ་དམག་འཁྲུག་གི་གྲུབ་འབྲས་ལ་ཕུ་ཊིན་བློ་ཁ་ཚིམས་པ་ཞིག་མ་བྱུང་བ་རེད་ཅེས་གནས་ཚུལ་སྤེལ། སྔོན་ཆད་ཡུཀ་རེན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་ཟུར་པ་ཝི་ལིམ་ཊེ་ལར་གྱིས་ཨུ་རུ་སུར་དམག་འཁྲུག་གི་ཕམ་ཉེས་བྱུང་སྟེ་ཕུ་ཊིན་གྱི་མངོན་འདོད་མ་གྲུབ། ཨུ་རུ་སུའི་དམག་ལ་ཅི་ཙམ་ཕམ་ཉེས་བྱུང་ན་ཕུ་ཊིན་གྱིས་དམག་དཔོན་ཚོར་འཕོ་འགྱུར་གཏོང་གི་འདུག ཨུ་རུ་སུའི་དམག་གི་སྒྲིག་འཛུགས་དང་ལོ་རྒྱུས། ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པ་བཅས་ཀྱིས་དམག་འཁྲུག་རྒྱག་ཐུབ་པའི་སྟོབས་ཤུགས་ཞན། ཕུ་ཊིན་གྱིས་དམག་འཁྲུག་གི་བཀོད་འདོམས་པ་རྣམས་འཕོ་འགྱུར་ཅི་ཙམ་བཏང་རུང་ཨུ་རུ་སུའི་དམག་ལ་རྒྱལ་ཁ་ཐོབ་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད་ཅེས་བསྟན། འདས་པའི་ཟླ་བ་མང་པོར་ཨུ་རུ་སུའི་དམག་ལ་ཡུཀ་རེན་གྱི་ལྷོ་ཕྱོགས་དང་ཤར་ཕྱོགས་སུ་ཕམ་ཉེས་འབའ་ཞིག་བྱུང་། ཐ་ན་ཡུཀ་རེན་ཤར་ཕྱོགས་ཀྱི་ཌོ་ནེ་ཛིཀ་ས་ཁུལ་དུ་ཆགས་པའི་སོ་ལེ་དྷར་ཚྭ་གཏེར་གྲོང་རྡལ་ཆུང་ཆུང་དེ་ལེན་པར་བདུན་འགའ་མང་པོ་འགོར་ཡོད་པའི་གནས་ཚུལ་ཐོན།།

ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་དམག་སྤྱི་ཕེ་ཊི་རེ་ཌར་གྱིས་བཤད་པ་ལྟར་ན། ཡུཀ་རེན་ལ་བཙན་འཛུལ་བྱུང་ནས་ལོ་གཅིག་འཁོར་གྲབས་ཡོད་པའི་མཚམས་འདིར་ཕུ་ཊིན་གྱི་ཐག་གཅོད་ཁག་གིས་ཨུ་རུ་སུར་དམག་སྐུལ་འཐབ་ཇུས་དང་འགོ་ཁྲིད། དམག་གི་གྲངས་འབོར་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་ར་འཕྲོད། དམག་སྤྱི་ཇཱི་ར་སི་མོབ་དམག་འཁྲུག་གི་བཀོད་འདོམས་པར་བསྐོ་བཞག་བྱས་ཀྱང་ཨུ་རུ་སུར་ཐོག་མ་ནས་དཀའ་ངལ་རིམ་པ་ཞིག་འཕྲད་ཀྱི་ཡོད་པ་རྣམས་སེལ་ཐུབ་རྒྱུ་ཁག་པོ་རེད། ཨུ་རུ་སུའི་དམག་གི་སྤྱི་ཡོངས་འཐབ་ཇུས་ཞིབ་ཚགས་མེད་པ་དང་བཀོད་འདོམས་པ་རྣམས་མཉམ་འབྲེལ་མ་ཐུབ། ཨུ་རུ་སུའི་དམག་ལ་འཐབ་འཁྲུག་གི་དཀའ་ངལ་འཕྲད་རྒྱུ་ཡིན་པ་སྔོན་འགོག་མ་ཐུབ་དང་དཀའ་ངལ་འཕྲད་བཞིན་པ་རྣམས་སེལ་ཐབས་མ་རྙེད། ཨུ་རུ་སུའི་དམག་དཔུང་དཔའ་ཞུམ་སྟེ་འཐབ་ཇུས་རྣམས་ལག་ལེན་བསྟར་ཐུབ་ཀྱི་མེད་པའི་དཀའ་ངལ་རྣམས་སོར་གནས་རེད་ཅེས་བཀྲལ། དེ་བཞིན་དབྱིན་ཇིའི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཟུར་པ་དམག་སྤྱི་ཌན་ན་ཏས་ཀྱང་ཕུ་ཊིན་ནས་ཟླ་བ་གསུམ་གྱི་རྗེས་སུ་དམག་སྤྱི་སུ་རོ་ཝི་ཀིན་འཕོ་འགྱུར་བཏང་སྟེ་དེའི་ཚབ་ཏུ་དམག་སྤྱི་ཇཱི་ར་སི་མོབ་བསྐོས་པ་འུ་ཐུག་པའི་རྟགས་མཚན་རེད་ཅེས་བཤད། ཡུཀ་རེན་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱི་མགྲིན་ཚབ་པ་ཨ་ཌི་རི་ཡུ་སོབ་ཀྱིས་དམག་སྤྱི་ཇཱི་ར་སི་མོབ་ཀྱི་ལས་འགན་གཙོ་བོ་ནི་ལོ་རྗེས་མའི་དཔྱིད་ཀ་བར་དུ་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཌོན་བྷ་སི་མངའ་ཁུལ་ལེན་དགོས་པ་རེད། ཕུ་ཊིན་གྱིས་དོན་དངོས་ལ་བལྟ་ཐུབ་ཀྱི་མི་འདུག་ཅེས་བསྟན།།

སྔོན་ཆད་ཡུཀ་རེན་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པ་ཟུར་པ་གཞན་པ་སྟེ། ཧར་བྷ་སི་ཏ་ཞེས་པ་ཞིག་གིས་ཀྱང་ཧིལ་གསར་ཁང་གི་གསར་འགོད་པར་གླེང་མོལ་བྱས་པ་ལྟར་ན། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུར་ཕམ་ཉེས་བྱུང་བ་དང་དམག་འཁྲུག་གི་བཀོད་འདོམས་པ་ཚོར་འཕོ་འགྱུར་བཏང་རུང་རྒྱལ་ཁབ་དེ་ཉེན་ཁ་ཆུང་བ་ཞིག་ཏུ་འགྱུར་དཀའ། ཨུ་རུ་སུའི་དམག་མིར་འཇོན་ཐང་མེད་པར་རྔོ་ལོ་ཕྱར་བ་རྣམས་ཀུན་གྱིས་མཐོང་བ་རེད། ཡིན་ནའང་ངས་ཨུ་རུ་སུ་ཉེན་ཁ་མེད་པ་ཞིག་རེད་ཟེར་གྱི་མིན། ད་དུང་ཡང་ཨུ་རུ་སུར་མཚོན་ཆ་དང་དམག་དོན་ཡོ་བྱད་མང་པོ་ཡོད་པར་མ་ཟད། སྒྱོགས་མདེལ་དང་མདེའུ་ཧ་ཅང་མང་པོ་འདུག ཁོ་ཚོས་ཡུཀ་རེན་ལ་གཏོར་རྒོལ་ཚབས་ཆེན་བྱེད་ཐུབ། ཨུ་རུ་སུར་མི་གྲངས་ཡུཀ་རེན་ལས་མང་བ་ཡོད་པ་དང་ཕུ་ཊིན་གྱིས་ས་ཆ་ཆུང་ཆུང་ཞིག་གི་དོན་དུ་དམག་མི་གསོད་དུ་འཇུག་རྒྱུར་འཛེམ་ཟོན་བྱེད་མི་སྲིད། ཕུ་ཊིན་ལ་ཨུ་རུ་སུའི་རྒྱལ་ནང་དུ་སྐྱོན་བརྗོད་ཕོག་གི་ཡོད་པས་དམག་གི་འགོ་ཁྲིད་ཚོར་འཕོ་འགྱུར་བཏང་བ་རེད། ཁོ་པས་ཇུས་ཉེས་ཀྱི་ལན་ཁག་རྣམས་མི་གཞན་ལ་དཀྲིས་ཏེ་སོ་སོར་སྐྱོན་བརྗོད་འཕོག་ཏུ་འཇུག་གི་མེད་པ་རེད་ཅེས་སྨྲས། ཉེ་དུས་ཤིག་ནས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་མི་དམངས་དཀྱུས་མ་འདུག་སའི་ཁང་ཆེན་ཁག་དང་གློག་ཁང་། སྨན་ཁང་དང་སློབ་གྲྭ རྒྱལ་ཁབ་དེའི་ཟམ་པ་དང་རྒྱ་ལམ་སོགས་ལ་གཏོར་རྒོལ་བྱས་ནས་དམག་སར་ཕམ་ཉེས་བྱུང་བའི་དགྲ་ལན་སློག་ཐབས་སུ་འབད། དཔེར་ན་ཁ་སང་གཅིག་པུར་ཨུ་རུ་སུས་འཕུར་མདེལ་འཕངས་ནས་བྱིས་པ་གསུམ་ཚུད་པའི་ཡུཀ་རེན་གྱི་མི་དམངས་དཀྱུས་མ་༤༠་བསད་པའི་གནས་ཚུལ་ཐོན།།
ཕྱི་ཟླ་དང་པོའི་ཚེས་༡༤་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་དམག་དཔུང་བཀོད་འདོམས་པ་ཟུར་པ་ཨི་གྷོར་གྷིར་ཀིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་རྒྱག་གི་ཡོད་པ་སྔར་བཞིན་རྒྱུན་སྐྱོང་གི་འདུག ཨུ་རུ་སུར་ནང་འཁྲུག་ལངས་ནས་མི་ས་ཡ་མང་པོར་བསད་རྨས་འབྱུང་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། ནང་འཁྲུག་ལ་རིགས་སྣ་ཚོགས་ཤིག་ཡོད་པ་དང་དགུན་གྱི་དུས་སུ་ནང་འཁྲུག་ལངས་ན་ཉི་མ་གསུམ་གྱི་ནང་དུ་ཨུ་རུ་སུ་ཁ་འཐོར་དགུ་འཐོར་དུ་གཏོང་ཐུབ་ཅེས་ཉེན་བརྡ་བཏང་འདུག ཁ་སྔོན་ཕྱི་ཟླ་༡༠་པའི་ནང་དུ་ཨུ་རུ་སུའི་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་དང་དེང་སྐབས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པར་གྱུར་པའི་མར་ཁེ་ཧྥེ་གྷིན་གྱིས་གཟའ་འཁོར་གསར་འགྱུར་དུས་དེབ་ཀྱི་གསར་འགོད་པར་ཡུཀ་རེན་ལ་དམག་འཁྲུག་བརྒྱབ་ནས་ཨུ་རུ་སུར་ཕྱོགས་ཡོངས་ནས་ཕམ་ཉེས་བྱུང་ཚེ། ཨུ་རུ་སུར་མི་གསོད་ཁྲག་སྦྱོར་གྱི་ནང་འཁྲུག་ཆེན་པོ་ལངས་ནས་ཤོག་ཁག་ཆད། ས་གནས་ཁག་གི་སྲིད་དབང་འཛིན་པ་ཚོར་དབང་ཆའི་འཐབ་རྩོད་འབྱུང་ཤས་ཆེ། ཨུ་རུ་སུར་ནང་འཁྲུག་ལང་རྒྱུ་ཡིན་མིན་ནི་ཡུཀ་རེན་གྱི་དམག་འཁྲུག་གི་མཇུག་འབྲས་ལ་ཐུག་ཡོད། ཡུཀ་རེན་གྱི་དམག་གིས་ཁར་སན་དང་ཛ་པོ་རི་ཤི་ཡ། ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ་ས་གནས་རྣམས་བཅིངས་འགྲོལ་བཏང་ན་ཁེ་རེ་མཱི་ཡ་གླིང་ཟུར་ཕྱིར་ལེན་མ་བྱས་ཀྱང་ཕུ་ཊིན་གྱི་སྲིད་དབང་མགོ་རྟིང་སློག་ཐུབ། ཨུ་རུ་སུར་ནང་འཁྲུག་ལང་སྲིད་པ་འགོག་ཐབས་བདེ་ཤོས་ནི་ཕུ་ཊིན་གནས་དབྱུང་བཏང་སྟེ་འགོ་ཁྲིད་གསར་པ་ཞིག་བསྐོ་དགོས། འགོ་ཁྲིད་གསར་པ་དེས་ཡུཀ་རེན་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་གྲོས་མོལ་བྱས་ནས་དམག་འཁྲུག་མཇུག་སྒྲིལ་ཐུབ་ཅེས་བཤད། ཕྱི་ཟླ་༡༡་པའི་ནང་དུ་ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱི་ཡིག་ཆ་ཞིག་ཕྱི་ལ་འཁྱར་བ་དེར་ནང་འཁྲུག་ལང་རྒྱུའི་ཉེན་ཁ་ཆེན་པོ་འདུག་ཅེས་འཁོད་ཡོད་པའི་གནས་ཚུལ་ཐོན་འདུག

ཕུ་ཊིན་གྱིས་ཨུ་རུ་སུའི་གཞུང་དམག་གི་སྟེང་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཝེ་གྷ་ནར་སྒེར་དམག་ཚོགས་པའི་འཐབ་མོ་བ་རྣམས་གཏོང་གི་ཡོད་ཅིང་། ཕྱི་ཟླ་དང་པོའི་ཚེས་༡༦་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་གྱི་སྒེར་དམག་ཝེ་གྷ་ནར་སྒྲིག་འཛུགས་ཀྱི་དམག་དཔོན་ཨན་ཌི་རི་མེ་ཌི་ཝེ་ཌེབ་ཟེར་བ་ཞིག་བྲོས་བྱོལ་དུ་སོང་ནས་ཡུ་རོབ་རྒྱལ་ཁབ་ནོར་ཝེ་ལ་སྐྱབས་བཅོལ་ཞུས། མེ་ཌི་ཝེ་ཌེབ་ཀྱིས་ང་ཚོ་ནི་སྒྱོགས་མདེལ་ལྟར་དམག་འཁྲུག་གི་མདུན་དུ་འདེད་ཀྱི་འདུག ངས་༢༠༢༢་ཀྱི་ཕྱི་ཟླ་༧་པའི་ཚེས་༦་ཉིན་ཝེ་གྷ་ནར་སྒེར་དམག་ཚོགས་པར་ཞུགས་རྒྱུའི་གན་རྒྱ་བཞག་པ་ཡིན། ང་རུ་ཤོག་༤་པ་དང་༧་པའི་འགོ་ཁྲིད་དུ་བསྐོས་བྱུང་། བདུན་ཕྲག་རྟག་པར་བཙོན་པ་རྣམས་དམག་སར་བཏང་ཡོང་གི་འདུག ང་ཚོ་ནི་མི་རུ་མི་བརྩི་བ་དང་བཙོན་དམག་མང་པོ་བསད་སོང་། ངས་ཤེས་ཚོད་བྱས་ན་ང་ཚོའི་རུ་ཤོག་གི་མི་༡༥་ནས་༢༠་ཡས་མས་རེར་སྲོག་སྐྱོན་འཕོག་གི་འདུག དམག་སར་བསད་པ་མང་ཆེ་བ་ལུ་ཧན་ཛིཀ་ས་གནས་སུ་དུར་སྤས་བྱས་ནས་གར་སོང་ཆ་མེད་དུ་གྱུར་པ་རེད་ཟེར་གྱི་འདུག དེ་ལྟར་འགྲེལ་བཤད་བརྒྱབ་ན་དམག་སར་བོར་བརླག་སོང་བ་ཚོའི་བཟའ་ཟླ་བུ་ཕྲུག་དང་ཕ་མ་སོགས་ལ་དངུལ་སྒོར་གྱོང་གསབ་སྤྲོད་དགོས་ཀྱི་མ་རེད། དམག་འཁྲུག་ལ་མི་ཞུགས་པ་དང་བྲོས་བྱོལ་དུ་ཕྱིན་ན་འཕྲལ་དུ་གསོད་ཀྱི་འདུག ངས་རང་གི་སྲོག་མགོ་ཐར་ཐབས་སུ་ཕྱི་ཟླ་༡༢་པ་ནས་བྲོས་བྱོལ་དུ་འགྲོ་རྒྱུའི་བློ་ཐག་བཅད་པ་ཡིན་ཞེས་གྷུ་ལག་གུ་འགྲོ་བ་མིའི་ཐོབ་ཐང་དྲྭ་ཚིགས་གཉེར་འཛིན་པ་ཨོ་སེ་ཆི་ཀིན་ལ་བཤད་འདུག

XS
SM
MD
LG