ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༠/༡༥

རྒྱ་ནག་གིས་ཐེ་ཝན་གྱི་དམག་མི་སོགས་དམིགས་འབེན་དུ་འཛིན་གྱི་འདུག་ཟེར།


༄༅།། རྒྱ་ནག་གིས་ལམ་སྟོན་རྩ་འཛིན་༢༢་པ་ཞེས་པ་ཞིག་ལག་ལེན་བསྟར་ནས་ཐེ་ཝན་གྱི་དམག་མི་དང་རང་བཙན་འཐབ་རྩོད་པ་ཚོ་དམིགས་སུ་བཀར་ནས་འཇིགས་སྐུལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༩་པའི་ཚེས་༢༤་ཉིན་ཐེ་པེ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཝུ་སེ་ཀྲིས་(We Se-Chih)་ཟླ་བ་རྗེས་མའི་ཚེས་༡༠་སྟེ། ཕྱི་ཟླ་༡༠་པའི་ཚེས་༡༠་ནི་ཐེ་ཝན་གྱི་རྒྱལ་སྟོན་དུས་ཆེན་ཡིན་པས་རྒྱལ་སྟོན་དུས་ཆེན་སྔོན་འདིར་རྒྱ་ནག་གིས་ཐེ་ཝན་གྱི་དམག་མི་དང་རང་བཙན་འཐབ་རྩོད་པ་ཚོ་དམིགས་འབེན་དུ་བཟུང་ནས་སྡིགས་ར་བསྐུལ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་དཔའ་ཞུམ་དུ་འཇུག་གི་འདུག་ཅེས་བསྟན། གཟའ་ཟླ་བའི་ཉིན་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་སྐད་འཕྲིན་དྲྭ་ཚིགས་སུ་ལོ་འདིའི་མགོ་སྟོད་དེར་མིང་མེད་༦༤་ཚོགས་པས་རྒྱ་ནག་དང་ཧོང་ཀོང་། ཨོ་མེན་བཅས་ལ་དྲྭ་ལམ་ནས་གཏོར་རྒོལ་བྱས་པ་རེད་ཅེས་ནག་ཉེས་བཙུགས།།

རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་སྐད་འཕྲིན་དྲྭ་ཚིགས་སུ་མུ་མཐུད་དུ་འཁོད་པ་ལྟར་ན། མིང་མེད་༦༤་ཚོགས་པས་རྒྱ་ནག་གི་གློག་རྡུལ་བརྡ་ཁྱབ་ཤེལ་པང་དང་བརྡ་འཕྲིན་ཡོ་ཆས་ཁག གླེང་སྟེགས་ཁག་ལ་སྟངས་འཛིན་བྱས་ཏེ་གནས་ཚུལ་ལོག་པ་བཀྲམ་ནས་རྒྱ་ནག་གི་ནང་ཁུལ་དུ་འགལ་ཟླ་བསླངས། རྒྱ་ནག་དམར་ཤོག་ཚོགས་པར་ཡིད་ཆེས་བརླག་ཏུ་འཇུག་ཐབས་བྱེད་ཀྱི་འདུག མིང་མེད་༦༤་ཚོགས་པ་ནི་ཐེ་ཝན་གྱི་རྒྱལ་སྲུང་ཆ་འཕྲིན་དང་བརྡ་འཕྲིན། གློག་རྡུལ་དཔུང་སྡེའི་ཁྱབ་ཁོངས་སུ་གཏོགས་པའི་དམག་མི་རེད། མི་གསུམ་ངོ་ཐག་ཆོད་ཡོད་པ་དང་རྒྱ་ནག་ལ་དྲྭ་ལམ་ནས་རྒོལ་རྡུང་བྱས་པར་ཞིབ་འཇུག་བྱེད་ཀྱི་ཡོད། ཁ་བྲལ་རིང་ལུགས་པ་ཚོར་འཐབ་རྒོལ་བྱེད་པའི་ལམ་སྟོན་རྩ་འཛིན་ལག་ལེན་ཚུལ་བཞིན་བསྟར་རྒྱུ་ཡིན་ཞེས་བསྒྲགས། ཡིན་ནའང་རྒྱ་ནག་གི་སྡིགས་ར་དེར་ནུས་པ་ཆེན་པོ་ཞིག་མ་ཐོན།།

ཉམས་ཞིབ་པ་ཝུ་སེ་ཀྲིས་སྲིད་ཇུས་དེ་རྒྱ་ནག་གིས་ཐེ་ཝན་གྱི་སྟེང་དུ་ལག་ལེན་བསྟར་གྱི་ཡོད་པ་བྱ་ཐབས་དམིགས་བསལ་བ་ཞིག་རེད། རྒྱ་ནག་གཞུང་གིས་ཐེངས་འདིའི་དྲྭ་ལམ་གྱི་གཏོར་བཅོམ་དེ་ཐེ་ཝན་ནས་བྱུང་འདུག་ཅེས་ཉེས་འཛུགས་བྱས་ཀྱང་ཐེ་ཝན་མི་དམངས་རྣམས་སྐྲག་མི་སྲིད། སྲིད་གཞུང་ལ་ཡིད་ཆེས་བརླག་མི་སྲིད་པ་དང་ཁྱད་པར་གང་ཡང་ཐོན་མི་ཐུབ། ཟླ་བ་རྗེས་མའི་ཚེས་བཅུ་ཉིན་སྲིད་འཛིན་ལེ་ཆིང་ཏེས་(Lai Ching-te)་རྒྱལ་སྟོན་དུས་ཆེན་གྱི་གཏམ་བཤད་གནང་འཆར་ཡོད་པའི་རྗོད་ཚིག་ལ་འགྱུར་བ་གཏང་རྒྱུའི་ཀུན་སློང་ཡིན་ཤས་ཅེ། རྒྱ་ནག་གཞུང་གིས་ངོ་ཐག་བཅད་པའི་མི་གསུམ་པོ་ནི་རང་བཙན་འཐབ་རྩོད་པ་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་ཡོད་པ་ཞིག་མ་རེད། ཁོ་ཚོ་ཐེ་ཝན་གྱི་དམག་ཞབས་ལས་ཐོག་པ་ཡིན་པས་དེ་ལ་གཟབ་ནན་བྱ་དགོས། རྒྱ་ནག་གིས་ཁ་བྲལ་ལ་འཐབ་རྒོལ་ཟེར་བའི་ལམ་སྟོན་རྩ་འཛིན་ཐེ་ཝན་གྱི་དམག་མིའི་སྟེང་དུ་ལག་ལེན་བསྟར་གྱི་འདུག་ཅེས་བཀྲལ།།

ཐེ་ཝན་སྲིད་འཛིན་ལེ་ཆིང་ཏེས་
ཐེ་ཝན་སྲིད་འཛིན་ལེ་ཆིང་ཏེས་

ཕྱི་ཟླ་༩་པའི་ཚེས་༢༥་ཉིན་ཐེ་ཝན་གྱི་དབུས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ལེ་ཆིང་ཏེས་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ལ་འཁྱོག་བཤད་བྱས་ནས་ཐེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་གཏོགས། ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུགས་མི་ཆོག་ཅེས་འགོག་གི་ཡོད་པ་རེད། པེ་ཅིང་གིས་རྒྱལ་ཚོགས་ཀྱི་གྲོས་ཆོད་ལ་གོ་བ་ལོག་སྒྲུབ་བྱས་ནས་རྒྱ་ནག་གཅིག་གི་རྩ་དོན་ཁས་ལེན་བྱ་དགོས། ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པ་དང་ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ཁོངས་སུ་ཞུགས་ཆོག་པའི་ཐོབ་ཐང་མེད་ཟེར་གྱི་ཡོད་པ་རེད། དམངས་གཙོ་ཅན་གྱི་ཐེ་ཝན་དང་བཙན་དབང་རིང་ལུགས་ཀྱི་རྒྱ་ནག་གཉིས་གཅིག་འོག་གཅིག་འདུ་བ་ཞིག་མིན་ཞེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་སྒོ་འབྱེད་ཀྱི་དུས་སྐབས་དང་བསྟུན་ནས་བརྙན་འཕྲིན་གཏམ་བཤད་ཅིག་ཕྱིར་བསྒྲགས་བྱས་འདུག

༡༩༧༡་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱ་ནག་གི་ཁྲིམས་མཐུན་སྐུ་ཙབ་ཉག་གཅིག་དེ་ཡིན། ཅང་ཅེ་ཧྲིས་འགོ་ཁྲིད་པའི་གོ་མིན་ཏང་གི་སྐུ་ཚབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱ་ནག་གི་གདན་ཐོབ་བཟུང་ན་འོས་འཚམས་མ་རེད་ཅེས་ཐེ་ཝན་གྱི་སྐུ་ཚབ་ཕྱིར་ཕུད་བྱས་ཤིང་། དེ་ནས་བཟུང་སྟེ་ཐེ་ཝན་ལ་མཉམ་འབྲེལ་རྒྱལ་ཚོགས་སུ་ཀྲུང་ཧྭ་མིན་གོའི་གདན་ཐོབ་ཡོད་པ་དེ་པེ་ཅིང་གི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཤོར། སྲིད་འཛིན་ལེ་ཆིང་ཏེ་དང་ཐེ་ཝན་གྱི་སྲིད་འཛིན་འགའ་ཞིག་གིས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་མེད། ཐེ་ཝན་ནི་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་མིན་ཞེས་དགག་པ་བརྒྱབ། ལེ་ཆིང་ཏེའི་གཏམ་བཤད་ནང་དུ་དམངས་གཙོའི་རྒྱལ་ཁབ་ཁག་གིས་དམངས་གཙོའི་སྒྲིག་འཛུགས་ཁག་ལ་རྒྱབ་སྐྱོར་བྱ་དགོས། རྒྱ་ནག་གིས་ཐེ་ཝན་ལ་དམག་གིས་འཇིགས་སྐུལ་དང་ར་ཤི་ཡས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པར་འགོག་རྒོལ་བྱ་དགོས་ཞེས་ནན་གྱིས་བསྐུལ།།

སྲིད་འཛིན་ལེ་ཆིང་ཏེས་མུ་མཐུད་དུ་བཤད་པ་ལྟར་ན། ཐེ་ཝན་གྱིས་མགོ་སྒུར་རྒྱུ་མིན་པ་དང་འཁྲུག་རྩོད་ཀྱང་སློང་གི་མེད། ཐེ་ཝན་མཚོ་འགག་གི་གནས་བབ་དེ་རྒྱུན་འཁྱོངས་བྱས་ཏེ་རྩ་འཛིན་དོན་ཚན་བཞིའི་ཐོག་ཏུ་མངའ་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བཤད། རྩ་འཛིན་དོན་བཞི་ནི་ཐེ་ཝན་གྱི་རྒྱལ་སྲུང་སྟོབས་ཤུགས་ཡར་རྒྱས་གཏང་རྒྱུ་དང་དཔལ་འབྱོར་སྲུང་སྐྱོབ། དམངས་གཙོའི་རྒྱལ་ཁབ་ཁག་ལ་ཟླ་གྲོགས་བསྒྲིག་རྒྱུ་དང་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་པོ་འཛིན་རྒྱུ་བཅས་ཡིན་ཞིང་། ལེ་ཆིང་ཏེས་རྒྱ་ནག་གིས་མཚོ་འགག་ཕྱོགས་གཉིས་ཀྱི་གནས་བབ་ལ་འགྱུར་བ་དང་རྒྱལ་སྤྱིའི་ཁྲིམས་ལ་འགྱུར་བཅོས། རྒྱ་ནག་འཛམ་གླིང་གི་དབང་བཙན་པར་འགྱུར་ཐབས་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས་པར་མ་ཟད། རྒྱ་ནག་གིས་གནམ་མཚོ་གཉིས་ནས་ཐེ་ཝན་ལ་སྡིགས་ར་བསྐུལ་རྒྱུ་མཚམས་མི་ཆད།།

ཕྱི་ཟླ་༩་པའི་ཚེས་༡༨་ཉིན་ཐེ་ཝན་གྱི་དབུས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཟླ་བ་འདིའི་ཚེས་༢༥་ནས་ཐེ་ཝན་གྱི་ཞིང་པ་ཚོས་སྒོ་ཁྲལ་སྤྲོད་མི་དགོས་པར་བེ་ཏ་དང་གོ་ཡུ། ཐང་འབྲས་དང་རྒྱ་ཤུག ཨ་མྲ་དང་ཨ་འབྲ། སེ་ཡབ་དང་ཁམ་བུ་སོགས་ཤིང་འབྲས་ཀྱི་ཐོན་སྐྱེད་རྣམ་གྲངས་༣༤་རྒྱ་ནག་ལ་ཕྱིར་ཚོང་བྱེད་ཆོག་པའི་དུས་ཚོད་དེ་མཇུག་བསྒྲིལ་བ་ཡིན་ཞེས་གསལ་བསྒྲགས་སྤེལ། ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གིས་པེ་ཅིང་གི་དབང་འཛིན་པ་ཚོས་ཚོང་ལས་ལག་ཆ་ཞིག་ཏུ་བསྒྱུར་ཏེ་དཔལ་འབྱོར་གྱི་བཙན་གནོན་བྱེད་ཀྱི་འདུག རྒྱ་ནག་གིས་ཐེ་ཝན་གྱི་ཐོན་སྐྱེད་དེ་ཚོར་སྒོ་ཁྲལ་བརྒྱབ་ན་མཚོ་འགག་ཕྱོགས་གཉིས་ཀྱི་ཞིང་པ་དང་ཉ་པ་ཚོར་དཀའ་ངལ་འཕྲད་ཀྱི་རེད། ཐེ་ཝན་གྱི་ཞིང་པ་དང་ཉ་པ། སྤྱི་དམངས་ཡོངས་རྫོགས་རྒྱ་ནག་ལ་སྡང་ཟུག་ཆེ་རུ་སོང་། ཕུགས་སུ་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བར་གནོད་ཀྱི་རེད་ཅེས་གསལ་བསྒྲགས་སྤེལ།།

རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་ཁྲེན་བིན་ཧྭས་(Chen Binhua)་༢༠༠༥་ནས་རྒྱ་ནག་གིས་ཐེ་ཝན་གྱི་ཐོན་སྐྱེད་ཁག་ཅིག་ལ་སྒོ་ཁྲལ་བཅག་ནས་ཞིང་པ་དང་ཉ་པ་ཚོར་ཕན་ཐོགས་ཆེན་པོ་བྱུང་ཡོད་ཟེར། ཐེ་ཝན་གྱི་ཞིང་ལས་བློན་ཆེན་ཁྲེན་ཅུན་ཇཱིས་(Chen Junne-jih)་༢༠༢༣་ལོའི་བསྡོམས་འབོར་ལ་གཞིགས་ནས་རྒྱ་ནག་གིས་ལོ་ལྟར་སྒོ་ཁྲལ་བཅག་པ་དེ་ཨ་སྒོར་ས་ཡ་༡་དང་ཁྲི་ཚོ་༨་ཙམ་རེད་ཅེས་ལན་བཏབ། རྒྱ་ནག་གི་ཐེ་ཝན་གྱི་ཞིང་པ་དང་ཉ་པའི་ཐོན་སྐྱེད་ཁག་ཅིག་ལ་སྒོ་ཁྲལ་ཆག་ཡང་བཏང་བ་དེ་དག་གི་གྲས་སུ་སྔོ་ཚོད་ཀྱི་རིགས་དང་ཉ་ཤ་སོགས་མཚོ་ཟས་ཀྱང་འདུས་ཡོད་ཅིང་། རྒྱ་ནག་གིས་ཐེ་ཝན་གྱི་ཞིང་པ་ཚོར་ཁེ་ཕན་སྤྲད་ནས་འོས་འདེམས་ཀྱི་དུས་སུ་དམངས་གཙོ་ཡར་ཐོན་ཚོགས་པ་དང་རང་བཙན་ཤོག་ཁག་ལ་འོས་ཤོག་མི་འཕེན་རྒྱུའི་རེ་ལྟོས་བཅངས། ཐེ་ཝན་གྱི་འོས་བསྡུའི་སྐབས་སུ་དམངས་གཙོ་ཡར་ཐོན་ཚོགས་པར་ལན་གསུམ་བསྟུད་མར་རྒྱལ་ཁབ་ཐོབ་བོ།།

གླེང་སྟེགས།

XS
SM
MD
LG