ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཞི་ཅིན་ཕིང་ནི་༢༠༢༣ ལོར་འཛམ་གླིང་ཐོག་ཆབ་སྲིད་ཀྱི་ཉེན་ཁ་ཆེ་ཤོས་གྲས་ཡིན་པར་བརྗོད། 


ཨ་མེ་རི་ཀའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་ཡོད་པའི་ཆབ་སྲིད་ཉེན་ཁའི་སྐོར་ལ་སློབ་སྟོན་བྱེད་མཁན་གྱི་བཟོ་ཚོང་ཁང་སྟེ། ཡོ་རོབ་དང་ཨེ་ཤེ་ཡའི་ཚོགས་པ་ཞེས་པས་སྤྱི་ཟླ་དང་པོའི་ཚེས་༣ སྟེ་རེས་གཟའ་མིག་དམར་ཉིན་ལ། ༢༠༢༣ ལོའི་ནང་འཛམ་གླིང་ཐོག་གི་ཆབ་སྲིད་ཀྱི་ཉེན་ཁ་ཆེན་པོ་བཅུ་མིང་འདོན་བྱས་པའི་སྙན་ཐོ་ཞིག་སྤེལ་ཡོད་པ་ལས། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཞི་ཅིན་ཕིང་གི་སྒེར་གཅོད་དང་དབང་ཆ་གཅིག་སྡུད་བྱས་པ་ཚད་མཐོ་ཤོས་སུ་སླེབས་ནས། ༢༠༢༣ ལོར་འཛམ་གླིང་ཐོག་གི་ཆབ་སྲིད་ཀྱི་ཉེན་ཁ་ཆེ་ཤོས་བཅུའི་ནང་ནས་ཨང་གཉིས་པ་ཆགས་རྒྱུ་ཡིན་པར་མ་ཟད། ད་ལྟ་རྒྱ་ནག་ནང་དུ་ཞི་ཅིན་ཕིང་ལ་བཀག་རྒྱ་དང་ཚོད་འཛིན་སོགས་གང་ཡང་མེད་པར་ཆགས་ཡོད་སྟབས། མ་འོངས་པར་ཞི་ཅིན་ཕིང་གིས་སྔར་བཞིན་སྲིད་ཇུས་ནོར་འཁྲུལ་མང་དག་ཅིག་ལག་ལེན་བསྟར་རྒྱུ་རེད་ཅེས་ཉེན་བརྡ་བཏང་འདུག།

ཡོ་རོབ་དང་ཨེ་ཤེ་ཡའི་ཚོགས་པའི་འགན་འཛིན་དབྱི་ཨན་བྷི་རེ་མེར་གྱིས་སྙན་ཐོ་འདོན་སྤེལ་བྱེད་དུས་བརྗོད་དོན། མའོ་ཙེ་ཏུང་གི་རྗེས་ལ། རྒྱ་ནག་ནང་ཞི་ཅིང་ཕིང་ལྟ་བུའི་སྒེར་གཅོད་པ་དང་དབང་ཆ་གཅིག་སྡུད་བྱེད་མཁན་ཞིག་བྱུང་མྱོང་མེད། དེའི་ཐོག་དེང་སང་རྒྱལ་སྤྱིའི་སྒང་ལ་རྒྱ་ནག་གི་ཤུགས་རྐྱེན་དང་གོ་གནས་གལ་ཆེ་འཛིན་ཡོད་པའི་རྐྱེན་ལས། ཞི་ཅིན་ཕིང་གིས་འཛམ་གླིང་ལ་བཟོས་པའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་ཅེས་བརྗོད་འདུག། ན་ནིང་ལོའི་སྤྱི་ཟླ་༡༠ པའི་ནང་སྐོང་འཚོགས་བྱས་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཉི་ཤུ་པ་ཞེས་པའི་ཐོག། ཞི་ཅིང་ཕིང་ལས་ཡུན་གསུམ་པར་བསྡད་རྒྱུའི་གོ་སྐབས་རྙེད་དེ་ཆབ་སྲིད་ཀྱི་ལས་གནས་གལ་ཆེ་བ་ཚང་མར་ཞི་ཅིང་ཕིང་ཕྱོགས་གཏོགས་ཀྱི་མི་བསྐོ་བཞག་བྱས་ཡོད་པ་རེད། གོང་འཁོད་སྙན་ཐོ་དེ་ལས། རྒྱ་ནག་གི་དབང་ཆ་གཅིག་སྡུད་རིང་ལུགས་དེས་འཛམ་བུ་གླིང་ཡོངས་ལ་སྤྱི་པའི་འཕྲོད་བསྟེན་སྐོར་གྱི་བདེ་འཇགས་དང་། དཔལ་འབྱོར། ཕྱི་འབྲེལ་བཅས་ཕྱོགས་གསུམ་ནས་ཉེན་ཁ་བཟོ་རྒྱུ་ཡིན་པར་གསལ་སྟོན་བྱས་འདུག།

ཉེན་ཁ་དང་པོ་སྟེ། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་ཁྱབ་ཁོངས་ནས། ཟླ་བ་གོང་མའི་ནང་རྒྱ་ནག་གཞུང་གིས་འདས་པའི་ལོ་གསུམ་ཙམ་གྱི་རིང་ལ་ལག་ལེན་བསྟར་ཡོད་པའི་ནད་དུག་གཙང་སེལ་ཞེས་པའི་སྲིད་ཇུས་དེ་སྔོན་བརྡ་དང་གྲ་སྒྲིག་སོགས་གང་ཡང་མེད་པའི་ཐོག་གློ་བུར་དུ་ཕྱིར་བསྡུ་བྱས་ཡོད་པའི་རྐྱེན་ལས། དེང་སྐབས་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་མཁན་དང་ནད་དུག་གི་རྐྱེན་པས་འདས་གྲོངས་སུ་ཕྱིན་མཁན་གྱི་མི་འབོར་ཇེ་མང་ཕྱིན་ཏེ། པེ་ཅིང་དང་ཧྲང་ཧེ། ཁྲུང་ཆིང་། ཀོང་ཀྲུའུ་སོགས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་གི་འཕྲོད་བསྟེན་མ་ལག་ལ་གནོན་ཤུགས་ཆེན་པོ་འཕྲད་བཞིན་ཡོད་པར་མ་ཟད། རྒྱ་ནག་གི་མི་ཚོ་དང་འཛམ་གླིང་རྒྱལ་ཁབ་ཚང་མས་ནད་དུག་ངོ་བོ་གཞན་འགྱུར་འབྱུང་སྲིད་པའི་ཐད་ནས་བློ་འཚབ་ཀྱང་ཇེ་ཆེ་འགྲོ་བཞིན་ཡོད་པ་རེད། དེ་བཞིན་དུ་རྒྱ་ནག་གཞུང་གིས་རིང་མིན་སྤྱི་ཟླ་དང་པོའི་ཚེས་བརྒྱད་ཉིན་ནས་བཟུང་རྒྱལ་སྤྱིའི་འགྲུལ་པ་ཚོ་ལ་ནད་དུག་བརྟག་དཔྱད་བྱ་རྒྱུ་དེ་ཕྱིར་བསྡུ་བྱ་རྒྱུ་གསལ་བསྒྲགས་བྱས་ཡོད་ཀྱང་། དེང་སྐབས་རྒྱ་ནག་ནང་ནད་དུག་ཁྱབ་གདལ་ཤུགས་ཆེ་འགྲོ་བཞིན་ཡོད་པའི་རྐྱེན་ལས་ད་ཕན་ཉི་ཧོང་དང་རྒྱ་གར། ཐེ་ཝན། དབྱི་ཐ་ལི། དབྱིན་ཇི། ཧྥ་རན་སི། ཨ་མེ་རི་ཁ་རྒྱལ་ཁབ་སོགས་ཀྱིས་རྒྱ་ནག་ནས་ཡོང་མཁན་འགྲུལ་པ་ཚོ་ལ་དམིགས་གསལ་གྱི་ནད་དུག་བརྟག་དཔྱད་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། རྒྱ་ནག་གཞུང་གིས་ནད་དུག་ཕོག་མཁན་དང་ནད་དུག་གི་རྐྱེན་ལས་འཆི་སྐྱོན་བྱུང་བའི་གྲངས་འབོར་ངོ་མ་དེ་སྦས་གསང་བྱེད་བཞིན་ཡོད་ཀྱང་། རྒྱལ་སྤྱིའི་ཆེད་མཁས་པ་དང་། འཕྲོད་བསྟེན་དང་འབྲེལ་བའི་ལས་ཁུངས་ཁག་གིས་ཚོད་དཔག་བྱས་པ་ལྟར་ན། ད་ལྟ་རྒྱ་ནག་ནང་ཉུང་མཐར་ཡང་མི་དུང་ཕྱུར་༦ ལྷག་ལ་ནད་དུག་འགོས་ཡོད་པ་དང་། འབྱུང་འགྱུར་ཟླ་བ་འགའ་ཤས་རིང་ཏོག་དབྱིབས་ནད་པ་འགོས་མཁན་མི་དུང་ཕྱུར་ ༡༠ ལས་བརྒལ་རྒྱུ་དང་། གཞན་ཏོག་དབྱིབས་ནད་པ་ས་ཡ་གཅིག་ལྷག་འདས་གྲོངས་སུ་འགྲོ་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད། སྙན་ཐོ་དེ་ལས་ད་ལྟ་རྒྱ་ནག་གཞུང་གིས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་ཉུང་དུ་བཏང་ཡོད་པས། རྒྱ་ནག་གིས་ནད་དུག་ངོ་བོ་གཞན་འགྱུར་འགྲོ་རྒྱུའི་ཐད་ཤེས་རྟོགས་ཡོང་ཁག་པོ་ཆགས་ཡོད་ཅིང་། རྒྱ་ནག་གི་འཕྲོད་བསྟེན་མ་ལག་ལ་གནོན་ཤུགས་ཆེན་པོ་འཕྲད་བཞིན་པ་དང་གནས་ཚུལ་སྦས་གསང་བྱེད་བཞིན་ཡོད་པའི་རྐྱེན་ལས་ནད་དུག་གི་ངོ་བོ་འགྱུར་ཡོད་མེད་ཀྱི་གནས་ཚུལ་ཕྱིར་བསྒྲགས་བྱ་མི་སྲིད་པ་རེད་ཅེས་བཀོད་འདུག།

ཧྲང་ཧེའི་སྨན་ཁང་ཞིག་ཏུ་ཏོག་ནད་ཕོག་མཁན་གྱི་ནད་པ།
ཧྲང་ཧེའི་སྨན་ཁང་ཞིག་ཏུ་ཏོག་ནད་ཕོག་མཁན་གྱི་ནད་པ།

ཉེན་ཁ་གཉིས་པ་ནི། དཔལ་འབྱོར་གྱི་ཁྱབ་ཁོངས་ནས། སྙན་ཐོ་དེ་ལས་རྒྱ་ནག་གི་དཔལ་འབྱོར་ནི་མཐར་གཏུགས་ན་རྒྱ་ནག་དམར་ཤོག་གཞུང་དང་། ཡང་ན་ཞི་ཅིང་ཕིང་མི་གཅིག་གི་སྟངས་འཛིན་འོག་ལ་གནས་ཡོད་སྟབས། ཞི་ཅིང་ཕིང་གིས་སྲིད་ཇུས་ཐག་གཅོད་གང་བྱས་པ་དེ་དང་འགྱུར་ལྡོག་ཆེ་བའི་སྲིད་ཇུས་དེ་ཚོས་རྒྱ་ནག་གི་དཔལ་འབྱོར་ལ་ཁར་ཐུག་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་རེད།

དཔེར་ན་ནད་དུག་གཙང་སེལ་ཞེས་པའི་སྲིད་ཇུས་གཏན་འབེབས་འོག་ཏུ། འདས་པའི་ལོ་ངོ་གསུམ་ཙམ་གྱི་རིང་ལ་རྒྱ་ནག་གི་དཔལ་འབྱོར་ལ་ཉམ་ཆག་ཆེན་པོ་ཕྱིན་ཏེ། ལྷག་པར་དུ་ས་ཁང་ལས་རིགས་དང་སྒེར་གྱི་ཁེ་ལས་མང་ཆེ་བ་སྒོ་བརྒྱབ་དགོས་བྱུང་ཡོད་ལ། སྤྱི་སྒེར་གཉིས་ཀྱི་བུ་ལོན་སྤྲོད་མཇལ་བྱེད་མི་ཐུབ་པའི་དཀའ་ངལ་ཇེ་ཆེར་འགྲོ་བཅུག་ཡོད་པ་རེད། དེ་བས་དེང་སང་རྒྱ་ནག་ལ་རྒྱལ་ཁབ་ཕྱི་ནང་གཉིས་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་རྒྱབ་ལྗོངས་འོག། རྒྱ་ནག་གཞུང་གིས་དཔལ་འབྱོར་དོ་དམ་ལེགས་པོ་བྱེད་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་པོ་ཆགས་ཡོད་དེ། རྒྱ་ནག་གཞུང་གིས་སྔར་བཞིན་གནས་ཚུལ་ཕྱི་གསལ་ནང་གསལ་མེད་པ་དང་། མ་འོངས་པར་ཚོད་དཔག་མི་ཐིག་པའི་གནས་སྟངས་ཤིག་ཆགས་བཅུག་གི་ཡོད་པ་རེད་ཅེས་བཀོད་འདུག།

ཉེན་ཁ་གསུམ་པ་སྟེ། ཕྱི་འབྲེལ་གྱི་ཁྱབ་ཁོངས་ནས། སྙན་ཐོ་དེ་ལས་རྒྱ་ནག་རྒྱལ་ཁབ་ལ་ཕྱི་ནང་གཉིས་ནས་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་ཁེལ་གྱི་ཡོད་ཀྱང་། ཞི་ཅིན་ཕིང་གིས་མི་རིགས་རིང་ལུགས་ཀྱི་ལྟ་བ་དང་ལྐུགས་པ་ཨུ་ཚུགས་ཀྱི་ལས་ལུགས་བྱེད་སྟངས་དེས། པེ་ཅིང་དང་འཛམ་བུ་གླིང་གི་འབྲེལ་ལམ་སྔ་ལས་ཛ་དྲག་ཆགས་བཇུག་རྒྱུ་ཡིན་ཞིང་། ཞི་ཅིན་ཕིང་གིས་ཧམ་པ་དང་རང་ཤེད་ཆེ་བའི་ཕྱི་འབྲེལ་གྱི་སྲིད་ཇུས་དེ་ལ་འགྱུར་ལྡོག་འགྲོ་མི་སྲིད་པས། མ་འོངས་པའི་ཉིན་ཞིག་ལ་མཇུག་འབྲས་ངན་པར་འགན་ཁུར་དགོས་པ་ཆགས་ཀྱི་རེད་ཅེས་བཀོད་འདུག།

གཞན་ཡང་སྙན་ཐོ་དེའི་ནང་། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་འབྲེལ་བ་དམ་ཟབ་ཡོད་ཅིང་། ལྷག་པར་དུ་ཨུ་རུ་སུས་ཡུག་ཁེ་རན་ལ་དོན་མེད་དམག་གིས་བཙན་འཛུལ་བྱེད་པའི་གནད་དོན་ཐད་རྒྱ་ནག་གིས་ཐོག་མཐར་བར་གསུམ་དུ་ཨུ་རུ་སུ་ལ་སྐྱོན་བརྗོད་བྱས་མེད་པའི་བྱེད་སྟངས་དེས། རྒྱ་ནག་དང་འཛམ་གླིང་གི་དམངས་གཙོ་རྒྱལ་ཁབ་གཞན་ཚོའི་བར་གྱི་འབྲེལ་ལམ་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པར་མ་ཟད། ཐ་ན་འཛམ་གླིང་སྤྱིའི་ཞི་བདེ་དང་བརྟན་བརླིང་ལ་ཉེན་ཁ་བཟོ་རྒྱུ་རེད་ཅེས་བཀོད་འདུག།

རྒྱ་ནག་དང་ཨུ་རུ་སུའི་འགོ་ཁྲིད་གཉིས།
རྒྱ་ནག་དང་ཨུ་རུ་སུའི་འགོ་ཁྲིད་གཉིས།

ན་ནིང་ལོར་ཨ་མེ་རི་ཀའི་གཞུང་གིས་རྒྱ་ནག་དམར་ཤོག་གཞུང་ལ་འཕྲུལ་རིག་ལག་རྩལ་ཕྱིར་གཏོང་བྱ་རྒྱུ་བཀག་སྡོམ་བྱས་ཡོད་པ་དེས། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་བཅུག་ཡོད་ཀྱང་། སྙན་ཐོ་དེ་ལས་རྒྱ་ནག་གིས་སོ་སོའི་དཔལ་འབྱོར་གྱི་གནས་སྟངས་ལ་དམིགས་ནས་ཨ་རིས་ཉེས་ཆད་བཅད་པ་དེ་ལ་རྒོལ་ལན་ཤུགས་ཆེན་པོ་སློག་རྒྱུ་མ་རེད་ཅེས་དང་། སྙན་ཐོ་དེའི་ནང་ཐེ་ཝན་གྱི་གནད་དོན་དང་འབྲེལ་ནས་ཨ་རྒྱ་གཉིས་དབར་ཁ་གཏད་གཅོག་པའི་བརྒྱུད་རིམ་ནང་ཉེན་ཁ་ཆེན་པོ་ཡོད་པ་དང་། ལྷག་པར་དུ་ཨུ་རུ་སུས་ཡུག་ཁེ་རན་ལ་དམག་བརྒྱབ་པའི་རྐྱེན་ལས། ད་ལྟ་ཨུ་རུ་སུ་རྒྱལ་སྤྱིའི་སྒང་ནས་གྲོགས་མེད་ཁེར་རྐྱང་གི་གནས་སུ་ལྷུང་ཡོད་པས། རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་རྒྱུ་དེ་ཡང་ཕར་འགྱངས་བྱ་སྲིད་པ་རེད། ཡིན་ན་ཡང་། ཐེ་ཝན་གྱི་གནས་སྟངས་དེ་ད་ལོར་འཛམ་གླིང་ཐོག་གི་ཆབ་སྲིད་ཀྱི་ཉེན་ཁ་བཅུའི་ནང་དུ་མིང་འདོན་བྱས་མེད་པ་རེད།

དེ་བཞིན་དུ་སྙན་ཐོ་དེ་ལས་༢༠༢༣ ལོའི་འཛམ་གླིང་ཐོག་ཆབ་སྲིད་ཀྱི་ཉེན་ཁ་ཆེ་ཤོས་བཅུའི་ནང་ནས་ཉེན་ཁ་ཆེ་ཤོས་ཨང་དང་པོ་དེ་ཨུ་རུ་སུ་དང་ཨང་གཉིས་པ་དེ་རྒྱ་ནག་དམར་ཤོག་འགོ་ཁྲིད་ཞི་ཅིན་ཕིང་བཞག་འདུག། གཞན་དབྱི་རན་ནང་གི་ངོ་རྒོལ་ལས་འགུལ་དང་། ཨ་རིའི་ནང་སྲིད་དོན་ཚོགས་པ་དབར་གྱི་འགལ་ཟླ། འཛམ་གླིང་སྤྱི་ལ་ཡུལ་ཐང་འཕར་བའི་གནད་དོན། ཆུ་དང་ནུས་ཁུངས་མི་འདང་བའི་དཀའ་ངལ། དཔལ་འབྱོར་ཉམ་ཆག་ཕྱིན་པའི་དཀའ་ངལ། གོ་ལག་མཚོན་ཆའི་ཉེན་ཁ་དང་གཞོན་སྐྱེ་ཚོས་རྒྱ་ནག་གི་མཉེན་ཆས་ཊིག་ཊོག་བཀོད་སྤྱོད་བྱས་ནས་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་ངན་པ་སོགས་བཀོད་འདུག།

XS
SM
MD
LG