༄༅།། ཡུ་རོབ་མཉམ་འབྲེལ་གྱིས་ཨ་རིའི་བཟོ་ལས་དང་ཞིང་འབྲོག་ཐོན་སྐྱེད་ཁག་ཅིག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྟེ། ཨ་སྒོར་དུང་ཕྱུར་༢༨༠་ཐམ་པའི་སྒོ་ཁྲལ་སྤར་ནས་ཌོ་ནལ་ཊམ་གྱིས་ཡུ་རོབ་ཀྱི་དྭངས་ལྕགས་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྤར་བར་ལན་པ་བསློགས། ཕྱི་ཟླ་༣་པའི་ཚེས་༡༢་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཊམ་གྱི་ལས་དུས་གཉིས་པ་འགོ་ཚུགས་པའི་རྗེས་སུ་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆུང་དུ་བཏང་ཞིང་། ཟླ་བ་སྔོན་མར་ཨ་རིའི་སྲིད་འཛིན་གཞོན་པ་དང་རྒྱལ་སྲུང་དྲུང་ཆེ་གཉིས་ཀས་ཡུ་རོབ་ཀྱི་བདེ་འཇགས་སྲུང་སྐྱོབ་ནི་ཡུ་རོབ་རྒྱལ་ཁབ་ཁག་གིས་འགན་ལེན་བྱ་དགོས་ཞེས་ལན་འགའ་བཟློས། ད་དུང་སྲིད་འཛིན་ཊམ་ནས་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག་གིས་ཨ་མི་རི་ཀར་འཚོང་གི་ཡོད་པའི་དྭངས་ལྕགས་ལ་སྒོ་ཁྲལ་སྤར་ནས་ཡུ་རོབ་དང་ཨ་རིའི་འབྲེལ་བ་སྡུག་ཏུ་སོང་། དེ་རིང་གཟའ་ལྷག་པའི་ཉིན་ཡུ་རོབ་མཉམ་འབྲེལ་གྱིས་ཨ་རིའི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྤར་ནས་ཌོ་ནལ་ཊམ་ལ་ལན་པ་བསློགས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག
ཡུ་རོབ་མཉམ་འབྲེལ་གྱིས་ཨ་རིའི་དྭངས་ལྕགས་དང་ཧ་ཡང་། རས་ཆ་དང་ཁྱིམ་ཆས། ཞིང་འབྲོག་གི་ཐོན་སྐྱེད་དང་འཕྲུལ་རྟ། ཨ་རག་དང་བ་དམ་མར། ཇིན་གྱི་རྐང་སྣམ་བཅས་སྤྱི་མཐུན་ཚོགས་པའི་སྤྱི་ཁྱབ་ཚོས་དབང་བསྒྱུར་བྱེད་བཞིན་པའི་མངའ་སྡེ་ཁག་དམིགས་འབེན་དུ་བཟུང་འདུག དཔེར་ན་གྲོས་ཚོགས་འོག་མའི་ཚོགས་གཙོ་མེཀ་ཇཱོན་སན་གྱི་ཕ་ཡུལ་ལུ་ཝི་སི་ཡ་ན་མངའ་སྡེའི་སྲན་དཀར་དང་ཀན་ས་སི་མངའ་སྡེའི་སྐམས་ཤ། ནེ་བྷ་ར་ཀ་མངའ་སྡེའི་བྱ་ཤ། ཨ་ལ་བྷ་མ་དང་འཇོར་ཇཱི་ཡ། ཝྭིར་ཇཱི་ཎི་ཡ་མངའ་སྡེ་སོགས་ཀྱི་ཐོན་སྐྱེད་ཁག་ཡུ་རོབ་མཉམ་འབྲེལ་གྱིས་སྒོ་ཁྲལ་སྤར་བ་དེའི་ཁོངས་སུ་ཚུད། ཌོ་ནལ་ཊམ་གྱི་ལས་དུས་དང་པོའི་སྐབས་སུ་ཡུ་རོབ་ཀྱི་དྭངས་ལྕགས་དང་ཧ་ཡང་ལ་སྒོ་ཁྲལ་སྤར་ནས་ནུབ་རྒྱ་མཚོ་ཆེན་མོའི་ཕ་རོལ་གྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཁོང་ཁྲོ་བསླངས། འདས་པའི་ལོ་༨༠་ཡས་མས་ཤིག་གི་རིང་ཡུ་རོབ་དང་ཨ་རིའི་འབྲེལ་བར་འགལ་ཟླ་བྱུང་མྱོང་མེད་པ་ཞིག་བྱུང་།།
ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཨུར་སུ་ལཱ་ཝོན་ཌར་ལེ་ཡེན་གྱིས་རྒྱལ་ཁབ་༢༧་ཀྱི་སྒྲིག་འཛུགས་དེས་གྲོས་མོལ་བྱ་རྒྱུར་སྒོ་མོ་ཕྱེ་ཡོད། ཨ་མི་རི་ཀས་ཡུ་རོབ་ཀྱི་དངོས་ཟོག་ལ་ཨ་སྒོར་དུང་ཕྱུར་༢༨༠་སྒོ་ཁྲལ་སྤར་བ་རེད། དེར་བརྟེན་ང་ཚོས་ཀྱང་ཨ་རིའི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ལན་པ་མ་བསློགས་ཐབས་མེད་རེད། ད་ལྟ་འཛམ་གླིང་གི་ས་ཁམས་ཆབ་སྲིད་དང་དཔལ་འབྱོར་སོགས་ལ་ངེས་གཏན་མེད་པར་ཟིང་ཆ་ཆེ་བའི་སྐབས་འདིར་སྒོ་ཁྲལ་སྤར་ན་སུ་གཅིག་ལའང་ཁེ་ཕན་མེད། ང་ཚོས་སྒོ་ཁྲལ་དང་དཔྱ་ཁྲལ་སྤར་དགོས་བྱུང་བ་འདིར་བློ་འགྱོད་ཆེན་པོ་ཡོད། སྒོ་ཁྲལ་དང་དཔྱ་ཁྲལ་ནི་ཚོང་ལས་དང་མི་དམངས་དངོས་ཟོག་ལོངས་སྤྱོད་པ་ཚོར་གནོད་པ་ཆེ། སྒོ་ཁྲལ་གྱིས་ཚོང་ལས་ལ་བར་ཆད་དང་དངོས་ཟོག་རྒྱུན་ཆད་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་འགོག་རྐྱེན་དུ་འགྱུར་གྱི་རེད་ཅེས་གསལ་བསྒྲགས་སྤེལ།།
ཡུ་རོབ་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཁང་གིས་ཚོགས་འཐུས་རྒྱལ་ཁབ་༢༧་གྱི་ཚོང་ལས་དང་དཔལ་འབྱོར་ལས་དོན་གཉེར་གྱི་ཡོད་ཅིང་། ཨ་རིའི་བཟོ་གྲྭ་ཁག་གིས་ཡུ་རོབ་ལ་དྭངས་ལྕགས་དང་ཧ་ཡ་སོགས་ཀྱི་ཐོན་སྐྱེད་འཚོང་གི་ཡོད་པར་མ་ཟད། ཀོ་ལྤགས་ཀྱི་ཐོན་སྐྱེད་དང་ཁྱིམ་ཚང་གི་ལག་ཆ། འགྱིག་གི་ཅ་ལག་དང་ཤིང་ཆ། མཚོ་ཟས་དང་སྒོ་ང་། བྱེ་མ་ཀ་ར་དང་སྔོ་ཚོད་ཀྱི་རིགས་སྣ་མང་ཞིག་འཚོང་གི་ཡོད་པ་དེ་དག་ལ་སྒོ་ཁྲལ་འཕར་ནས་ཡུ་རོབ་པ་ཚོས་ཉོ་མ་ཐུབ། ཨ་རིའི་ཞིང་འབྲོག་མང་ཚོགས་དང་བཟོ་གྲྭ་ཁག་ལ་རང་གི་ཐོན་སྐྱེད་དེ་རྣམས་ཡུ་རོབ་ཀྱི་ཁྲོམ་རའི་ནང་དུ་བཙོང་ས་མེད་པར་དཀའ་ངལ་འཕྲད་རྒྱུ་ཡིན་པ་སྨོས་ཅི་འཚལ། སྲིད་འཛིན་ཊམ་གྱིས་ཕྱི་རྒྱལ་གྱི་དངོས་ཟོག་ལ་སྒོ་ཁྲལ་སྤར་ན་ཨ་རིའི་ས་ཐོག་བཟོ་གྲྭ་བཙུགས་ནས་མི་མང་ལ་ལས་ཀ་བཀོད་སྒྲིག་བྱེད་ཐུབ་ཟེར། ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཝོན་ཌར་ལེ་ཡེན་གྱིས་སྒོ་ཁྲལ་སྤར་ན་ཨ་རི་དང་ཡུ་རོབ་གཉིས་ཀར་ཡུལ་ཐང་འཕར་ནས་མི་མང་ལ་ལས་ཀ་མེད་པར་འགྱུར་རྒྱུ་རེད་ཅེས་ལྟ་ཚུལ་ཐ་དད་ཅིག་བརྗོད།།
ཡུ་རོབ་ཏུ་བཅའ་སྡོད་ཨ་རིའི་ཚོང་ལས་མཐུན་ཚོགས་ཀྱིས་ཕྱོགས་གཉིས་ཀས་གྲོས་མོལ་བྱ་དགོས། ཨ་མི་རི་ཀས་སྒོ་ཁྲལ་སྤར་བ་དང་ཡུ་རོབ་ཀྱིས་ལན་པ་བསློགས་ན་ནུབ་རྒྱ་མཚོ་ཆེན་མོའི་ཕ་རོལ་ཚུ་རོལ་གཉིས་ཀ་འཕེལ་རྒྱས་འགྲོ་མི་ཐུབ་པ་དང་མི་མང་གི་ལས་ཀ་ཤོར། ཕྱོགས་གཉིས་ཀྱི་བདེ་འཇགས་ལ་ཉེན་ཁ་འཕྲད་ཀྱི་རེད། ཨ་རི་དང་ཡུ་རོབ་མཉམ་འབྲེལ་གྱི་ཚོང་དམག་གི་ཛ་དྲག་ཆུང་དུ་བཏང་སྟེ་མྱུར་དུ་གྲོས་མོལ་བྱ་དགོས་ཞེས་འབོད་སྐུལ་ཞུས། ཡུ་རོབ་མཉམ་འབྲེལ་གྱིས་ཕྱི་ཟླ་༤་པའི་ཚེས་༡་ནས་ཨ་རིའི་དངོས་ཟོག་ལ་སྒོ་ཁྲལ་སླར་གསོ་བྱ་རྒྱུའི་ཐག་བཅད། དེ་ནི་༢༠༡༨་ནས་༢༠༢༠་བར་དུ་ཡུ་རོབ་མཉམ་འབྲེལ་གྱིས་ཌོ་ནལ་ཊམ་ལ་ལན་པ་བསློགས་ནས་ཨ་རིའི་དངོས་ཟོག་ལ་སྒོ་ཁྲལ་སྤར། སྲིད་འཛིན་བྷ་ཌན་གྱི་སྐབས་སུ་སྒོ་ཁྲལ་དེ་རྣམས་ཕྱིར་འཐེན་བྱས་པ་སླར་གསོ་བྱ་དགོས། ཕྱི་ཟླ་༤་པའི་ཚེས་༡༣་ནས་ཨ་རིའི་དངོས་ཟོག་ལ་སྒོ་ཁྲལ་འཕར་མ་འགེལ་དགོས་ཞེས་བྱ་ཐབས་རིམ་པ་གཉིས་ལག་ལེན་བསྟར་རྒྱུའི་ཐག་བཅད།།
ཕྱི་ཟླ་༣་པའི་ཚེས་༡༢་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྥ་རན་སིའི་ཡུ་རོབ་ལས་དོན་བློན་ཆེན་བྷན་ཇཱ་མིན་ཧ་ད་དྷས་སུ་ཞིག་གིས་ཚོང་དམག་བསླངས་ན་ཀུན་པོར་ཁེ་ཕན་མེད། ཡུ་རོབ་མཉམ་འབྲེལ་གྱིས་ཨ་རིའི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ཚད་ཇེ་མཐོ་དང་རྒྱ་ཆེ་རུ་གཏོང་སྲིད། ང་ཚོས་ཨ་མི་རི་ཀར་ཚོང་དམག་གི་གནོན་ཤུགས་ཆེ་རུ་གཏོང་དགོས་ཀྱང་ཡུ་རོབ་མཉམ་འབྲེལ་ལ་ཚོང་དམག་ཤུགས་ཆེ་རུ་གཏོང་ཐུབ་པའི་ནུས་པ་ཡོད། ང་ཚོས་ཨ་མི་རི་ཀར་གྲངས་འཛིན་གྱི་སྲི་ཞུ་དང་རིག་དངོས་བདག་དབང་སོགས་ཀྱི་ཐོག་ཏུ་འཐབ་རྩོད་བྱས་ནས་ཚོང་དམག་རྒྱ་སྐྱེད་གཏོང་ཐུབ་ཅེས་ཉེན་བརྡ་བཏང་འདུག ཟླ་བ་སྔོན་མར་ཡུ་རོབ་མཉམ་འབྲེལ་གྱི་ཚོང་དོན་འགན་འཛིན་ཝ་ཤིང་ཊོན་དུ་ཡོང་ནས་ཨ་རིའི་ཚོང་དོན་དྲུང་ཆེ་ལུ་ཊི་ནིག་ལ་གྲོས་མོལ་བྱས་ནས་ཚོང་དམག་གཡོལ་ཐབས་སུ་འབད། གཟའ་ལྷག་པའི་ཉིན་ཡུ་རོབ་མཉམ་འབྲེལ་གྱི་ཚོང་དོན་འགན་འཛིན་ནས་ཨ་མི་རི་ཀར་ཚོང་དམག་ཕྱིར་འཐེན་བྱེད་འདོད་མི་འདུག ང་ཚོས་ཐལ་མོ་བརྡབས་ནས་སྒྲ་ཞིག་གྲག་དགོས་ན་ལག་པ་གཉིས་དགོས་ཀྱི་རེད་ཅེས་ཡུ་རོབ་ལ་ཟླ་གྲོགས་མེད་པའི་རྣམ་འགྱུར་བསྟན།།
ཕྱི་ཟླ་༣་པའི་ཚེས་༡༢་ཉིན་བི་བི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཡུལ་ནི་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་མིན་པས་ཨ་མི་རི་ཀས་དབྱིན་ཇིའི་དྭངས་ལྕགས་དང་ཧ་ཡང་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྤར་བ་དེར་གྲོས་མོལ་ལོགས་སུ་བྱས་ནས་དཀའ་ངལ་སེལ་ཐབས་བྱ་དགོས་ཤིང་། སྲིད་འཛིན་ཊམ་གྱིས་དབྱིན་ཇིའི་དྭངས་ལྕགས་དང་ཧ་ཡང་ལ་སྒོ་ཁྲལ་སྤར་ཡང་དབྱིན་གཞུང་གིས་ལན་པ་བསློགས་ནས་ཨ་རིའི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་མིན། དབྱིན་གཞུང་གིས་ཨ་མི་རི་ཀར་དཔལ་འབྱོར་གྱི་གྲོས་མོལ་རྒྱ་ཆེན་པོ་ཞིག་བྱས་ནས་འགྲིག་ཐབས་བྱ་རྒྱུ་ཡིན་ཞེས་བསྒྲགས། དབྱིན་ཇིའི་རྙིང་ཞེན་ཚོགས་པའི་འཐུས་མི་ཚོས་གཞུང་འཛིན་ལས་རྩོལ་ཚོགས་པར་འཆར་གཞི་གང་ཡང་མི་འདུག་ཅེས་སྐྱོན་བཙུགས། ཌོ་ནལ་ཊམ་གྱི་ཚོང་དམག་ལ་བརྟེན་ནས་གཟའ་ཟླ་བ་དང་མིག་དམར་གཉིས་ཀར་ཨ་རིའི་མ་རྐང་ཁྲོམ་རར་དོ་ཕོག་ཐེབས་ཏེ་ཨ་སྒོར་ཐེར་འབུམ་མང་པོའི་གྱོང་གུད་ཕོག
ཕྱི་ཟླ་༣་པའི་ཚེས་༡༢་ཉིན་ནེའུ་ཡོཀ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཁེ་ན་ཌའི་ཨོན་ཊ་རི་ཡོ་ཞིང་ཆེན་གྱི་སྤྱི་ཁྱབ་ཌོག་ཧྥོར་ཌིས་ང་ནི་ཨ་མི་རི་ཀའི་མི་དམངས་ལ་དགའ་པོ་ཡོད། ང་ལོ་༢༠་རིང་ཆི་ཁ་གྷོ་དང་ནེའུ་ཇར་སི་གཉིས་སུ་འཚོ་གནས་བྱས་པ་ཡིན། ཨ་རིའི་མི་དམངས་རྣམས་ཚོང་དམག་གི་བར་དུ་ཚུད་པར་བཟོད་གསོལ་ཞུ་རྒྱུ་ཡིན། སྲིད་འཛིན་ཊམ་གྱིས་ཚོང་དམག་བསླངས་ནས་ཨ་རི་དང་ཁེ་ན་ཌའི་མི་མང་ས་ཡ་མང་པོར་ལས་ཀ་མེད་པར་གཏོང་གི་འདུག ཟླ་བ་རྗེས་མའི་ཚེས་༢་ཀྱི་སྔོན་དུ་ཨ་རི་དང་ཁེ་ན་ཌའི་ཚོང་ལས་ཀྱི་རྩོད་གླེང་རྣམས་སེལ་ཐུབ་པའི་རེ་བ་ཡོད། ང་ཚོའི་དགྲ་བོ་ངོ་མ་དེ་རྒྱ་ནག་ཡིན་པ་ལས་ཨ་རི་དང་ཁེ་ན་ཌ་མ་རེད། ང་ཚོས་རྒྱ་ནག་ལ་དོགས་ཟོན་བྱ་དགོས་ཞེས་ནན་གྱིས་བསྐུལ། ཁ་སང་སྲིད་འཛིན་ཊམ་གྱིས་ཁེ་ན་ཌའི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༥༠་སྤར་རྒྱུའི་འཇིགས་སྐུལ་བྱས་ཀྱང་ཕྱིས་སུ་བརྒྱ་ཆ་༢༥་ཐོག་ཏུ་མར་བབས། ཁེ་ན་ཌའི་ཨོན་ཊ་རི་ཡོ་ཞིང་ཆེན་གྱིས་ཨ་རིའི་ནེའུ་ཡོཀ་དང་མཱི་ཤི་གྷན། མཱི་ཎི་སོ་ཊ་མངའ་སྡེ་གསུམ་ལ་གློག་ཕྱིར་ཚོང་བྱེད་ཀྱི་ཡོད་པ་གཅོད་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་འདུག
གླེང་སྟེགས།