ངོ་འཕྲད་བདེ་བའི་དྲ་འབྲེལ།

བཀའ་ཟུར་འབྲོང་ཆུང་དངོས་གྲུབ་སྲིད་སྐྱོང་གི་འོས་མིར་ལངས་པ།


༄༅།། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཅའ་སྡོད་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྤེལ་འདུག དེ་ཡང་རེས་གཟའ་མིག་དམར་ཏེ། ཕྱི་ཟླ་༩་པའི་ཚེས་༨་ཉིན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་བཅར་འདྲི་ཞུས་པ་ལྟར་ན། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཀྱིས་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་བར་གསུམ་དང་གཞུང་གི་ལས་བྱེད་པ་ཟུར་པ། དེ་བཞིན་བོད་ནང་ལོགས་ནས་སྲིད་སྐྱོང་གི་འོས་མིར་ལང་དགོས་པའི་རེ་སྐུལ་ཞུ་མཁན་མང་པོ་ཞིག་ཡོང་གི་འདུག གལ་སྲིད་ང་ལ་སྔོན་འགྲོའི་འོས་འདེམས་སྐབས་སུ་འོས་གྲངས་འདང་ངེས་ཤིག་ཐོབ་སྟེ་དངོས་གཞི་འོས་མིའི་གྲས་སུ་ཚུད་ཚེ། ང་༢༠༢༡་ལོའི་སྲིད་སྐྱོང་གི་དངོས་གཞིའི་འོས་མིའི་ཁོངས་ནས་ཕྱིར་འཐེན་བྱ་རྩིས་མེད་ཅེས་གསུངས་འདུག

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དུས་ཡུན་སྐར་མ་བཅུ་ལ་བཅར་འདྲི་ཞུས་པ་དེའི་སྐབས་སུ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཀྱིས་རང་ཉིད་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་བར་ས་གནས་ས་ཐོག་ཏུ་སྐོར་སྐྱོད་དང་གཏམ་བཤད་ཀྱི་རིགས་སྤེལ་འཆར་མེད། བཙན་བྱོལ་བོད་མིའི་དམངས་གཙོའི་ཁྱད་ཆོས་དང་བཅའ་ཁྲིམས། འོས་བསྡུའི་སྒྲིག་གཞི་སོགས་སྲིད་དོན་ཚོགས་པ་མེད་པའི་བཙན་བྱོལ་བོད་མིར་རན་པའི་དམངས་གཙོའི་ལམ་ལུགས་ལ་རྩ་འཛིན་ཞུ་རྒྱུ་ལས་འགྲན་རྩོད་ཀྱི་རིགས་ལ་ཞུགས་རྒྱུ་མིན་ཞེས་གསུངས་འདུག

༢༠༢༡་གི་སྲིད་སྐྱོང་འོས་མིར་ལངས་ཡོད་པའི་འགྲན་རྩོད་པ་གཞན་རྣམས་དང་མ་འདྲ་བར་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཀྱི་དྲིལ་བསྒྲགས་ལས་འགུལ་ཁག་ཁོང་ལ་སྲིད་སྐྱོང་གི་འོས་མིར་ལང་དགོས་ཞེས་འབོད་སྐུལ་ཞུ་མཁན་རྒྱབ་སྐྱོར་པ་ཚོས་སྤེལ་རྒྱུ་ཡིན་ཞིང་། དེར་བརྟེན་རེས་གཟའ་མིག་དམར་ཉིན་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཀྱི་རྒྱབ་སྐྱོར་པ་་ཚོས་དྲྭ་ཚིགས་གསར་པ་ཞིག་སྒོ་ཕྱེ་ནས་དོ་བདག་གི་ལོ་རྒྱུས་བཀོད། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་དང་དྲུང་ཆེ་རྣམ་པ་གཙོས་གཞུང་གི་ལས་བྱེད་ཟུར་པ་ཁག་ཅིག་དང་གཞོན་སྐྱེས་ཤེས་ཅན་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ། ལྷག་པར་དུ་དོན་གྲུབ་དབང་ཆེན་སོགས་ཆབ་སྲིད་བཙོན་ཟུར་ཁ་ཤས་ཀྱིས་འབྲོང་ཆུང་དངོས་གྲུབ་ནི་༢༠༢༡་ལོའི་སྲིད་སྐྱོང་གི་འོས་མིར་མ་བཞེངས་ཐབས་མེད་ཀྱི་མི་སྣ་ཞིག་ཅེས་བྲིས་པ་རྣམས་བཀོད་འདུག བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཀྱིས་རང་གི་རྒྱབ་སྐྱོར་པ་ཚོར་ཡ་རབས་དང་བཟང་སྤྱོད་ཀྱི་ལམ་ནས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་དགོས་པར་མ་ཟད། འོས་མི་གཞན་ཚོར་ཟུར་ཟ་དང་སྐྱོན་བརྗོད་སོགས་གཏན་ནས་བྱེད་མི་ཆོག་ཅེས་ཆ་རྐྱེན་བཏོན་འདུག

ད་སྔ་བཀའ་ཟུར་རྒྱ་རི་སྒྲོལ་མ་དང་བཀའ་ཟུར་བློ་བཟང་སྙན་གྲགས། སྤྱི་འཐུས་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་དང་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཁང་གི་འགན་འཛིན་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་བཅས་ཀྱིས་རང་ཉིད་སྲིད་སྐྱོང་གི་འོས་མིར་ལངས་པ་ཡིན་ཞེས་ཡོངས་ཁྱབ་ཏུ་བསྒྲགས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཛིན་ཟུར་པ་བཀྲ་ཤིས་དབང་འདུས་ཀྱིས་བརྒྱུད་ལམ་ཁག་ཅིག་ལ་སྲིད་སྐྱོང་གི་འོས་མིར་ལང་འཆར་ཡོད་ཅེས་གླེང་རུང་དངོས་སུ་གསལ་བསྒྲགས་སྤེལ་མེད་ཅིང་། སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་དེའི་གོང་དེར་སྲིད་སྐྱོང་གི་འོས་མིར་ལང་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ། ཡིན་ནའང་འོས་བསྡུའི་ལས་རིམ་འགོ་འཛུགས་ཟིན་པའི་རྗེས་སུ་མང་ཚོགས་ལ་གསལ་བསྒྲགས་སྤེལ་མེད་པ་བཅས་ཀྱི་སྐོར། ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ།།

XS
SM
MD
LG