ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་ཉེས་འཛུགས།  


༄༅།། ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཁྲིམས་འགལ་བྱས་འདུག་ཅེས་ནེའུ་ཡོག་གྲོང་ཁྱེར་གྱི་མན་ཧ་ཊན་རྫོང་གི་ཁྲིམས་འཛིན་ལས་ཁུངས་ནས་དངོས་སུ་ཉེས་འཛུགས་བྱས་འདུག ཕྱི་ཟླ་༣་པའི་ཚེས་༣༠་ཉིན་གྱི་དགོང་དྲོར་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ལོ་རྒྱུས་སུ་ཌོ་ནལ་ཊམ་ནི་སྲིད་འཛིན་ཟུར་པ་ཞིག་ལ་ཉེས་འཛུགས་བྱུང་བ་ཐེངས་དང་པོ་དེར་འགྱུར་གྱི་ཡོད་ཅིང་། འདས་པའི་ལོ་མང་རིང་ནེའུ་ཡོག་གྲོང་ཁྱེར་གྱི་ཁྲིམས་འཛིན་ལས་ཁུངས་ནས་ཌོ་ནལ་ཊམ་གྱི་ཚོང་ལས་དང་དཔྱ་ཁྲལ་འཇལ་ཡོད་མེད། ཁོ་པའི་ཆབ་སྲིད་ཀྱི་ལས་དོན་ཁག་དང་སྒེར་དོན་བཅས་ལ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་སྔ་ལོ་ནས་༢༠༢༤་ལོའི་སྲིད་འཛིན་འོས་འདེམས་ལ་བསྐྱར་དུ་འགྲན་ཞུགས་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། ད་ལྟ་ཁོང་ལ་དངོས་སུ་ནག་ཉེས་བཙུགས་ཡོད་པས་སྲིད་འཛིན་འོས་འདེམས་ལ་མཉམ་ཞུགས་བྱ་རྒྱུར་འགལ་རྐྱེན་འཕྲད་སྲིད། དེ་རིང་གི་ཉེས་འཛུགས་རྗེས་སུ་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་འགལ་ཟླ་སྔར་ལས་ཇེ་ཆེ་དང་སྤྱི་ཚོགས་ཀྱི་འཐེན་འཁྱེར་ཤུགས་ཆེ་རུ་འགྲོ་སྲིད་པའི་ཉེན་ཁ་ཤིན་ཏུ་ཆེ།།

གཟའ་ཕུར་བུའི་ཕྱི་དྲོར་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ངས་ཁྲིམས་འགལ་གང་ཡང་བྱས་མེད། ང་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་ནི་ཆབ་སྲིད་ཀྱི་གཉའ་གནོན་ཞིག་རེད་ཅེས་དགག་པ་བརྒྱབ། དེ་བཞིན་ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་ཚོས་ཀྱང་སྲིད་འཛིན་ཟུར་པས་ནག་ཉེས་ཅི་ཡང་བསགས་མེད། ང་ཚོས་ཆབ་སྲིད་ཀྱི་ཉེས་འཛུགས་འདིར་འཐབ་རྒོལ་དྲག་པོ་བྱ་རྒྱུ་ཡིན་ཞེས་དག་འབུད་བྱ་ཐབས་སུ་འབད། མན་ཧ་ཊན་རྫོང་གི་ཁྲིམས་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་ཚོར་འབྲེལ་བ་བྱས་ནས་དོ་བདག་ཁྲིམས་ཁང་དུ་བཅར་དགོས་པའི་བཀའ་འགུགས་བྱས་ཡོད་ཅེས་གསལ་བསྒྲགས་སྤེལ། ནེའུ་ཡོག་གྲོང་ཁྱེར་གྱི་ཁྲིམས་འཛིན་ལས་ཁུངས་ནས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཁེ་རེན་མེཀ་དྷུ་གྷལ་ཞེས་པའི་བུད་མེད་ཅིག་ལ་འགབ་མཐུན་བྱས་པར་མ་ཟད། སི་ཊོར་མཱི་ཌེ་ནིལ་ཞེས་པའི་བུད་མེད་ཅིག་ལའང་འགབ་མཐུན་བྱུང་། ༢༠༡༦་ལོར་ཌོ་ནལ་ཊམ་སྲིད་འཛིན་འོས་འདེམས་ལ་ལངས་པའི་རྗེས་སུ་གནས་ཚུལ་དེ་དག་སྦས་གསང་བྱེད་པའི་ཆེད་དུ་ཁེ་རེན་མེཀ་དྷུ་གྷལ་ལ་ཨ་སྒོར་འབུམ་༡་དང་ཕྱེད་ཀ་སྤྲད་ནས་ཁ་བཀག སི་ཊོར་མཱི་ཌེ་ལིལ་ལ་ཨ་སྒོར་འབུམ་༡་དང་ཁྲི་ཚོ་༣་སྤྲད་ནས་ཁ་བཀག་སྟེ་ཁྲིམས་འགལ་བྱས་འདུག་ཅེས་བསྒྲགས།།

ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོ་འཕྲལ་དུ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་རྒྱབ་རྩར་ལངས་ཏེ་ཉེས་འཛུགས་དེར་སྐྱོན་བརྗོད་བྱ་རྒྱུ་མགོ་བརྩམས། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཁེ་ཝེན་མར་ཁར་ཐིས་ཨ་མི་རི་ཀའི་མི་དམངས་ཀྱིས་དྲང་སྙོམས་མིན་པའི་ཉེས་འཛུགས་འདིར་ནམ་ཡང་བཟོད་སྒོམ་བྱེད་མི་སྲིད། གྲོས་ཚོགས་འོག་མས་ཁྲིམས་འཛིན་པ་ཨལ་ཝིན་བྷ་རག་གིས་སྔོན་ཆད་བྱུང་མྱོང་མེད་པའི་དབང་ཚད་ལོག་པོར་སྤྱད་པར་འགན་འཁྲི་ལེན་དུ་འཇུག་རྒྱུ་ཡིན་ཞེས་ཁ་རྡུང་བཏང་འདུག གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཨང་གཉིས་པ་འཐུས་མི་གྲངས་མང་གི་འགོ་ཁྲིད་ས་ཀེ་ལི་སེས་ཉེས་འཛུགས་འདི་ཚད་ལས་བརྒལ་བ་ཞིག་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་ལྷན་ཚོགས་ཁག་གི་གཙོ་འཛིན་སི་ཊེ་ཧྥ་ནིག་གིས་ཉེས་འཛུགས་དེ་ཆབ་སྲིད་ཀྱི་ཀུན་སློང་ཞིག་ཡིན་པ་དང་ཨ་རིའི་ལོ་རྒྱུས་སུ་མུན་ནག་གི་ཉིན་མོ་ཞིག་རེད་ཅེས་གསལ་བསྒྲགས་སྤེལ། ཕོ་བྲང་དཀར་པོས་ཉེས་འཛུགས་དེར་གླེང་སློང་ཅི་ཡང་བྱས་མེད་པའི་གནས་ཚུལ་ཐོན།།

སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་ནེའུ་ཡོག་གྲོང་ཁྱེར་གཅིག་པུ་མིན་པར་ཨ་རིའི་འཇོར་ཇཱི་ཡ་མངའ་སྡེའི་ཧྥལ་ཊོན་རྫོང་གི་ཁྲིམས་འཛིན་ལས་ཁུངས་ནས་ཀྱང་ཞིབ་འཇུག་བྱེད་ཀྱི་ཡོད་པ་སྟེ། ༢༠༢༠་ལོའི་སྲིད་འཛིན་འོས་འདེམས་རྗེས་སུ་ཌོ་ནལ་ཊམ་གྱིས་འཇོར་ཇཱི་ཡ་མངའ་སྡེའི་འགོ་ཁྲིད་ཚོར་འོས་འདེམས་ཀྱི་གྲུབ་འབྲས་རྩིས་མེད་ཐོངས། ཁོ་པར་འོས་འདེམས་ཀྱི་རྒྱལ་ཁབ་འཐོབ་པར་འོས་ཤོག་ལོངས་ངེས་ཤིག་འཚོལ་ཤོག་ཅེས་གནོན་ཤུགས་སྤྲད། ཨ་མི་རི་ཀའི་དབུས་ཁྲིམས་འཛིན་ལྷན་ཁང་ནས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་རང་ཁྱིམ་དུ་རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་ཤོག་སྒམ་མང་པོ་ཁྲིམས་འགལ་ཐོག་ཏུ་ཉར་འཛིན་བྱས་པར་ཞིབ་འཇུག་བྱེད་ཀྱི་ཡོད་ཅིང་། དེར་བརྟེན་ཌོ་ནལ་ཊམ་ལ་འཇོར་ཇཱི་ཡ་མངའ་སྡེ་དང་དབུས་ཁྲིམས་འཛིན་ལྷན་ཁང་གཉིས་ཀྱིས་ཀྱང་ཡུན་རིང་མི་འགོར་བར་ཉེས་འཛུགས་བྱ་རྒྱུའི་རྟགས་མཚན་ཡོད་པའི་གནས་ཚུལ་ཐོན་འདུག

ཌོ་ནལ་ཊམ་ལ་ཉེས་འཛུགས་བྱས་པའི་རྗེས་སུ་ནེའུ་ཡོག་གྲོང་ཁྱེར་གཞུང་གིས་ཉེན་རྟོག་པ་༣༦༠༠༠་ཡོད་པ་དེ་དག་ལ་ཟིང་འཁྲུག་ལང་སྲིད་པར་སྔོན་འགོག་བྱ་དགོས་ཞེས་བཀོད་ཁྱབ་བཏང་འདུག ཨ་རིའི་ནུབ་ཕྱོགས་ཀྱི་ལོ་སི་ཨན་ཇཱི་ལི་སི་གྲོང་ཁྱེར་གཞུང་གིས་ཀྱང་སང་ཞོགས་ཆུ་ཚུད་༧་པ་ནས་ཉེན་རྟོག་པ་ཚང་མས་སྒྲིག་ཆོས་གྱོན་ནས་དྲག་ཟིང་ལང་སྲིད་པར་སྔོན་འགོག་གི་གྲ་སྒྲིག་བྱ་དགོས་ཞེས་བཀའ་ཕབ། ཉེ་ཆར་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ང་ནེའུ་ཡོཀ་གྲོང་ཁྱེར་གྱི་ཁྲིམས་འཛིན་ལས་ཁུངས་ནས་འཛིན་བཟུང་བྱ་དགོས་པའི་ཉེས་འཛུགས་བྱས་ན་མང་ཚོགས་ཀྱིས་ངོ་རྒོལ་ཁྲོམ་སྐོར་བྱ་དགོས། ང་ཚོར་༢༠༢༤་ལོའི་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་མ་ཐོབ་ན་ཨ་མི་རི་ཀའི་རྒྱལ་ཁབ་འདི་ཉམས་དམས་སུ་འགྲོ་རྒྱུ་རེད་ཅེས་སྐུལ་སློང་བྱས་འདུག ཨ་མི་རི་ཀའི་བདེ་འཇགས་མི་སྣ་ཚོས་༢༠༢༡་གི་ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་ཚོས་ཨ་རིའི་གྲོས་ཚོགས་ལ་དཔུང་རྒོལ་བྱས་པ་ལྟར་སོང་ཉིན་ཡང་ངོ་རྒོལ་ཆེན་པོ་ཞིག་འབྱུང་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG