ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་འཛིན་ཊམ་ལ་ཨ་རི་ཛོ་ན་མངའ་སྡེར་འོས་ཤོག་མང་དུ་འགྲོ་བཞིན་པ། 


༄༅།། ཨ་རིའི་སྲིད་འཛིན་འོས་འདེམས་བྱས་ནས་ཉི་མ་གཉིས་འགྲོ་བཞིན་ཡོད་ཀྱང་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ཐག་ཆོད་མེད་པ་སྟེ། ད་དུང་ཡང་ཨ་རིའི་པེན་སིལ་ཝྭེ་ཎི་ཡ་དང་འཇོར་ཇཱི་ཡ། བྱང་ཁེ་རོ་ལེ་ན་དང་ཨ་རི་ཛོ་ན། ནེ་ཝྭ་ཌ་སོགས་མངའ་སྡེ་ཁག་ཅིག་གི་འོས་ཤོག་རྣམས་གྲངས་ཀ་བརྒྱབ་ཚར་མེད་ཅིང་། འདས་པའི་ལོ་མང་རིང་ཨ་རི་ཛོ་ན་མངའ་སྡེར་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་འོས་ཤོག་མང་བ་ཐོབ་མོད། འོན་ཀྱང་ཕྱི་ཟླ་༡༡་པའི་ཚེས་༣་ཉིན་ཨ་རིའི་སྲིད་འཛིན་འོས་འདེམས་བྱས་ནས་བཟུང་སྟེ་མངའ་སྡེ་དེར་ཇཱོ་བྷ་ཌན་ལ་སྲིད་འཛིན་ཌོ་ནལ་ཊམ་ལས་འོས་ཤོག་འབུམ་གཅིག་ལྷག་མང་བ་ཐོབ་ནས་བསྡད་ཀྱང་མདང་དགོང་ནས་ཨ་རི་ཛོ་ན་མངའ་སྡེར་སྲིད་འཛིན་འོས་མི་གཉིས་ལ་འོས་ཤོག་མང་ཉུང་གི་ཁྱད་༦༠༠༠༠་ཡས་མས་ཤིག་ལ་གྱུར་ཏེ་སྲིད་འཛིན་ཊམ་ལ་རེ་བ་ཆེ་རུ་ཕྱིན་འདུག འོས་འདེམས་ཀྱི་ཉིན་མོ་ནས་འཇོར་ཇཱི་ཡ་མངའ་སྡེར་སྲིད་འཛིན་ཌོ་ནལ་ཊམ་ལ་འོས་ཤོག་ས་ཡ་གཅིག་མ་ཟིན་ཙམ་ཞིག་མང་བ་ཐོབ་སྟེ་ཇཱོ་བྷ་ཌན་ལ་རེ་བ་མེད་པ་ལྟར་དུ་གྱུར་ཀྱང་མདང་དགོང་ནས་འཇོར་ཇཱི་ཡ་མངའ་སྡེར་ཇཱོ་བྷ་ཌན་དང་སྲིད་འཛིན་ཌོ་ནལ་ཊམ་གཉིས་ལ་འོས་ཤོག་མང་ཉུང་༢༠༠༠༠་མ་ཟིན་ཙམ་ཞིག་ལ་གྱུར་ཏེ་ཇཱོ་བྷ་ཌན་ལ་རེ་བ་ཆེ་རུ་ཕྱིན་འདུག པེན་སིལ་ཝྭེ་ཎི་ཡ་མངའ་སྡེར་སྲིད་འཛིན་ཊམ་ལ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་ལས་འོས་ཤོག་༢༠༠༠༠༠་མ་ཟིན་ཙམ་མང་བ་འཐོབ་ཀྱི་འདུག

འཇོར་ཇཱི་ཡ་མངའ་སྡེའི་འོས་ཤོག་བརྒྱ་ཆ་༩༦་གྲངས་བཤེར་ཟིན་པ་དང་ནེ་ཝྭ་ཌ་མངའ་སྡེའི་འོས་ཤོག་བརྒྱ་ཆ་༨༦་གྲངས་བཤེར་ཟིན། ཨ་རི་ཛོ་ན་མངའ་སྡེའི་འོས་ཤོག་བརྒྱ་ཆ་༨༦་དང་པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་འོས་ཤོག་བརྒྱ་ཆ་༨༩་གྲངས་བཤེར་ཟིན་འདུག ཁ་སང་གཟའ་ལྷག་པའི་ཉིན་ཨ་རིའི་ཝི་སི་ཀོན་སན་དང་མཱི་ཆི་གྷན་མངའ་སྡེ་གཉིས་ཀྱི་འོས་ཤོག་རྣམས་གྲངས་བཤེར་ཟིན་ཏེ་ཇཱོ་བྷ་ཌན་ལ་འོས་ཤོག་གྲངས་མང་གི་རྒྱལ་ཁ་ཐོབ་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་འོས་ཤོག་མང་ཉུང་བསྐྱར་དུ་གྲངས་བཤེར་བྱ་དགོས་ཞེས་ཁྲིམས་ཁང་ལ་གཏུགས་ནས་འོས་འདེམས་ཀྱི་གྲུབ་འབྲས་དེར་ངོས་ལེན་བྱེད་ཀྱི་མེད་པ་རེད། ད་ལྟ་ཨ་རི་ཛོ་ན་མངའ་སྡེར་འོས་ཤོག་༢༠༠༠༠༠་ཡས་མས་ཤིག་ལས་གྲངས་བཤེར་བྱ་རྒྱུ་ལུས་མེད་པས་ཇཱོ་བྷ་ཌན་ལ་འོས་ཤོག་མང་བ་འཐོབ་ཡོད་པ་དེ་རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་མིན། སྲིད་འཛིན་ཊམ་ལ་ཨ་རི་ཛོ་ན་མངའ་སྡེའི་འོས་ཤོག་༢༠༠༠༠༠་ཡས་མས་ཤིག་ལུས་ཡོད་པ་དེའི་ཁོངས་སུ་འོས་ཤོག་ཅི་ཙམ་འཐོབ་རྒྱུ་ཡོད་མེད་རྣམས་ངེས་གཏན་བྲལ། སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་ལ་ཨ་རི་ཛོ་ན་མངའ་སྡེར་འོས་ཤོག་མང་བ་འཐོབ་རྒྱུ་ཡོད་པའི་རྩིས་རྒྱག་གི་ཡོད་པ་དང་ཇཱོ་བྷ་ཌན་གྱིས་རང་ལ་འཇོར་ཇཱི་ཡ་མངའ་སྡེའི་གྲོང་ཁྱེར་ཁག་ཏུ་འོས་ཤོག་མང་བ་འཐོབ་རྒྱུ་ཡོད་པའི་རེ་ལྟོས་འཆང་འདུག གཟའ་མིག་དམར་གྱི་དགོང་མོར་ཨ་རིའི་མཉམ་འབྲེལ་གསར་ཁང་དང་ཧྥོཀ་སི་གསར་འགྱུར་ལས་ཁང་གཉིས་ཀྱིས་ཨ་རི་ཛོ་ན་མངའ་སྡེའི་འོས་ཤོག་རྣམས་ཇཱོ་བྷ་ཌན་ལ་འཐོབ་རྒྱུ་རེད་ཅེས་སྔོན་དཔག་བྱས་པར་སྲིད་འཛིན་ཌོ་ནལ་ཊམ་དང་ཊམ་གྱི་འོས་འདེམས་ལས་འགུལ་ཁང་གིས་ཁ་རྡུང་དྲག་པོ་བཏང་ཞིང་། ཁོ་ཚོས་འོས་ཤོག་འབུམ་ཕྲག་མང་པོ་གྲངས་བཤེར་མ་ཚར་སྔོན་དུ་ཨ་རི་ཛོ་ན་མངའ་སྡེའི་འོས་ཤོག་རྣམས་ཇཱོ་བྷ་ཌན་ལ་ཐོབ་པ་རེད་ཅེས་སྔོན་བསྒྲགས་བྱས་པ་ནོར་འཁྲུལ་རེད་ཅེས་ངོ་རྒོལ་བྱས་འདུག

ད་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་སུ་ལ་འཐོབ་རྒྱུ་ཡིན་མིན་ནི་པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་འོས་ཤོག་རྣམས་སུ་ལ་འཐོབ་རྒྱུ་ཡིན་མིན་དེས་ཐག་གཅོད་བྱ་སྲིད་པའི་རྟགས་མཚན་ཐོན། དཔེར་ན་སྲིད་འཛིན་ཌོ་ནལ་ཊམ་གྱིས་པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་འགོ་ཁྲིད་ཚོ་དང་མངའ་སྡེ་དེའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་རྣམས་དམངས་གཙོ་ཚོགས་པའི་ཚོགས་མི་ཡིན་པས་འོས་འདེམས་དྲང་སྙོམས་ཤིག་ཡོང་གི་མ་རེད། པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་འགོ་ཁྲིད་ཚོས་འོས་ཤོག་རྫུན་མ་ཁ་སྣོན་བྱས་ནས་ཇཱོ་བྷ་ཌན་ལ་འོས་ཤོག་མང་བ་འཐོབ་ཏུ་འཇུག་ཐབས་བྱ་ངེས་རེད་ཅེས་སྐྱོན་བཙུགས། པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་འོས་བསྡུ་ཁང་གི་ལས་སྣེ་ཚོས་འོས་ཤོག་གྲངས་བཤེར་བྱ་ཡུལ་ཁག་ཏུ་པར་ཆས་བཙུགས་ནས་ལྟ་རྟོག་བྱེད་བཞིན་ཡོད། འོས་ཤོག་གྲངས་བཤེར་བྱ་ཡུལ་ཁག་ཏུ་སྤྱི་མཐུན་ཚོགས་པའི་རྟོག་ཞིབ་པ་རེ་དང་དམངས་གཙོ་ཚོགས་པའི་རྟོག་ཞིབ་པ་རེ་མཉམ་དུ་བཞག་ཡོད། རྟོག་ཞིབ་པ་གཉིས་ཀྱི་སུ་ལ་དོགས་པ་ཡོད་པའི་འོས་ཤོག་རེ་རྙེད་ན་དར་ཆ་དམར་པོ་ཞིག་འཕྱར་ནས་རྟོག་ཞིབ་པ་གསུམ་པ་ཞིག་ལ་སྐད་ཆ་དྲིས་ནས་འོས་ཤོག་དེ་རྩིས་ཡོད་དང་རྩིས་མེད་གཏོང་དགོས་མིན་ཐག་གཅོད་བྱེད་དུ་འཇུག་གི་ཡོད་ཅེས་ལན་འདེབས་བྱས་འདུག ཉམས་ཞིབ་པ་ཚོས་པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་འོས་ཤོག་གྲངས་བཤེར་ཟིན་པ་རྣམས་འོས་འདེམས་ཉིན་དངོས་སུ་འོས་ཤོག་འཕངས་པ་རྣམས་ཡིན་པ་དང་གཞུག་ཏུ་གྲངས་བཤེར་བྱེད་ཀྱི་ཡོད་པའི་འོས་ཤོག་རྣམས་སྦྲག་ཁང་དུ་བསྐུར་པའི་འོས་ཤོག་རྣམས་ཡིན་འདུག སྦྲང་ཁང་བརྒྱུད་ནས་བསྐུར་པའི་འོས་ཤོག་མང་ཆེ་བ་ཇཱོ་བྷ་ཌན་ལ་འཕེན་མཁན་རྣམས་ཡིན་པས་སྲིད་འཛིན་ཌོ་ནལ་ཊམ་གྱིས་འོས་ཤོག་གྲངས་བཤེར་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཟེར་གྱི་ཡོད་པ་རེད།།

སྲིད་འཛིན་ཌོ་ནལ་ཊམ་དང་སྤྱི་མཐུན་ཚོགས་པའི་རྒྱབ་སྐྱོར་པ་ཚོས་པེན་སིལ་ཝྭེ་ཎི་ཡ་མངའ་སྡེར་འོས་ཤོག་གྲངས་བཤེར་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་སྲིད་འཛིན་ཌོ་ནལ་ཊམ་ལ་འོས་ཤོག་མང་བ་ཐོབ་ཡོད་པའི་མཚམས་དེ་ནས་འོས་ཤོག་གྲངས་བཤེར་བྱས་མེད་པ་རྣམས་གྲངས་བཤེར་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་ངོ་རྒོལ་སྐད་འབོད་བྱེད་ཀྱི་ཡོད་ཅིང་། ཨ་རི་ཛོ་ན་མངའ་སྡེར་སྲིད་འཛིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་པ་ཚོས་འོས་ཤོག་ཚང་མ་གྲངས་བཤེར་བྱ་དགོས་ཞེས་སྲིད་འཛིན་ཌོ་ནལ་ཊམ་ལ་འོས་ཤོག་མང་བ་འཐོབ་ཐུབ་པའི་རེ་ལྟོས་འཆང་ནས་ངོ་རྒོལ་བྱེད་དུ་བཅུག་འདུག ཇཱོ་བྷ་ཌན་གྱིས་འོས་ཤོག་ཚང་མ་གྲངས་བཤེར་བྱ་དགོས། ཨ་མི་རི་ཀའི་དམངས་གཙོའི་ཐོབ་ཐང་སུ་གཅིག་གིས་ཀྱང་འཕྲོག་ཐབས་མེད་ཅེས་གཏམ་བཤད་ཐེངས་གཉིས་བྱས་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་ལ་འོས་ཤོག་མང་བ་འཐོབ་ཀྱི་ཡོད་པའི་མངའ་སྡེ་ཁག་གི་འོས་ཤོག་ལུས་ཡོད་པ་རྣམས་རྩིས་མེད་བཏང་ནས་འོས་ཤོག་གྲངས་བཤེར་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཟེར་གྱི་ཡོད་པར་མ་ཟད། ཁོང་ལ་འོས་ཤོག་ཉུང་བ་འཐོབ་ཀྱི་ཡོད་པའི་མངའ་སྡེ་ཁག་གི་འོས་ཤོག་གྲངས་བཤེར་བྱས་མེད་པ་རྣམས་མུ་མཐུད་དུ་གྲངས་ཀ་རྒྱག་དགོས་ཞེས་ངོ་རྒོལ་སྐད་འབོད་བྱེད་དུ་བཅུག་འདུག ཟླ་བ་མང་པོའི་སྔོན་ནས་སྲིད་འཛིན་ཌོ་ནལ་ཊམ་གྱིས་འོས་འདེམས་ལ་གཡོ་ཁྲམ་འབྱུང་གི་རེད་ཅེས་ཁུངས་མེད་ཀྱི་སྐྱོན་འཛུགས་བྱས་ནས་སྲིད་དབང་རྩིས་སྤྲོད་བྱ་རྒྱུ་མིན་པའི་བརྡ་བཏང་ཞིང་། སྲིད་འཛིན་ཊམ་གྱིས་རང་ལ་དམངས་གཙོའི་ལམ་ནས་འོས་འདེམས་ཀྱི་རྒྱལ་ཁ་མ་ཐོབ་ཚེ། ཁོ་པས་ཆེས་མཐོའི་ཁྲིམས་ཁང་ལ་གཏུགས་ནས་རང་གི་ལས་དུས་སྐབས་སུ་བསྐོ་བཞག་བྱས་པའི་ཁྲིམས་དཔོན་གསུམ་དང་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་དུ་རྙིང་ཞེན་ཅན་གི་ཁྲིམས་དཔོན་༦་དྲག་ཡོད་པ་དེ་དག་གིས་སྐྱོབ་ཐུབ་རྒྱུའི་རེ་ལྟོས་འཆང་ཡོད་པ་རེད།།

འོས་ཤོག་ཚང་མ་བརྩི་དགོས་པའི་ངོ་རྒོལ་ལས་འགུལ།
འོས་ཤོག་ཚང་མ་བརྩི་དགོས་པའི་ངོ་རྒོལ་ལས་འགུལ།

ད་ལྟ་ཨ་རིའི་གྲོང་ཁྱེར་མང་དག་ཅིག་ཏུ་འོས་ཤོག་ཚང་མ་གྲངས་བཤེར་བྱ་དགོས་ཞེས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཞིག་འགོ་ཚུགས། ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་དང་ཧྥི་ནིཀ་སི། ཌེ་ཊི་རོ་ཡེ་ཊི་དང་ལོ་སི་ཨན་ཇཱི་ལི་སི། སི་ཨེ་ཊལ་དང་ཕོར་ཊི་ལན་ཌི། ཧིའུ་སི་ཊོན་དང་ཕི་ཛི་བྷག མཱི་ཎི་ཨ་པོ་ལི་སི་དང་སན་ཌི་ཡེ་གྷོ། ཌ་ལ་སི་དང་ཆི་ཁ་གྷོ་བཅས་གྲོང་ཁྱེར་བཅུ་གྲངས་ཤིག་གི་ནང་དུ་མི་དམངས་ཀྱིས་འོས་ཤོག་འཕངས་པ་རྣམས་གྲངས་བཤེར་བྱ་དགོས་ཞེས་ངོ་རྒོལ་ཁྲོམ་སྐོར་བྱས་འདུག གལ་ཏེ་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་ལ་རྒྱལ་ཁ་འཐོབ་ཀྱི་ཡོད་ས་ཁག་ཏུ་འོས་ཤོག་གྲངས་བཤེར་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཟེར་པ་དང་ཁོ་པར་འོས་ཤོག་ཉུང་བ་ཐོབ་ཀྱི་ཡོད་ས་ཁག་ཏུ་འོས་ཤོག་གྲངས་བཤེར་བྱ་དགོས་ཞེས་རྒྱབ་སྐྱོར་པ་ཚོས་བསྐུལ་ནས་ངོ་རྒོལ་བྱེད་དུ་འཇུག་གི་ཡོད་པ་མཚམས་འཇོག་མ་བྱས་ཚེ། ཨ་རིའི་རྒྱལ་ཡོངས་སུ་འོས་ཤོག་ཚང་མ་གྲངས་བཤེར་བྱ་དགོས་ཞེས་ངོ་རྒོལ་བྱས་ནས་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེ་རུ་གཏོང་སྲིད་པའི་ཉེན་ཁ་འབྱུང་སྲིད། རྒྱལ་སྤྱིའི་རྟོག་ཞིབ་པ་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་དམངས་གཙོའི་ལམ་ལུགས་དང་མི་མང་གི་འོས་ཤོག་ལ་དོགས་སློང་བྱས་ནས་ཁྲིམས་ལ་གཏུགས་ཏེ་ཨ་རིའི་འོས་འདེམས་ཀྱི་ལམ་ལུགས་ལ་ནག་ཐིག་ཆེན་པོ་ཞིག་ཕབ་སོང་། སྲིད་འཛིན་ཊམ་གྱིས་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་དེ་དག་ལ་ཁུངས་སྐྱེལ་ར་སྤྲོད་སྟོན་རྒྱུ་མི་འདུག་ཅེས་བཤད། ཉམས་ཞིབ་པ་ཁག་ཅིག་གིས་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་དམངས་གཙོའི་ལམ་ལུགས་མཇུག་བསྡུས་ནས་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་ཤིག་གསར་གཏོད་བྱ་ཐབས་བྱེད་ཀྱི་འདུག་ཟེར་པ་དང་། ཡུ་རོབ་ཀྱི་ཉམས་ཞིབ་པ་ཁག་ཅིག་གིས་ཌོ་ནལ་ཊམ་དང་སྔོན་གྱི་རོ་མན་བཙན་རྒྱལ་གྱི་གོང་མ་རྣམས་གཤིབ་སྡུར་བྱས་ནས་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་འདུག

XS
SM
MD
LG