ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༠༤

རྒྱ་ནག་གི་སློབ་ཕྲུག་ཚོས་ནུབ་ཕྱོཊ་ནས་སློབ་སྦྱོང་ཡག་པོ་བྱེད་ཐུབ་ཀྱི་མེད་དོན་ཅི་ཡིན་ནམ།


ཨ་མེ་རི་ཀའི་ཕུ་ལིན་སི་ཏོན་གཙུག་ལག་སློབ་གྲྭ་ཆེན་མོའི་གཙུག་ལག་སློབ་དཔོན་ཟུར་པ་ཕེ་རེ་ལིན་ལགས།
ཨ་མེ་རི་ཀའི་ཕུ་ལིན་སི་ཏོན་གཙུག་ལག་སློབ་གྲྭ་ཆེན་མོའི་གཙུག་ལག་སློབ་དཔོན་ཟུར་པ་ཕེ་རེ་ལིན་ལགས།

༼ རྒྱ་སྐད་རྒྱ་ཡིག་དང་རྒྱ་ནག་གི་རིག་གནས་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་པའི་ཨ་མེ་རི་ཀའི་གཙུག་ལག་སློབ་དཔོན་ཆེན་མོ་ཕེ་རེ་ལིན་ཁེ་Perry Link ལགས་ཀྱིས་དངོས་སུ་རྒྱ་ཡིག་ནང་བྲིས་གནང་བའི་མཚན་བྱང་ལ། ཆབ་སྲིད་མ་ཤོད། ཕྱི་ལོགས་སུ་སློབ་སྦྱོང་ལ་འབྱོར་བའི་རྒྱ་ནག་གི་སློབ་ཕྲུག་ཚོའི་སློབ་གཉེར་གྱི་བཀག་རྡོ་ཞེས་པའི་རྩོམ་ཡིག་ཅིག་འདི་གའི་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ནས་སྤེལ་བར་བོད་ཡིག་ནང་ཕབ་སྒྱུར་ཞུས་ཏེ་འདིར་འཁོད་ཡོད་པས་གཟིགས་འཚལ། ༽

ངེད་རང་ནས་ད་ལོའི་སྤྱི་ཟླ་༩ པར་བུ་གཙུག་ལག་སློབ་གྲྭ་ཆེན་མོར་བསྐྱལ་ཞིང་། ཇི་སྐད་དུ་ཕ་སེམས་བུ་ཐོག་གི་དཔེ་བཞིན་སློབ་གྲྭའི་ར་སྐོར་ནས་བུ་དང་ཟུར་གྱེས་བྱ་རྒྱུར་སེམས་འཕྲེང་གི་སྐྱོ་ཉམས་ཤར། རང་ཁྱིམ་དུ་ཕྱིར་འབྱོར་གྱི་ཉིན་གཉིས་པར་བུ་དང་ཁ་པར་ལམ་ནས་ཕྱོགས་ཡས་མས་ཀྱི་ཅི་འཕྲོས་མོལ་འཕྲོས་གླེང་སྐབས། སློབ་གྲོགས་གསར་པ་ཚོ་མཉམ་དུ་ཚོར་སྣང་ཅི་བྱུང་ཡང་དྲིས། ཁོས་མཚམས་མཚམས་ལ་རྒྱ་ནག་ནས་ཡོང་བའི་སློབ་ཕྲུག་གསར་པ་གཉིས་དང་ཐུག་རབས་གླེང་། རྣམ་གཉིས་ཨ་མེ་རི་ཀར་འབྱོར་ནས་ཉིན་འགའ་ཤས་ལས་ཕྱིན་མེད་ཅིང་། དབྱིན་ཇིའི་སྐད་ཡིག་གི་གནས་ཚད་མི་འགྲིགས་པ་མེད་ཀྱང་། ངའི་བུ་ལ་ཧ་ལས་ཧང་སངས་སུ་བཅུག་པའི་སྐད་ཆ་འགའ་ཤས་བཤད་ཡོད་པར་ངེས། ཁོང་ཚོ་ཨ་རིའི་སློབ་ཕྲུག་གསུམ་བཞི་ཞིག་དང་ལྷན་དུ་མ་བཅོས་མ་སླད་པའི་ཡས་གཏམ་མས་གཏམ་ལྷུག་པོར་གྲོལ་སྐབས། ཁ་བརྡའི་བརྗོད་གཞི་ཨ་རིའི་སྤྱི་མཐུན་ཚོགས་པའི་སྔོན་འགྲོའི་སྲིད་འཛིན་འོས་བསྡུའི་ཕྱོགས་སུ་འཕྲོས་པར།

སྐབས་དེ་ཤས་ཙམ་ལ། རྒྱ་མིའི་སློབ་ཕྲུག་ཅིག་གིས་ཧ་ཅང་དོག་མི་བདེ་བའི་ངང་ཚུལ་གྱིས། "ཆབ་སྲིད་མ་ཤོད། "ཅེས་བརྗོད་ཅིང་སྐད་ཆའི་གདངས་ཀྱང་འཚུབ་སྣང་གིས་ཁེངས་པར་བྱེད།

"ག་རེ་ཡིན་ནམ།" ཨ་རིའི་སློབ་ཕྲུག་ཅིག་གིས་རྒྱུ་མཚན་ཅི་ཡིན་ཆ་འཚལ་བར་དེ་བཞིན་དྲིས།

དེའི་མཚམས་སུ་རྒྱ་མིའི་སློབ་ཕྲུག་གཉིས་པ་དེས། "འདི་སློབ་གྲྭ་ཆེན་མོ་རེད། ང་ཚོས་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་བྱ་དགོས། ཆབ་སྲིད་མ་ཤོད།" ཅེས་བརྗོད།

ངའི་བུ་ཡིས་དོན་འདི་ཅི་ཡིན་ནམ་ཞེས་ང་ལ་དྲིས། ངས་ཕལ་ཆེར་སློབ་ཕྲུག་དེ་གཉིས་རྒྱ་ནག་ནས་མ་ཐོན་སྔོན་དུ་ཆབ་སྲིད་སློབ་སྟོན་པས་ཁོང་ཚོར་ཁྱེད་ཅག་ཕྱི་རྒྱལ་དུ་འགྲོ་དོན་ནི་སློབ་སྦྱོང་ཡིན་པས། ཆབ་སྲིད་ཀྱི་སྐོར་ལ་རྩ་བ་ནས་ཇུས་གཏོགས་བྱ་མི་ཉན་ཞེས་བརྗོད་ཡོད་པར་ངེས། གཞོན་སྐྱེས་དེ་གཉིས་ནས་ཀྱང་སྲོག་མེད་ཀྱི་བེམ་པོའི་འཕྲུལ་ཆས་བཞིན་དུ་ཅི་གསུང་བཀའ་སྒྲུབ་དང་བཀའ་བརྩི་དང་ལེན་བྱས་ཡོད་པར་གདོན་མི་ཟ།

ཉེ་བའི་ལོ་ངོ་བཅུ་ལྷག་གི་རིང་། ཁོ་བོས་ཁ་ལི་ཧྥོ་ལི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་རྒྱ་ནག་ནས་ཕེབས་པའི་དངོས་གཞིའི་སློབ་ཕྲུག་ཉིས་བརྒྱ་ཡས་མས་ཤིག་ལ་སློབ་ཁྲིད་བྱས། དེའི་ཁོངས་སློབ་གཉེར་ཡག་པོ་ཡོད་པའང་འགའ་ཞིག་ཡོད་ཀྱང་། མང་ཤས་ནི་དཀའ་ངལ་གྱི་གནས་སུ་ལྷུང་ཡོད་ཅིང་འགལ་རྐྱེན་བཀག་རྡོ་ལྟ་བུར་རིགས་འགའ་ཤས་ཡོད་པ་ལས། དབྱིན་ཇིའི་སྐད་ཡིག་ལ་བྱང་ཆ་དེ་ཙམ་མེད་པ་ནི་འགོག་རྐྱེན་ཞིག་དང་། དེ་བཞིན་ཁོར་ཡུག་ལ་ཆ་རྒྱུས་མེད་པ་དང་། རྒྱུན་ལྡན་ཉིན་རེའི་འཚོ་བའི་བྱ་བཞག་ནང་ནས་ཀྱང་བར་གཅོད་ཀྱི་གེགས་ཆ་ཆུང་ཙག་ཇི་སྙེད་ཅིག་མཆིས་ཀྱང་། དེ་ལས་ད་དུང་འགལ་རྐྱེན་གལ་འགངས་ཆེ་ཤོས་ཤིག་ནི་སློབ་ཕྲུག་ཚོའི་སློབ་གཉེར་རྒྱབ་ལྗོངས་ཀྱི་གསེང་ལ་མི་མངོན་པའི་ངང་ནས་བསྟུད་ལ་བསྟུད་མར་གྱི་ཚུལ་དུ་གནས་འདུག་ཅིང་། ཁོ་བོས་གང་དཔེ་ཁྲིད་བགྱིས་པའི་ཁྲིད་གཞི་མ་ལུས་རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་དང་སྒྱུ་རྩལ་རྩོམ་འབྲི་ལ་འབྲེལ་བ་ཡོད་ཙ་ན། འགོག་རྐྱེན་དེའི་རིགས་གསལ་མཐོང་གི་གོ་སྐབས་ཤིན་ཏུ་མང་ལ། གཤམ་ནས་གལ་ཆེན་གནད་དོན་ཁག་ཅིག་བརྗོད་གཞི་ཟུར་འདོན་གྱིས་རྒྱས་ཙམ་སྤྲོས་ན་འདི་ལྟ་སྟེ།

སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་རབས་ལོ་རྒྱུས་ལ་གོ་རྟོགས་ཚུལ་བཞིན་མེད་པ།

དམར་ཤོག་ཚོགས་པས་སྤྱི་ལོ་༡༩༥༠ ལོ་ནས་༡༩༥༣ ལོའི་བར་གྲོང་གསེབ་ཁག་ཏུ་ས་གཞི་བཅོས་བསྒྱུར་བྱེད་སྐབས། རོབ་ཚོད་ལ་མི་དྲག་ས་ཡ་གཉིས་ནས་ས་ཡ་ལྔ་ཡས་མས་ཤིག་བསད་ཡོད་པ་དང་། སྤྱི་ལོ་༡༩༥༩ ལོ་ནས་༡༩༦༢ ལོའི་བར་མའོ་ཙེ་ཏུང་གིས་སོ་ནམ་ཞིང་ལས་ཐུན་མོང་ཅན་དུ་བསྒྱུར་བའི་མཆོངས་བསྐྱོད་ཆེན་པོ་ཞེས་པའི་ཁྱད་མཚར་གྱི་འགུལ་དེ་ལས། གྲངས་འབོར་ངེས་གཏན་མེད་ཀྱང་རགས་རྩིས་ལ་ཧ་ལམ་རྒྱ་ནག་གི་ཞིང་པ་མི་གྲངས་བྱེ་བ་གསུམ་ནས་བཞི་ཙམ་ཞིག་བཀྲེས་ལྟོགས་ཀྱིས་མནར་ཏེ་མུ་གེས་འཆི་ལམ་དུ་བརྫངས། དེ་བཞིན་སྤྱི་ལོ་༡༩༦༦ ལོ་ནས་འགོ་འཛུགས་ཀྱིས་༡༩༦༩ ལོའི་བར་གྱི་རིག་གནས་གསར་བརྗེ་ཆེན་མོ་ཞེས་པའི་ཆབ་སྲིད་ཀྱི་ལས་འགུལ་ནང་མི་གྲངས་ས་ཡ་འགའ་ཤས་རྐྱེན་འདས་སུ་བཏང་ཡོད་པར་མ་ཟད། རྒྱ་ནག་རིག་གཞུང་གི་རྐང་རྩ་ལྟ་བུའི་རིན་ཐང་འགའ་ཤས་རྨང་ནས་བཤིག་ཡོད་པ་རེད། སྤྱི་ལོ་༡༩༨༩ ལོར་པེ་ཅིང་གྲོང་ཁྱེར་གྱི་དབུས་སུ་དམངས་གཙོའི་དགོས་འདུན་འདོན་མཁན་གྱི་སློབ་ཕྲུག་དང་མི་སེར་དཀྱུར་མ་དམར་གསོད་བཏང་བ་སོགས་དཔེར་བརྗོད་གྲངས་ཀྱིས་བགྲང་ཐབས་མེད་པར་ཇི་སྙེད་ཡོད་མོད། དཔེ་བརྗོད་དེ་ཚོ་དྲངས་མ་དྲངས་ཀྱང་འབྲེལ་བ་ཆེར་མ་མཆིས། ཅི་ལགས་ཞེ་ན། རྒྱ་ནག་ནས་ཡོང་བའི་སློབ་ཕྲུག་ཚོས་ཐ་ན་གོང་ཞུས་རྒྱ་མཚོའི་ནང་གི་ཆུ་ཐིགས་ལྟ་བུའི་དཔེ་མཚོན་དེ་དག་ཀྱང་ཧ་ལམ་རྣ་ཐོས་ཙམ་ཡང་མེད་པའི་ཚོད་ཡིན།

འཁྱོག་བརྗོད་ཚབས་ཆེན་གྱིས་སླད་པའི་གོ་ལོག།

ཁོ་བོས་ཧ་ལམ་རྣ་ཐོས་ཙམ་ཡང་མེད་པའི་ཚོད་ཡིན་ཞེས་ཧ་ལམ་ཞེས་པའི་ཚིག་ཅིག་བེད་སྤྱོད་བཏང་དོན་ནི་མཚམས་མཚམས་ལ་དྲན་པ་རབ་རིབ་ཙམ་ཡོད་མཁན་ཡང་རེ་ཟུང་འདུག་མོད། དེའང་འཁྱོག་བརྗོད་ཀྱིས་སླད་ཚབས་ཆེ་བའི་གོ་ལོག་ཙམ་ལས་མ་འདས། ངའི་དྲན་པའི་ངོས་སུ་གསལ་ལྷང་ངེར་ཤར་བ་ཞིག་ལ། ལོ་འགའི་གོང་རིག་པ་ཡག་པོ་ཡོད་པའི་སློབ་ཕྲུག་བུ་ཞིག་གིས་རྒྱ་ནག་གི་རྩོམ་པ་པོ་ལུའུ་ཞུན་གྱི་རྩོམ་ལ་དབྱེ་ཞིབ་ཟབ་ཅིང་། ཁོ་པ་སྐྱེས་ཡུལ་ཧྲན་ཞི་དང་ཕ་མ་གཉིས་ཀྱང་གཞུང་གི་ལས་བྱེད་པ་རེད། ཉིན་ཞིག་མིག་ལ་ཁྱད་མཚར་གྱི་མདངས་དང་བཅས་གསང་བ་ཅི་ཞིག་བཤད་རྒྱུ་ཡོད་པའི་ངང་ཚུལ་གྱིས་ངའི་གཞུང་ལས་ཁང་དུ་ཡོང་ནས། རྒན་ལིན་ལགས། གནམ་བདེ་སྒོ་མོ་ཆེའི་དྲུག་བཞི་སྐབས་སུ་སློབ་ཕྲུག་ཚོས་དམག་མི་བསད་པའི་གྲངས་འབོར་མང་ངམ་དམག་མིས་སློབ་ཕྲུག་བསད་པའི་གྲངས་འབོར་མང་བ་ཡིན་ནམ་ཞེས་དྲིས་ཤིང་། ཁོ་པས་ཧྲན་ཞི་ནས་དྲུག་བཞིའི་སྐོར་གོ་ཐོས་ཕྲན་བུ་བྱུང་མྱོང་ཡོད་ཀྱང་། ངོ་ལོག་ཟིང་འཁྲུག་ནང་བཞུགས་མཁན་གྱི་དྲག་སྤྱོད་པ་ཁ་ཅིག་གིས་བཅིངས་འགྲོལ་དམག་མི་བསད་རབས་སྐོར་ཞིག་མ་གཏོགས་གང་ཡང་ཤེས་ཚོར་ཉམས་སྣང་མི་འདུག། ཁོང་ལྟ་བུའི་དཔེ་མཚོན་ནི་དམིགས་བསལ་ཞིག་མ་ཡིན་ཏེ། ཁོའི་སློབ་གྲྭ་གཅིག་པ་ཚོས་ཀྱང་བཅིངས་འགྲོལ་ཞེས་པའི་ཚིག་དེ་གོ་མྱོང་ཡོད་ཀྱང་། འདིའི་སྐབས་མི་ས་ཡ་ག་ཚོད་ལ་སྲོག་སྐྱོན་བྱུང་ཡོད་མེད་ཤེས་ཚོར་མེད། དེ་བཞིན་མཆོངས་བསྐྱོད་ཆེན་མོ་ཞེས་པའི་ཐ་སྙད་དེ་ལའང་གོ་ཐོས་ཕྲན་བུ་ཡོད་ཀྱང་དེའི་ཚེ་དེའི་དུས་སུ་མུ་གེ་ཆེན་པོ་བྱུང་སྐོར་སོགས་རྩ་བ་ནས་ཤེས་ཀྱི་མི་འདུག།

རྒྱ་ནག་ནང་གི་ཆབ་སྲིད་ཀྱི་གོམས་གཤིས་ཕྱི་ལོགས་སུ་འཁྱེར་ཡོང་བ།

ཐེངས་ཤིག་ལ་མི་ཉིས་བརྒྱ་ཙམ་ཡོད་པའི་ཚོགས་ཆེན་གྱི་དབུས་སུ་གཏམ་བཤད་བྱེད་སྐབས། ཁོ་བོས་རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་ལས་སུའེ་རྒྱལ་རབས་ཀྱི་དུས་མཇུག་ནས་མིང་རྒྱལ་རབས་དུས་མཇུག་བར་བྱུང་བའི་ཞིང་པའི་འབངས་གྱེན་ལོག་དང་། དུས་རབས་ཉི་ཤུ་པའི་ནང་བྱུང་བའི་དམར་པོའི་ལས་ལུགས་ཀྱི་ལས་འགུལ་བར་གོ་བསྡུར་ནས་འདྲ་བའི་ཆ་ཅི་མཆིས་ཕྲན་བུ་སྤྲོས་པར། འཆད་ཁྲིད་གྲུབ་མཚམས་རྒྱ་ནག་ནས་ཡོང་བའི་སློག་ཕྲུག་ཅིག་ངའི་རྩ་ལ་ཡོང་ནས་དགེ་རྒན་ལིན་ལགས། ཁྱེད་ཀྱིས་གསུངས་པ་དེ་དག་སྲིད་དོན་གྱི་ཚོར་བ་སྐྱེན་པའི་གནད་དོན་ཤ་སྟག་རེད་ཅེས་གསུངས་ཤིང་། སྐད་ཆ་ཤོད་སྟངས་ཀྱང་ཉེན་བརྡ་གཏོང་བའི་རྣམ་པ་ཅན་ཞིག་རེད། ཁོས་བསམས་པར་དགེ་རྒན་གྱིས་སྲིད་དོན་གྱི་བརྗོད་གཞིའི་ཁྱབ་ཁོངས་ཉེན་ཁ་ཅན་ཞིག་ཏུ་འཕྲོས་པ་དེ་ཤེས་ཚོར་ཉམས་སྣང་མེད་པར་སྣང་མེད་ཀྱིས་བཤད་པ་ཡིན་ཤག་གིས་ཉེན་བརྡ་དེ་འདྲ་ཞིག་བཏང་བ་དང་། ཁོས་དེ་དོན་ང་ལ་བརྗོད་དགོས་འདུག་སྙམ་པའི་བསམ་བློ་འཁོར་བ་རེད། ངས་ཁོང་ལ་ངེད་རང་དགེ་རྒན་བྱེད་པའི་འགན་འཁྲི་ནི་གང་ཐུབ་ཅི་ཐུབ་ཀྱིས་དོན་དངོས་གནས་ཚུལ་ཇི་མ་ཇི་བཞིན་ངོ་སྤྲོད་གསལ་པོ་བྱ་རྒྱུ་དེ་རེད་ཅེས་ལན་འདེབས་བྱས་པ་ཡིན་ཞིང་། གང་ཟག་སུ་ཞིག་དང་། སྒྲིག་འཛུགས་གང་ཞིག་དང་། སྲིད་དོན་ཚོགས་པ་གང་རུང་ཞིག་གིས་གཏན་འབེབས་བྱས་པའི་སྲིད་དོན་གྱི་ཚོར་བ་སྐྱེན་པའི་བརྗོད་གཞིའི་ཁྱབ་ཁོངས་ཞེས་པ་དེས་ང་ཡིས་སྐད་ཆ་ཅི་ཞིག་བཤད་མི་བཤད་ལ་ཤུགས་རྐྱེན་གཏང་ཐུབ་ཀྱི་མ་རེད་ཅེས་བརྗོད་པ་ཡིན་ཡང་། སློབ་ཕྲུག་དེས་དེ་ལུགས་ངོས་ལེན་མེད་པར་མ་ཟད། སྐད་ཆ་ཤོད་སྟངས་དེ་ལས་གཟབ་ནན་ཆེ་ཙམ་གྱི་ཐོག་ནས་གལ་སྲིད་གཙུག་ལག་སློབ་གྲྭ་ཆེན་མོའི་གཙུག་ལག་སློབ་དཔོན་གྱི་མཚན་འཛིན་དགེ་རྒན་ཞིག་གིས་མཚམས་འཇོག་མེད་པར་མུ་མཐུད་ནས་སྲིད་དོན་གྱི་ཚོར་བ་སྐྱེན་པའི་བརྗོད་གཞི་ཐད་བཀའ་མོལ་གནང་བ་ཡིན་ན་དགེ་རྒན་དེ་འགྲིག་གི་མེད་པའི་འདོད་ཚུལ་འཛིན་བཞིན་ཡོད་ཚོད་གདའ།

ཕྱི་ནང་གཉིས་སུ་དབྱེ་བ་ཡོད་པའི་ཚད་གཞི་མི་འདྲ་བ་འཁྱེར་ཡོང་བ།

རྒྱ་ནག་གི་སློབ་ཕྲུག་ཚོ་ཕྱི་ལོགས་སུ་འབྱོར་མ་ཐག། རྒྱ་ནག་གི་ཕྱི་དང་ནང་གཉིས་ལ་དབྱེ་བ་ཡོད་པའི་འཛིན་ཕྱོགས་མི་འདྲ་བའི་ཚད་གཞི་ཞིག་འཁྱེར་ཡོང་སྟེ། དོ་བདག་སོ་སོ་རྒྱ་ནག་གི་ཕྱི་ལོགས་སུ་སླེབས་ཟིན་ན་ཡང་ཕྱི་ལོགས་ལ་བསྡད་ཡོད་སྙམ་པའི་ཚོར་བ་ཡོང་རྒྱུ་དེ་ཤིན་ཏུ་ཁག་པོ་ཡིན་པ་གོར་མ་ཆག། གལ་ཏེ་རྒྱ་ནག་གི་མི་སེར་མིན་པའི་ཕྱི་རྒྱལ་བ་གང་རུང་ཞིག་གིས་རྒྱ་ནག་དམར་ཤོག་ལ་སྐྱོན་བརྗོད་བྱེད་པ་ཐོས་མ་ཐག་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་གཉིས་ངོ་བོ་གཅིག་ཏུ་བལྟས་ཏེ། དེ་མ་ཉིད་དུ་རྒྱ་ནག་ལ་སྐྱོན་བརྗོད་བྱས་སོང་སྙམ་པ་ཤར་བ་དང་། དེ་ལས་འཕྲོས་ཏེ་རྒྱ་ནག་ལ་སྐྱོན་བརྗོད་བྱས་མ་ཐག། རྒྱ་ནག་དང་སོ་སོ་ངོ་བོ་གཅིག་ཏུ་ངོས་འཛིན་གྱིས་སོ་སོར་སྐྱོན་བརྗོད་བྱས་སོང་སྙམ་པའི་ཉམས་སྣང་ཡོང་བཞིན་པ་རེད། རྒྱུ་མཚན་གང་ལགས་ཞེ་ན། ང་ནི་རྒྱ་ནག་གི་མི་སེར་ཡིན་པའི་ཕྱིར་རོ་སྙམ་པའི་རིགས་པ་རྩིང་རགས་ཤིག་ལ་གནས་ཡོད་མོད། དོན་དམ་ལ་ངོ་བོ་གཅིག་ཏུ་ལྟ་བའི་དོན་དེ་གཉིས་ཀྱང་གཞི་མི་གྲུབ་པ་ཉིད་དུ་ངེས་ལ། ཕྱི་རྒྱལ་བའི་ཁྲོད་དུའང་སྨོས་མ་དགོས་པར་ཤེས་རྨོངས་ཅན་གྱི་རུས་རིགས་དབྱེ་འབྱེད་རིང་ལུགས་པ་ཁ་ཅིག་ཀྱང་ཡོད་དེ། རྒྱ་ནག་གི་མི་ཞིག་མཐོང་མ་ཐག་བརྟག་དཔྱད་ཞིབ་འཇུག་མེད་པར་མཐོང་ཚད་ལ་ཐ་མག་ནག་པོའི་དུག་རིགས་འཁྱེར་ཡོང་མཁན་ཉིད་དོ་སྙམ་པ་ནི་བླུན་པོའི་ངང་ཚུལ་ལས་མ་འདས་ཀྱང་། ཨ་མེ་རི་ཀའི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་ཏུ་མི་དེའི་རིགས་ནི་ཉུང་ཤས་ནང་གི་ཉུང་ཤས་ཤིག་ལས་ཡོད་མ་ཡིན། རྒྱ་ནག་ནས་ཡོང་བའི་སློབ་ཕྲུག་ཚོའི་རྒྱུད་ལ་སྤྱི་འགྲོས་དེ་ལྟ་བུ་ཞིག་བྱིངས་ལ་ཡོད་ཅིང་། རྒྱ་ནག་གི་མི་སེར་དང་རྒྱ་ནག་གཉིས་ནི་གཅིག་པ་ཡིན་པ་དང་། དེ་བཞིན་རྒྱ་ནག་རྒྱལ་ཁབ་དང་རྒྱ་ནག་དམར་ཤོག་ཚོགས་པ་གཉིས་ངོ་བོ་གཅིག་ཡིན་པའི་འདོད་ཚུལ་དེའི་མགོ་ཁུངས་ནི་ཨ་རི་ནས་བྱུང་བ་མ་ཡིན་གཤིས་དེ་ནི་རྒྱ་ནག་དམར་ཤོག་གི་ཤེས་རིག་སློབ་གསོ་ལས་བྱུང་བ་ཉག་ཅིག་གོ། ཁྱད་མཚར་གྱི་སྣང་ཚུལ་འདི་བཞིན་ང་ཚོས་བརྗོད་ཆོག་པ་ཞིག་ལ། རྒྱ་ནག་དམར་ཤོག་ཚོགས་པ་དང་ཨ་རིའི་རིགས་རྒྱུད་དབྱེ་འབྱེད་རིང་ལུགས་པ་གཉིས་གནད་དོན་འདིའི་ཐོག་ནས་གཞི་གཅིག་ཏུ་བབས་འདུག།

ཉེ་ལམ་རྒྱ་ནག་གི་གྲོགས་པོ་ཞིག་གིས་ཁོ་བོར་གོ་བ་ཟབ་ཅིང་སྤྲོ་བ་འདྲེན་པའི་དྲི་བ་ཞིག་བཏང་བ་སྟེ། ཨ་མེ་རི་ཀའི་སྲིད་འབྱོར་རིག་གསུམ་དང་། ཚན་རྩལ་གྱི་དཀྱིལ་འཁོར་དུ་རྒྱ་གར་བའི་ཕུལ་བྱུང་མི་སྣ་དེ་འདྲ་མང་པོ་ཞིག་ཡོད་དོན་ཅིི་ལགས་ཞེས་དང་། རྒྱ་མི་ནི་དེ་ལས་ལྡོག་སྟེ་ཉུང་ཉུང་ཡིན་དོན་ཅི་ཡིན་ནམ། རྒྱ་གར་བའི་གནས་སྤོས་ཡུལ་མི་མང་པོ་ཡོད་པ་རེད་དམ། ཡང་ན་སློབ་སྦྱོང་ཡག་པོ་ཡོད་པས་རེད། དེ་དག་ཐམས་ཅད་རྒྱུ་མཚན་འཐད་ལྡན་དུ་མི་འགྲོ་ཞིང་གནས་སྟངས་དེ་ཚོ་ཕལ་ཆེར་སྤྱི་མཚུངས་སུ་སྣང་། ངའི་གྲོགས་པོ་འདི་པ་ནི་རྒྱ་ནག་ནས་ཨ་རིར་གནས་སྤོས་གནང་མཁན་དྲག་ཤོས་གྲས་ཡིན་པ་གང་ཞིག་ལ། མོ་རང་གིས་དགོངས་ཚུལ་ལྟར་ན། གནད་དོན་དེ་ཨ་རིར་གནས་སྤོ་བྱེད་སྟངས་ཀྱི་རྣམ་འགྱུར་ལ་རག་ལས་པ་འདོད་ཅིང་། རྒྱ་གར་བ་ཚོས་ཕྱི་ནང་གཉིས་སུ་དབྱེ་བ་ཡོད་པའི་འཛིན་ཕྱོགས་མི་འདྲ་བའི་ཚད་གཞིའི་འཆིང་ཐག་གི་སྤྱོད་སྟངས་ཁྱེར་རྒྱུ་མེད་པར་གང་ཐུབ་ཀྱིས་ཨ་རིའི་སྤྱི་ཚོགས་སུ་ཟབ་ཞུགས་ཐུབ་པས་ཡིན་ཞེས་གསུངས་ཤིང་། ཁོ་བོས་དེར་རྒྱུ་མཚན་ལྡན་འདུག་སྙམ།

དེ་ལས་ལྡོག་སྟེ། རྒྱ་ནག་གི་སློབ་ཕྲུག་རྣམས་ཀྱིས་རྒྱ་ནག་གི་མི་སེར་དང་རྒྱ་ནག་རྒྱལ་ཁབ་གཉིས་གཅིག་པ་ཡིན་པ་དང་། རྒྱ་ནག་དང་རྒྱ་ནག་དམར་ཤོག་ཚོགས་པ་གཉིས་གཅིག་པ་ཡིན་པའི་འདོད་ཚུལ་གྱི་ལྕགས་སྒྲོག་ཅིག་རང་ཆས་སུ་འཁྱེར་ནས་ཁ་ལི་ཧྥོ་ལི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོར་ཁོ་བོའི་སློབ་ཁྲིད་ལ་ཡོང་ནས་ལན་འདེབས་ཁག་པའི་དྲི་བ་དེ་འདྲ་བཏང་དང་གཏོང་མུས་ཡིན་པ་རེད། གལ་ཏེ་ཁོ་བོས་སྐད་ཆ་བདེན་པ་བཤད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཚེ། རྒྱ་ནག་དམར་ཤོག་གི་སྐྱོན་ཆ་ཐེར་འདོན་མི་བྱེད་ཀ་མེད་རེད། ཡིན་ནའང་། སྐད་ཆ་དེ་དག་སྨྲ་སྒོ་ནས་ཐོན་མ་ཐག་རྒྱ་ནག་གི་སློབ་ཕྲུག་ཁ་ཅིག་གིས་ཕྱི་རྒྱལ་མགོ་སེར་གྱི་དགེ་རྒན་དེས་ང་ཚོར་མཐོང་ཆུང་བཏང་སོང་སྙམ་གྱི་ཡོད་པ་རེད། ངའི་ངོས་ནས་གང་ཐུབ་ཅི་ཐུབ་ཀྱིས་ཁོ་བོའི་རྣམ་འགྱུར་དེ་བཞིན་རྒྱ་ནག་གི་མི་སེར་བྱིངས་ལ་མཐོང་ཆུང་དང་མ་དགའ་ཞེ་འཛིན་བྱེད་ཀྱི་མེད་པ་དང་། དེ་ལས་ཀྱང་འཛིན་གྲྭའི་ནང་གི་སློབ་ཕྲུག་སུ་གང་ལའང་མཐོང་ཆུང་གཏོང་གིན་མེད་པར་མ་ཟད། དེ་ལས་ལྡོག་སྟེ་རྒྱ་ནག་དམར་ཤོག་གིས་དོ་ཕོག་ཐེབས་པའི་སློབ་ཕྲུག་ཚོར་སྙིང་རྗེ་སྐྱེ་ཡི་ཡོད། ལམ་འདི་བཞིན་ཤིན་ཏུ་བགྲོད་ཁག་ཅིང་ཀྱག་ཀྱོག་གིས་ཁེངས་པ་ཞིག་སྟེ། རྒྱ་ནག་དམར་ཤོག་གིས་སློབ་ཕྲུག་ཚོའི་ཀླད་པའི་ནང་བླུགས་པའི་ཕྱི་ནང་དབྱེ་འབྱེད་ཀྱི་བསམ་བློ་དེ་ནི་ཧ་ཅང་གཏིང་ཟབ་ཅིང་ཕྱི་ལོགས་སུ་དོན་ཁག་པ་དང་། གལ་སྲིད་སློབ་ཕྲུག་གང་རུང་ཞིག་དེ་ལས་ཐོན་པའི་དབང་དུ་བཏང་ནའང་དེར་རིགས་རྒྱུད་ཀྱི་ཁྱུ་ཚོགས་སམ་སོ་སོ་གང་ལ་གནས་སའི་དཀྱིལ་འཁོར་ལས་ཁ་བྲལ་སོང་སྙམ་པའི་ཚོར་སྣང་དང་། སེམས་ལ་བདེ་འཇགས་ཀྱི་སྣང་བ་བརླགས་པའི་དཀའ་ངལ་ཡང་ཡོང་གིན་ཡོད་པ་རེད།

­༼ གཙུག་ལག་སློབ་དཔོན་ཆེན་མོ་ཕེ་རེ་ལིན་ཁེ་Perry Link ལགས་ནི། ཨ་མེ་རི་ཀའི་ཕུ་ལིན་སི་ཏོན་གཙུག་ལག་སློབ་གྲྭ་ཆེན་མོའི་རྒན་ཡོལ་གནང་ཟིན་པའི་གཙུག་ལག་སློབ་དཔོན་ཆེན་མོ་ཟུར་པ་ཞིག་ཡིན་ཞིང་། ད་ལྟ་ཁཱ་ལི་ཧྥོ་ནཱི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ཡན་ལག་སློབ་ཁང་ཞིག་ཏུ་དཔེ་ཁྲིད་གནང་མུས་ཡིན་པ་དང་། ཁོང་ནི་རྒྱ་ནག་གི་དེང་རབས་རྒྱ་སྐད་དང་། སྒྱུ་རྩོམ། སྲིད་དོན། རིག་གནས་བཅས་ཀྱི་ཐད་ཆེད་གཉེར་ཉམས་ཞིབ་གནང་མཁན་གྱི་མཁས་པ་ཕུལ་དུ་བྱུང་བ་ཞིག་རེད། ༽

XS
SM
MD
LG