ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨུ་རུ་སུའི་དམག་གིས་བཀའ་གྱེན་ལྡོག་བྱས་པའི་ཡིག་ཆ་ཕྱིར་གྱར།


༄༅།། ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལངས་པའི་མགོ་སྟོད་དེར་ཨུ་རུ་སུའི་དམག་མི་བརྒྱ་ཕྲག་མང་པོ་འཐབ་འཁྲུག་ལ་མ་ཞུགས་པར་གཡོལ་ཐབས་བྱས་པའམ། ཡང་ན་གོང་རིམ་གྱི་བཀའ་ལ་གྱེན་ལྡོག་བྱས་ནས་དམག་འཁྲུག་བརྒྱབ་མེད་པའི་ཡིག་ཆ་ཞིག་ཕྱི་ལ་གྱར་འདུག ཝོལ་སི་ཊི་རི་ཊི་ཉིན་རེའི་ཚགས་པར་ཁང་ལ་ཡིག་ཆ་ཁག་ཅིག་ལག་སོན་བྱུང་བར་ཞིབ་འཇུག་བྱས་ནས་ཕྱི་ཟླ་༦་པའི་ཚེས་༡་ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་དམག་འཁྲུག་གི་མགོ་སྟོད་དེར་ཨུ་རུ་སུའི་དམག་མི་སྟོང་ཕྲག་མང་པོ་བསད་རྨས་བྱུང་བ་དང་དམག་ས་ཁག་ཏུ་བཀྲམ་པའི་ཨུ་རུ་སུའི་མཚོན་ཆ་བཞི་ཆའི་གཅིག་རྩ་གཏོར། ད་དུང་ཨུ་རུ་སུའི་དམག་མི་རྣམས་དམག་ས་ཁག་ནས་བྲོས་བྱོལ་དུ་ཕྱིན་པ་དང་གོང་རིམ་གྱི་བཀའ་ལ་མ་བརྩིས་པའི་གནས་ཚུལ་ཚབས་ཆེན་བྱུང་། ཨ་མི་རི་ཀའི་དམག་དོན་ཉམས་ཞིབ་པ་དང་ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་ཨུ་རུ་སུའི་དམག་གིས་གོང་རིམ་གྱི་བཀའ་ལ་གྱེན་ལྡོག་བྱས་པ་ནི་གནས་ཚུལ་ཆུང་ཆུང་ཞིག་མ་རེད་ཅེས་བཀྲལ། ཨུ་རུ་སུའི་དབང་འཛིན་པ་ཚོས་རྒྱལ་ཁབ་ཕྱི་ནང་གཉིས་སུ་དཀྲོག་རྐྱེན་མི་སློང་བར་བྱོལ་དམག་དང་གོང་རིམ་གྱི་བཀའ་ལ་གྱེན་ལྡོག་བྱེད་མཁན་ཚོར་ཁྲིམས་གཅོད་ཇི་ལྟར་བྱེད་དགོས་པ་མ་ཤེས་པར་ལུས་ཡོད་པའི་གནས་ཚུལ་ཐོན། དེང་སྐབས་ཨུ་རུ་སུའི་གཞུང་གིས་དམག་མི་ཁ་སྣོན་བསྡུས་ནས་ཡུཀ་རེན་གྱི་ས་ཐོག་ཏུ་གཏོང་རྒྱུ་རྙེད་དཀའ་བ་ཞིག་ཏུ་གྱུར། ད་སྔ་ཨུ་རུ་སུའི་བྱོལ་དམག་རྣམས་དངོས་སུ་དམག་ཁོངས་ནས་ཕྱིར་ཕུད་བྱས་པ་ཙམ་ལས་ཉེས་ཆད་དྲག་པོ་གཅོད་ཐུབ་ཀྱི་མེད་ཅིང་། དེའི་རྒྱུ་མཚན་ནི་ཕུ་ཊིན་གྱིས་ཡུཀ་རེན་ལ་དམག་འཁྲུག་རྒྱག་གི་ཡོད་ཅེས་གསལ་བསྒྲགས་བྱས་མེད་པས་བྱོལ་དམག་ཚོས་ཐར་ཐབས་ཤིག་རྙེད། དེར་བརྟེན་ཕུ་ཊིན་གྱིས་ཁྲིམས་ལུགས་གཞི་རྩར་བཟུང་ནས་བྱོལ་དམག་དང་གོང་རིམ་གྱི་བཀའ་ལ་གྱེན་ལྡོག་བྱེད་མཁན་ཚོར་ཉེས་ཆད་གཅོད་ཐུབ་ཀྱི་མེད་པ་རེད་ཅེས་ཨུ་རུ་སུའི་ཁྲིམས་རྩོད་པ་དང་དམག་གི་ཁྲིམས་སྦྱོར་བ་ཟུར་པ། ད་ལྟ་ཨུ་རུ་སུའི་དམག་མི་ཕྱིར་ཕུད་བཏང་བ་ཚོའི་དག་འབུད་ཁྲིམས་རྩོད་པས་གསར་འགོད་པར་གླེང་མོལ་བྱས་འདུག

ཨུ་རུ་སུའི་ཁྲིམས་རྩོད་པ་མི་ཧེལ་བྷེན་ཡ་ཤཱི་ཟེར་བ་ཞིག་གིས་འཐབ་མོ་བ་ཧ་ཅང་མང་པོ་ཞིག་ལ་དམག་འཁྲུག་རྒྱག་འདོད་མི་འདུག་ཅེས་བཤད། ཁོ་པས་ཨུ་རུ་སུའི་ཡུལ་སྲུང་དམག་གི་ངོ་ཚབ་བྱས་ནས་ཁྲིམས་གཏུག་བྱེད་ཀྱི་ཡོད་པ་དང་ཨུ་རུ་སུའི་ཡུལ་སྲུང་དམག་གིས་འཐབ་འཁྲུག་ལ་ངོ་རྒོལ་བྱེད་མཁན་ཚོར་དྲག་གནོན་བྱེད་དགོས། ཕྱི་ཟླ་༢་པའི་ཚེས་༢༤་རྗེས་སུ་ཨུ་རུ་སུའི་ཡུལ་སྲུང་དམག་རྣམས་ཡུཀ་རེན་ལ་བཏང་སྟེ་སྲང་ལམ་ཁག་སྲུང་སྐྱོབ་དང་ཡུཀ་རེན་མི་དམངས་ཀྱི་གྱེན་ལོག་ལ་དྲག་གནོན་བྱེད་དུ་བཅུག ཨུ་རུ་སུའི་ཡུལ་སྲུང་དམག་མི་ཁག་ཅིག་གིས་གོང་རིམ་གྱི་བཀའ་ལ་གྱེན་ལྡོག་བྱས་པས་དམག་ཁོངས་ནས་བསྐྲད། ཁོ་ཚོས་ཁྲིམས་རྩོད་པ་བྷེན་ཡ་ཤི་གླས་ནས་ཨུ་རུ་སུའི་གཞུང་ལ་ཁ་མཆུ་འཛུགས་ཀྱི་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༢་པའི་ཚེས་༨་ཉིན་ལོ་ན་༢༤་ལ་སོན་པའི་ཨུ་རུ་སུའི་དམག་མི་ས་ཀིབ་གྷ་རིབ་ཟེར་བ་ཞིག་དམག་སྦྱོང་ལ་འགྲོ་དགོས་ཞེས་བྷེལ་གྷོ་རོ་ཌི་ས་གནས་ནས་ཡུཀ་རེན་མངགས། ཕྱི་ཟླ་༢་པའི་ཚེས་༢༡་ཉིན་ཕུ་ཊིན་གྱིས་ཡུཀ་རེན་ནི་རང་བཙན་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ཏུ་གནས་སྡོད་བྱེད་ཆོག་པའི་ཐོབ་ཐང་མེད་ཅེས་ཐ་ཚིག་བསྒྲགས། དེ་ནས་ས་ཀིབ་གྷ་རིབ་དང་དམག་སྒར་དེའི་དམག་མི་ཕལ་ཆེ་བའི་ཁ་པར་རྣམས་གཞུང་བཞེས་བཏང་སྟེ་མདེལ་འགོག་སྟོད་གོས་གཡོགས། ཁོ་ཚོར་ཨུ་རུ་སུ་དམར་ཤོག་གི་དུས་སྐབས་ཀྱི་མེ་སྒྱོགས་འཛུགས་བཅུག་པ་དང་མདེལ་སྒམ་རྣམས་ཁ་འབྱེད་དུ་བཅུག ཕྱི་ཟླ་༢་པའི་ཚེས་༢༤་ཡི་ཐོ་རངས་སུ་དམག་སྒར་དེ་ནས་དབྱིན་ལེ་གཅིག་དང་ཕྱེད་ཀ་ཡས་མས་ཤིག་གི་ཕ་རོལ་ཏུ་ཡོད་པའི་ཡུཀ་རེན་ལ་མེ་སྒྱོགས་བརྒྱབ་ནས་གཏོར་རྒོལ་བྱས་ཏེ་གཉིད་དཀྲོགས། ཨུ་རུ་སུའི་དམག་གི་ཐད་འཕུར་གནམ་གྲུ་དང་དམག་འཐབ་གནམ་གྲུ་རྣམས་འཕུར་མགོ་བརྩམས། ས་ཀིབ་གྷ་རིབ་ཀྱིས་ད་གཟོད་དམག་འཁྲུག་ལངས་པ་ཤེས་རྟོགས་བྱུང་སྟེ་འཕྲལ་དུ་བྲོས་ནས་སྐུང་སྟེ་བསྡད།།

ཨུ་རུ་སུའི་ནང་སྲིད་ལྷན་ཁང་གི་ཁྱབ་ཁོངས་སུ་གཏོགས་པའི་རྒྱལ་ཡོངས་ཡུལ་སྲུང་དམག
ཨུ་རུ་སུའི་ནང་སྲིད་ལྷན་ཁང་གི་ཁྱབ་ཁོངས་སུ་གཏོགས་པའི་རྒྱལ་ཡོངས་ཡུལ་སྲུང་དམག

ཁྲིམས་རྩོད་པ་བྷེན་ཡ་ཤཱིས་ཨུ་རུ་སུའི་ནང་སྲིད་ལྷན་ཁང་གི་ཁྱབ་ཁོངས་སུ་གཏོགས་པའི་རྒྱལ་ཡོངས་ཡུལ་སྲུང་དམག་ནི་རྒྱལ་ནང་གི་བདེ་འཇགས་ཉེན་རྟོག་པའི་སྒྲིག་འཛུགས་ཤིག་རེད། མི་༡༠༠༠་ལྷག་གིས་ཁྲིམས་རྩོད་པ་གླས་ནས་ཨུ་རུ་སུའི་གཞུང་ལ་ཁ་མཆུ་རྒྱག་གི་ཡོད་པར་མ་ཟད། ཁོ་ཚོ་མང་པོ་ཞིག་ཡུཀ་རེན་ལ་དམག་འཁྲུག་རྒྱག་ཏུ་མ་ཕྱིན་པ་དང་རྒྱལ་ནང་གི་གྲོང་ཁྱེར་ཁག་ཏུ་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་མི་མང་ལ་དྲག་གནོན་མ་བྱས་པ། ཁོ་ཚོས་གོང་རིམ་གྱི་བཀའ་ལ་གྱེན་ལྡོག་བྱས་ནས་ཉེས་པ་ཕོག་པ་རེད་ཅེས་བཤད། ཕྱི་ཟླ་༣་པའི་ཚེས་༡༧་ཉིན་ཨུ་རུ་སུའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་དར་འཕྲིན་བརྒྱུད་ལམ་ཞིག་གསར་དུ་བཙུགས་ནས་དམག་མི་དང་ཡུལ་སྲུང་དམག་ལ་ཁྲིམས་རྩོད་པའི་རོགས་རམ་དགོས་ན་རྒྱབ་སྐྱོར་བྱེད་ཆོག་ཅེས་གསལ་བསྒྲགས་སྤེལ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེའི་འགན་འཛིན་པཱ་ཝེལ་ཆི་ཀོབ་ཀྱིས་བཤད་པ་ལྟར་ན། ཉིན་བཅུའི་ནང་ཚུད་དུ་ཨུ་རུ་སུའི་དམག་མི་དང་ཡུལ་སྲུང་དམག་མི་༧༢༡་གིས་ཁྲིམས་རྩོད་པའི་རོགས་རམ་དགོས་ཞེས་ལན་འབྱོར། ཕྱི་ཟླ་༣་པའི་ཚེས་༤་ཉིན་ཨུ་རུ་སུའི་དམག་སྒར་ཞིག་གི་བཀོད་འདོམས་པས་ཡུཀ་རེན་ལ་དམག་འཁྲུག་རྒྱག་ཏུ་མི་འགྲོ་མཁན་མི་བརྒྱ་ཕྲག་འགའ་ཞིག་དམག་ཁོངས་ནས་ཕྱིར་ཕུད་བྱས་པ་ཡིན་ཞེས་བཀའ་རྒྱ་བཀྲམ་པའི་ངོ་བཤུས་ཤིག་ཝོལ་སི་ཊི་རི་ཊི་གསར་ཁང་ལ་ལག་སོན་བྱུང་མོད། འོན་ཀྱང་ཨུ་རུ་སུའི་དམག་ནས་ཕྱིར་ཕུད་བྱས་པ་དེ་ཚོར་ཉེས་ཆད་ཅི་ཞིག་བཅད་ཡོད་མེད་གསར་འགོད་པས་ཤེས་རྟོགས་མ་ཐུབ། ཨུ་རུ་སུའི་ཁྲིམས་ལུགས་སུ་དམག་སར་ལས་འགན་མ་བསྒྲུབས་པར་བྲོས་བྱོལ་དུ་ཕྱིན་པ་དང་གོང་རིམ་གྱི་བཀའ་ལ་གྱེན་ལྡོག་བྱེད་ན་ལོ་བཅུའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་ཆོག་ཅེས་འཁོད།།

ཕྱི་ཟླ་༣་པའི་ཚེས་༢༥་ཉིན་ཨུ་རུ་སུའི་ནལ་ཆིཀ་གྲོང་ཁྱེར་གྱི་དམག་གི་ཁྲིམས་ཁང་ཞིག་གིས་ཡུལ་སྲུང་དམག་མི་༡༡༥་ཡུཀ་རེན་ལ་དམག་འཁྲུག་རྒྱག་ཏུ་མ་ཕྱིན་པའི་ནག་ཉེས་ཐོག་ཏུ་དམག་ཁོངས་ནས་ཕྱིར་ཕུད་བྱས་པ་ཡིན་ཞེས་བཅད་ཁྲ་བསྒྲགས། བཅའ་ཁྲའི་ངོ་བཤུས་ཤིག་གསར་འགོད་པའི་ལག་ཏུ་ཐེབས་ཡོད་པ་དང་ཨུ་རུ་སུའི་ཁྲིམས་ལུགས་སུ་རྒོལ་སྣ་མ་བརྟེན་པ་དང་ཚེ་སྲོག་ལ་ཉེན་ཁ་བྱུང་ན་འབྲོ་ཆོག གལ་སྲིད་དམག་འཁྲུག་དེ་ཁྲིམས་འགལ་རེད་བསམས་ན་གོང་རིམ་གྱི་བཀའ་ལ་གྱེན་ལྡོག་བྱེད་ཆོག་ཅེས་བཀོད་ཡོད་པས་ཨུ་རུ་སུའི་དམག་མི་དང་ཡུལ་སྲུང་དམག་མི་ཚོར་རྩོད་པ་རྒྱག་ས་ཞིག་འདུག ཕུ་ཊིན་གྱིས་ཨུ་རུ་སུའི་བྱོལ་དམག་དང་གོང་རིམ་གྱི་བཀའ་ལ་གྱེན་ལྡོག་བྱེད་མཁན་ཚོར་གླ་ཕོགས་ཆད་ཡོད་པ་རྣམས་མི་སྤྲོད་པ་དང་ཁང་པ་ཉོ་སྤྱད་མ་རྩ་མི་བསྐྱི་བ། ཨུ་རུ་སུའི་དམག་ལ་དམིགས་བསལ་གྱི་ཐོབ་ཐང་ཡོད་པ་རྣམས་མ་སྤྲད་པར་ལན་པ་སློག་གི་འདུག་ཅེས་མོ་སི་ཀོའི་ཁྲིམས་རྩོད་པ་མཁས་པ་ལུ་ཛིན་ཟེར་བ་ཞིག་གིས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག ཁོང་གིས་ཨུ་རུ་སུའི་བྱོལ་དམག་དང་བཀའ་གྱེན་ལྡོག་བྱེད་མཁན་གྱི་གྲངས་འབོར་དེ་ཕོན་ཆེན་ཞིག་མ་རེད། ཡིན་ནའང་ཨུ་རུ་སུའི་གཞུང་གིས་དམག་མིའི་སྤྱོད་པ་འདི་འགོག་མ་ཐུབ་ན་རིམ་གྱིས་གྲངས་འབོར་ཇེ་མང་དུ་སོང་སྟེ་འགོག་མི་ཐུབ་པ་ཞིག་ཏུ་འགྱུར་སྲིད། དམག་ཁོངས་ནས་ཕྱིར་ཕུད་བྱས་པའི་དམག་ཞབས་ཟུར་པ་ཞིག་གི་ཐོབ་ཐང་དཔང་ཡིག་ཐོག་ཏུ་གཡོ་ཁྲམ། ཞེ་འཁྱོག དམིགས་བསལ་གྱི་དམག་དོན་ལ་མ་ཞུགས་པ་ཞེས་མཆན་བྲིས། ༡༩༩༤་ནས་༩༦་བར་དུ་ལངས་པའི་ཆེ་ཆི་ཎི་ཡའི་དམག་འཁྲུག་སྐབས་སུ་ཟླ་བ་གཅིག་ཡས་མས་རེའི་དམག་སྦྱོང་གི་ཉམས་མྱོང་ལས་མེད་པའི་དམག་མི་གསར་པ་སྟོང་ཕྲག་མང་པོ་བཏང་ནས་བསད་རྨས་ཚབས་ཆེན་ཕོག ད་ལོ་ཡུཀ་རེན་གྱི་དམག་ས་ཁག་ཏུའང་ཨུ་རུ་སུའི་སློབ་ཕྲུག་དམག་ཁྲལ་རྒྱུག་དགོས་པ་སྟོང་ཕྲག་མང་པོ་བཏང་ནས་སྲོག་སྐྱོན་འཕོག་གི་ཡོད་པ་རེད།།

ཨུ་རུ་སུའི་མི་ཌི་ཡ་ཛོ་ན་ཞེས་པའི་གསར་ཁང་གིས་དམག་མི་ཚོས་སྒྲ་འཇུག་བྱས་པ་རེད་ཅེས་སྒྲ་སྐད་ཅིག་ཡིག་ཐོག་ཏུ་ཕབ་ཡོད་པ་དེར་འཁོད་པ་ལྟར་ན། ཕྱི་ཟླ་༤་པའི་ཚེས་༢༢་ཉིན་ཨུ་རུ་སུའི་དམག་སྒར་ཞིག་གི་བཀོད་འདོམས་པས་དམག་མི་ཞིག་ལ་ཁྱོད་མ་སོང་ན་ཆོག་གི་མ་རེད། གལ་སྲིད་ཁྱོད་དམག་སར་མ་ཕྱིན་ན་ལོ་བཅོ་ལྔའི་རིང་བཙོན་ཁང་དུ་འདུག་དགོས་ཐུག་གི་རེད་ཅེས་སྡིགས་ར་བསྐུལ། དམག་མི་དེས་ངས་ཁྲིམས་རྩོད་པར་སྐད་ཆ་དྲིས་པ་ཡིན། ང་ཡུཀ་རེན་ལ་དམག་འཁྲུག་རྒྱག་ཏུ་མ་ཕྱིན་ཀྱང་བཙོན་ཁང་དུ་འཇུག་རྒྱུའི་ཉེན་ཁ་མི་འདུག་ཟེར་གྱི་འདུག་ཅེས་ལན་བསློགས། དམག་དཔོན་དེས་ཁྱོད་ཀྱི་ཁྲིམས་རྩོད་པ་འདིར་ཁྲིད་ཤོག ངས་ཁོ་ལ་སྐད་ཆ་བཤད་དགོས་ཡོད་ཅེས་བསྡིགས། ནུབ་ཕྱོགས་ཀྱི་གསང་བའི་ལས་ཁུངས་ཁག་གིས་ཨུ་རུ་སུའི་དམག་གིས་ཟིང་ཆ་བསླངས་ནས་ཁྲིམས་མེད་ལུགས་མེད་བྱེད་ཀྱི་ཡོད་པའི་རྟགས་མཚན་མང་དག་ཅིག་འདུག་ཅེས་བསྟན། ཟླ་བ་སྔོན་མར་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཚོས་ཨུ་རུ་སུའི་སྟོང་སྡེ་རིམ་པ་ནས་དམག་གི་རིམ་པ་མང་དག་ཅིག་གི་འཐབ་མོ་བ་ཚོས་གོང་རིམ་གྱི་བཀའ་ལ་གྱེན་ལྡོག་བྱས་པའམ། ཡང་ན་ཕར་ལ་བཀའ་བཏང་ནས་དམག་དཔོན་ཚོས་ཉན་དགོས་པའི་ལྟ་བ་འཛིན་གྱི་འདུག་ཅེས་གསལ་བསྒྲགས་སྤེལ། ཨུ་རུ་སུའི་དམག་གི་གླ་ཕོགས་དམའ་བ་དང་དམག་དཔོན་ཚོར་ལྐོག་ཟ་རུལ་སུངས་སུ་གྱུར་པ། ཡུཀ་རེན་ལ་འཐབ་འཁྲུག་གི་ཉམས་མྱོང་དང་སྦྱོང་བརྡར་ཐོབ་པའི་དམག་དཔུང་གཏོང་རྒྱུ་མེད་པ་བཅས་ཀྱིས་ཨུ་རུ་སུར་ཇུས་ཉེས་ཆེན་པོ་འཕོག་གི་འདུག་ཅེས་གནས་ཚུལ་ཐོན། ཉེ་དུས་ཤིག་ནས་ཨུ་རུ་སུའི་གཞུང་གིས་བྱོལ་དམག་གི་ཁྲིམས་རྩོད་པ་དང་གོང་རིམ་གྱི་བཀའ་ལ་གྱེན་ལྡོག་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ་མཁན་གསར་འགོད་པ་རྣམས་ཀྱང་འཛིན་བཟུང་བྱས་ནས་བཙོན་འཇུག་གི་ཁྲིམས་ཐག་གཅོད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཡུཀ་རེན་གྱི་རྒྱལ་ཡོངས་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་དམག་མི་ཞིག་གིས་ཁ་པར་ནང་དུ་ང་ཚོར་གླ་ཕོགས་ཆད་ཡོད་པ་རྣམས་སྤྲད་བྱུང་། དམག་འཁྲུག་གི་ཟླ་བ་དང་པོ་དེར་གླ་ཕོགས་ཨུ་རུ་སུའི་དངུལ་ལོར་རུ་བྷུལ་འབུམ་༡་འདུག ཟླ་བ་གཉིས་པ་དེར་རུ་བྷུལ་ཁྲི་ཚོ་༥་ལས་མི་འདུག འདི་ནི་ཨ་སྒོར་ལ་བསྒྱུར་ན་ཉིན་རེར་ཨ་སྒོར་༥༠་ཐམ་པའི་གླ་ཕོགས་རེད་ཅེས་འཁང་ར་བཤད་ཀྱི་ཡོད་པའི་སྒྲ་འབེབས་ཤིག་ཡིག་ཐོག་ཏུ་བཀོད་ནས་ཕྱིར་བསྒྲགས་བྱས་འདུག

XS
SM
MD
LG