ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཞིས་ཅིན་ཕིང་དང་བྷ་ཌན་ཐུག་ནས་ཛ་དྲག་ཞི་འཇམ་བཏང་ཡོད་དམ། 


༄༅།། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་གཉིས་ཨིན་རྡུ་ནེ་ཤི་ཡར་ཚོགས་པའི་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོའི་ལོ་འཁོར་ཚོགས་ཆེན་ཞོར་དུ་ཐུག་འཕྲད་གྲོས་མོལ་བྱུང་། ཕྱི་ཟླ་༡༡་པའི་ཚེས་༡༦་ཉིན་ཕྱི་སྲིད་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ད་ཐེངས་ཀྱི་ཐུག་འཕྲད་ནི་ཇཱོ་བྷ་ཌན་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཞིས་ཅིན་ཕིང་ལ་དངོས་སུ་ཐུག་འཕྲད་བྱུང་བ་ཐེངས་དང་པོ་ཡིན་ཞིང་། བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀྱིས་དུས་ཡུན་ཆུ་ཚོད་༣་དང་ཕྱེད་ཀར་གྲོས་མོལ་བྱས་པ་དང་གསར་འགོད་པའི་མདུན་དུ་འཛུམ་མདངས་ཐོན། ཞིས་ཅིན་ཕིང་གིས་ལོ་ཤས་གོང་དུ་ཉི་ཧོང་གི་སྲིད་བློན་འདས་པོ་ཤིན་ཛོ་ཨ་བྷེར་གདོང་པ་གནག་ནས་ལག་པ་བཏང་བ་ལྟར་མིན་པར་སྲིད་འཛིན་བྷ་ཌན་ལ་རྣམ་འགྱུར་བཟང་པོ་བསྟན། ཨ་རི་དང་རྒྱ་ནག་གཉིས་ཀས་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་ཨང་དང་པོར་བཟུང་། ཕྱི་ཚུལ་དུ་ཨ་རྒྱའི་འབྲེལ་བ་དེ་སྟོང་ལོ་གསར་པའི་སྔོན་གྱི་དུས་སྐབས་དེར་ཕྱིར་ལོག་བྱས་པ་ལྟར་དུ་སྣང་། ད་དུང་ཕྱོགས་གཉིས་ཀྱིས་ལས་དོན་རུ་ཁག་བཙུགས་ཏེ་གནད་དོན་གལ་ཆེ་ཁག་ཅིག་ལ་གྲོས་མོལ་བྱ་རྒྱུའི་གྲོས་མཐུན་བྱུང་། བྷ་ཌན་དང་ཞིས་ཅིན་ཕིང་གི་ཐུག་འཕྲད་ཐེངས་དང་པོ་དེར་སྤྱི་ཡོངས་ཀྱི་ཆ་ནས་གྲུབ་འབྲས་ཆེན་པོ་ཞིག་ཐོན་མེད་ཀྱང་ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་གི་ཉེན་ཁ་ཡོད་པའི་ཛ་དྲག་དེ་ཞི་འཇམ་གང་འཚམ་ཞིག་གཏོང་ཐུབ་འདུག་ཅེས་གླེང་། ཡིན་ནའང་རྒྱ་ནག་གི་གསར་འགྱུར་ལས་ཁུངས་ཁག་དང་རྒྱ་སྐད་ཀྱི་ཚགས་པར་ཁག་ཏུ་སྔར་བཞིན་ཨ་མི་རི་ཀ་དགྲར་འཛིན་དང་རྒྱ་ནག་གིས་ཨ་མི་རི་ཀར་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་མིན་པ། ཨ་རིས་འགོ་ཁྲིད་པའི་ནུབ་ཆིངས་སྒྲིག་འཛུགས་ཀྱིས་ཞི་བདེ་བརྟན་ལྷིང་མེད་པར་བཏང་སྟེ་གཏོར་བརླག་བྱེད་ཀྱི་འདུག་ཅེས་ངོ་རྒོལ་གྱི་གསར་འགྱུར་སྤེལ། རྒྱ་ནག་གི་སྤྱང་དམག་ཅེས་འབོད་པའི་ཕྱི་འབྲེལ་མི་སྣ་ཚོས་ཀྱང་སྔར་བཞིན་སྐད་ཆ་རྩུབ་པོ་བཤད། ཁོ་ཚོས་ཨ་རྒྱ་གཉིས་ཀྱི་འབྲེལ་བ་སྡུག་ཏུ་བཏང་བ་བཅས་ལ་འགྱུར་བ་ཐེབས་ཡོད་པའི་རྣམ་པ་གང་ཡང་ཐོན་མེད་པའི་གནས་ཚུལ་བཀོད་འདུག

ཕྱི་སྲིད་དུས་དེབ་ཀྱི་གསར་འགོད་པས་ལོ་འདིའི་ཕྱི་ཟླ་༨་པའི་མགོ་སྟོད་དེར་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་དང་ཨ་རིའི་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ལ་འཚམས་འདྲིར་ཕེབས་པའི་སྐབས་དེར་རྒྱ་ནག་གིས་ཕྱིར་ལན་སློག་སྟངས་ལ་བལྟས་ཚེ། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཡག་ཏུ་འགྲོ་མི་ཐུབ་པའི་འགག་རྩ་ནི་ཐེ་ཝན་ལ་ཐུག་འདུག བྷ་ཌན་ལ་གྲོས་མོལ་བྱས་པའི་སྐབས་སུའང་ཞིས་ཅིན་ཕིང་གིས་ཐེ་ཝན་མཚོ་འགག་ལ་ཞི་བདེ་བསྐྲུན་དགོས། ཐེ་ཝན་རང་བཙན་ནི་མེ་དང་ཆུ་ལྟར་ནམ་ཡང་མཐུན་ཐབས་མེད་ཅེས་སྐད་ཆ་མཁྲེགས་པོ་བཤད། ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་དང་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་བྱ་དགོས་པའི་དགོས་འདུན་བཏོན། ཨ་མི་རི་ཀས་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པ་གཏན་ནས་ཁས་བླངས་མེད་པས་ཞིས་ཅིན་ཕིང་གི་དགོས་འདུན་བསྒྲུབ་རྒྱུ་ཤིན་ཏུ་དཀའ། དེ་བཞིན་རྒྱ་ནག་གི་མི་རིགས་རིང་ལུགས་པའི་གནོན་ཤུགས་འོག་ཏུ་ཞིས་ཅིན་ཕིང་གིས་ཐེ་ཝན་གྱི་རྩ་དོན་ཐོག་ཏུ་སོར་གང་བློས་གཏོང་མི་ཐུབ་ཅིང་། ཨིན་རྡུ་ནེ་ཤི་ཡའི་བྷ་ལི་མཚོ་གླིང་དུ་ཞིས་ལ་ཐུག་འཕྲད་རྗེས་སུ་སྲིད་འཛིན་བྷ་ཌན་ནས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་གྲབས་མི་འདུག་ཅེས་བསྒྲགས། བྷ་ཌན་དང་ཞིས་ཅིན་ཕིང་གི་ཐུག་འཕྲད་རྗེས་སུ་རྒྱ་ཕྱོགས་ནས་བྷ་ཌན་གྱིས་མི་བྱེད་པ་ལྔ་དང་སྒྲུབ་སྲིད་པ་གསུམ། ཡང་ན་ཁས་ལེན་དྲུག་བསྐྱར་ཟློས་བྱས་བྱུང་ཞེས་གསལ་བསྒྲགས་སྤེལ། མི་བྱེད་པ་ལྔ་ནི་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པ་དང་རྒྱ་ནག་གཉིས་ལ་ཁས་ལེན་མི་བྱེད་པ། རྒྱ་ནག་དམར་ཤོག་ཚོགས་པར་ཁ་གཏད་གཅོག་རྒྱུའི་ཀུན་སློང་མི་འཆང་བ་སོགས་ལ་གོ་དགོས་ཤིང་། སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀྱི་ཐུག་འཕྲད་རྗེས་སུ་ཨ་མི་རི་ཀས་སྤེལ་བའི་གསལ་བསྒྲགས་ནང་དུ་རྒྱ་ནག་གི་བཤད་པའི་སྐད་ཆ་དེ་དག་ཚིག་གཅིག་གསལ་མེད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༡་པའི་ཚེས་༡༦་ཉིན་སི་ཕེཀ་ཊེ་ཊར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་འཁོར་འདིར་ཨིན་རྡུ་ནེ་ཤི་ཡར་ཚོགས་པའི་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོའི་ཚོགས་ཆེན་སྐབས་སུ་རྒྱ་ནག་གི་སྤྱང་དམག་ཅེས་འབོད་པའི་ཕྱི་འབྲེལ་མི་སྣ་གཅིག་ཀྱང་ཞིས་ཅིན་ཕིང་གི་མཉམ་དུ་ཁྲིད་མེད་པ་དང་ཞིས་ཅིན་ཕིང་གིས་ཀྲུང་ཧྲན་ཧྥུ་ལྭ་བ་མ་གོན་པར་ནུབ་ཆས་གྱོན། ཞིས་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཧྥ་རན་སིའི་སྲིད་འཛིན་མེཀ་རོན། ཨོ་གླིང་གི་སྲིད་བློན་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་སོགས་ལ་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་བཀག་སྡོམ་ཇི་ལྟར་བྱེད་དགོས་མིན་དང་འཛམ་གླིང་ལ་ཟ་འབྲུ་ཆད་མི་ཉན་པ། རྒྱལ་ཁབ་ཁག་གི་བར་དུ་འགལ་ཟླ་བྱུང་ནས་དམག་འཁྲུག་ལ་འགྱུར་སྲིད་པའི་ཉེན་ཁ་ཇི་ལྟར་འགོག་དགོས་མིན་བཅས་ལ་གྲོས་མོལ་གཙོ་བོ་བྱས་འདུག ཞིས་ཅིན་ཕིང་གིས་ཁེ་ན་ཌའི་སྲིད་བློན་ཊུ་རུ་ཌོར་ཕྱོགས་གཉིས་ཀྱིས་ནང་མོལ་བྱས་པ་རྣམས་གསར་འགོད་པར་ཕྱིར་བསྒྲགས་བྱས་ན་ཡག་པོ་མི་འདུག་ཅེས་ཡི་རང་མ་བྱུང་བའི་ནན་བརྗོད་བྱས་པ་ནི་གནས་ཚུལ་དམིགས་བསལ་བ་ཞིག་རེད། དེ་མིན་ཞིས་ཅིན་ཕིང་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་མཐུན་ལམ་བྱས་ནས་འབྲེལ་བ་ཡག་ཏུ་གཏོང་ཐབས་སུ་འབད། ལྷག་པར་དུ་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས། ད་ལྟ་ཨུ་རུ་སུ་རྒྱལ་སྤྱིའི་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དུ་ལུས། ཐ་ན་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམས་ཀྱི་ཚོགས་ཆེན་ལའང་ཕུ་ཊིན་བཅར་མ་ཕོད། ཨ་རིའི་འགོ་ཁྲིད་འོག་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ། ཡུཀ་རེན་ལ་མཚོན་ཆ་དང་དཔལ་འབྱོར་རོགས་རམ་སྤྲད་ནས་ཨུ་རུ་སུ་དཀའ་ངལ་གྱི་གནས་སུ་ལྷུང་ཡོད་པའི་ཉམས་མྱོང་ལ་གཞིགས་ཏེ་རྒྱ་ནག་དེ་ལྟར་འགྱུར་དུ་འཇུག་འདོད་མེད་པའི་རྣམ་འགྱུར་བསྟན་པར་མ་ཟད། བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀས་རྡུལ་ཕྲན་མཚོན་ཆ་བཀོལ་ནས་ནམ་ཡང་དམག་འཁྲུག་རྒྱག་མི་ཉན་པ་དང་རྡུལ་ཕྲན་མཆོན་ཆའི་དམག་འཁྲུག་གིས་རང་གཞན་གཉིས་ཀ་ཕུང་ལ་སྦྱོར་རྒྱུ་ཡིན་པ་བློ་ཁ་རྩེ་མཐུན་བྱུང་བའི་གནས་ཚུལ་སྤེལ་འདུག

ཕྱི་སྲིད་དུས་དེབ་ལ་ཞིས་ཅིན་ཕིང་གིས་ཨིན་རྡུ་ནེ་ཤི་ཡའི་བྷ་ལི་མཚོ་གླིང་དུ་ཁ་རས་མ་གྱོན་པ་དང་ཕྱི་རྒྱལ་གྱི་འགོ་ཁྲིད་ཚོར་ལག་པ་གཏོང་རྒྱུར་འཛེམ་ཟོན་བྱས་མེད་པ་ནི་རྒྱ་ནག་གི་ནད་འགོག་སྲིད་ཇུས་ལ་འགྱུར་བ་གཏོང་རྒྱུའི་རྟགས་མཚན་ཕྲ་མོ་ཞིག་ཡིན་སྲིད། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་གཙང་སེལ་ཟེར་བའི་སྲིད་ཇུས་རྒྱུན་འཁྱོངས་བྱེད་དཀའ་བ་ཞིག་ལག་ལེན་བསྟར་གྱི་ཡོད་པ་ཕྱིར་འཐེན་བྱེད་མི་སྲིད་ཀྱང་ཞིང་ཆེན་ཧྲིལ་པོ་དང་གྲོང་ཁྱེར་ཧྲིལ་པོར་སྒོ་རྒྱ་བསྡམས། མི་གྲངས་དུང་ཕྱུར་མང་པོ་རང་ཁྱིམ་དུ་བཙོན་པ་ལྟར་བཅུག་ནས་བཀག རྒྱལ་ཡོངས་ཀྱི་མཁའ་ལམ་འགྲིམ་འགྲུལ་མཚམས་འཇོག་དང་མི་དམངས་རྣམས་ས་གནས་གཞན་ལ་བསྐྱོད་མི་ཆོག་པའི་བཀག་སྡོམ་བྱེད་ཀྱི་ཡོད་པར་འགྱུར་བ་ཞིག་ཐེབས་རྒྱུའི་རྣམ་པ་མངོན། རྒྱ་གཞུང་གིས་ནད་རྟགས་ཐོན་པའི་མི་རྣམས་ཟུར་འགོག་གི་དུས་ཡུན་ཐུང་དུ་བཏང་བ་དང་ནད་རྟགས་ཐོན་པའི་མི་ལ་འབྲེལ་བ་བྱུང་བ་རྣམས་རྩད་གཅོད་བྱས་ནས་ཟུར་འགོག་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་འཆར་འདུག པེ་ཅིང་གི་དབང་འཛིན་པ་ཚོ་རྒྱ་ནག་གི་ནད་འགོག་སྲིད་ཇུས་འགྲིག་གི་མི་འདུག་ཅེས་ཁས་ལེན་བྱ་རྒྱུར་སྦམ་ཤོར་གྱི་ཡོད་ཀྱང་གྲོང་ཁྱེར་མང་པོས་མང་ཚོགས་ལ་བརྟག་དཔྱད་བྱ་རྒྱུ་མཚམས་བཞག ཧྲི་ཅ་ཀྲོང་གྲོང་ཁྱེར་གྱིས་ནད་འགོག་སྲིད་ཇུས་སྙོམས་པོ་ཞིག་ལག་ལེན་བསྟར་གྱི་ཡོད་པར་རྒྱ་ནག་རྒྱལ་ཡོངས་ཀྱི་བསྔགས་བརྗོད་ཐོབ། དེང་སྐབས་ཀོང་ཀྲུག་རྒྱ་ནག་གི་ཏོག་དབྱིབས་ནད་དུག་ཁྱབ་ཡུལ་གྱི་ལྟེ་གནས་སུ་གྱུར་ཏེ་ཉིན་ལྟར་ནད་པ་གསར་པ་༥༠༠༠་ལྷག་ཐོན། ཉམས་ཞིབ་པ་ཚོས་རྒྱ་ནག་ལ་སྨན་ཁབ་ནུས་ལྡན་ཞིག་མེད་པར་ཏོག་དབྱིབས་ནད་དུག་རྩ་འགོག་ཐུབ་རྒྱུ་ཁག་པོ་རེད་ཅེས་བཀྲལ།།

ཕྱི་ཟླ་༡༡་པའི་ཚེས་༡༦་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་གྱི་གསར་འགོད་པས་ཨོ་གླིང་གི་སྲིད་བློན་ཟུར་པ་ཁེ་ཝིན་རུ་ཌིར་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་འགོ་ཁྲིད་ཚོས་ཧོང་ཀོང་གིས་ལག་ལེན་བསྟར་གྱི་ཡོད་པའི་ནད་འགོག་སྲིད་ཇུས་དེ་ལག་ལེན་མ་བསྟར་ཐབས་མེད་དུ་འགྱུར་རྒྱུ་རེད། ༢༠༢༣་གྱི་ལོ་དཀྱིལ་ནས་རྒྱ་ནག་གིས་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཚམས་འཇོག་རྒྱུ་ཡིན་ཞིང་། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པའི་རྗེས་སུ་རྒྱ་ནག་གཞུང་ཏོག་དབྱིབས་ནད་དུག་གཙང་སེལ་ཟེར་བའི་སྲིད་ཇུས་དེར་རྒྱང་བཀྱེད་ཀྱི་ཡོད་པའི་རྟགས་མཚན་ཞིག་ཐོན་འདུག ཧོང་ཀོང་གི་ནད་འགོག་སྲིད་ཇུས་དེ་ཀོང་ཏུང་ཞིང་ཆེན་ལ་ལག་ལེན་བསྟར་གྱི་ཡོད་པ་དང་ལོ་རྗེས་མའི་ལོ་དཀྱིལ་ཙམ་ལ་རྒྱ་ནག་རྒྱལ་ཡོངས་སུ་ཧོང་ཀོང་གི་ནད་འགོག་སྲིད་ཇུས་དེ་དར་སྤེལ་གཏོང་ཤས་ཆེ། དེ་ལྟར་བྱུང་ན་རྒྱ་ནག་ནང་ཁུལ་གྱི་ཚོང་ལས་ལའང་ཕན་ཐོགས་ཆེན་པོ་འབྱུང་རྒྱུ་དང་སྒོ་རྒྱ་བསྡམས་པའི་སྲིད་ཇུས་དེས་རྒྱལ་ནང་གི་ཚོང་ལས་ལ་ཉམས་ཆག་ཆེན་པོ་ཕོག རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་རྗེས་སུ་ཞིས་ཅིན་ཕིང་གི་སྲིད་དབང་སྲ་བརྟན་བྱུང་སྟེ་ཆེས་མཐོའི་འགོ་ཁྲིད་དུ་གྱུར་ཡོད་པ་རེད། དེས་ན་ཞིས་ཅིན་ཕིང་གིས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དེར་བསམ་བློ་གཏོང་དགོས་པ་དང་རྒྱ་ནག་གི་དཔལ་འབྱོར་སླར་གསོ་བྱ་དགོས་པ་སོགས་ལ་དམིགས་པ་གཏོང་དགོས། ཞིས་ཅིན་ཕིང་རྒྱ་ནག་གི་ལས་དོན་ཐམས་ཅད་ཐག་གཅོད་བྱེད་མཁན་འགོ་ཁྲིད་འབའ་ཞིག་དེར་གྱུར་ཡོད་པ་རེད་ཅེས་སྨྲས། སིངྒ་པུར་གྱི་འབྱུང་འགྱུར་སྲིད་བློན་ལོ་རན་སི་ཝང་གིས་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་མཇུག་དེར་གཞུང་གི་འགོ་ཁྲིད་གསར་པ་ཚོས་དཔལ་འབྱོར་སླར་གསོ་བྱ་རྒྱུ་གཙིགས་སུ་བཟུང་འདུག་ཅེས་བཤད། རྒྱ་ནག་གི་དཔལ་འབྱོར་སླར་གསོ་བྱེད་དགོས་ན་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་མཚམས་འཇོག་བྱེད་དགོས་པ་དང་འཛམ་གླིང་རྒྱལ་ཁབ་ཁག་ལ་འཁྲུག་རྩོད་མ་བསླངས་པར་འབྲེལ་བ་ཡག་ཏུ་གཏོང་དགོས་པ་རེད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱས་འདུག

XS
SM
MD
LG