ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༡༩

གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་མཆོག་གི་ཆོས་འབྲེལ་མཛད་འཆར་གྱི་གོང་དུ་གྲ་སྒྲིག


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱིར་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཁུལ་དང་། ནུབ་བྷ་གྷ་ལའི་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་བསྒྲུབས་པའི་རྗེས་སང་ཉིན་ཚེས་ ༡༥ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་གནང་རྟེན་ཁེལ་ཡོད་སྟབས་འདི་ག་ཨ་རིའི་རླུང་འཕྲིན་ཁང་གིས་གསར་འགོད་པས་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དགེ་བཤེས་བསྟན་འཛིན་དཀོན་མཆོག་ལགས་སུ་༧གོང་ས་མཆོག་གི་ཆོས་འབྲེལ་མཛད་འཆར་གྱི་གོང་དུ་གྲ་སྒྲིག་སོགས་གང་གནང་གི་ཡོད་པའི་ཐད་ལ་བཅར་འདྲི་ཞུས་པར་ཁོང་གིས་འདི་ལོའི་དབུ་གུར་འདི་བཞིན་དེ་སྔ་དང་མི་འདྲ་བ་མེ་སྐྱོན་གྱི་ཉེན་ཁ་ཆུང་བ་དང་། ཆར་རླུང་སོགས་བཀག་ཐུབ་ཀྱི་ཡོད་པས་མི་མང་རྣམས་ལ་ཕན་ཐོག་ཆེན་པོ་ཡོད་པ་གསུང་གནང་ཡང་འདི་དང་ཕྱོགས་མཚུངས་དགུང་ལོ་བདུན་བཅུ་ཡན་གྱི་བགྲེས་སྲོང་ཚོས་གསུང་ཆོས་ཕྱག་ཁྱེར་བཟོ་དགོས་པ་དང་།

ཕྱག་ཁྱེར་དེ་ཡང་འདི་ཚེས་༡༤ནས་འགོ་བཙུགས་ནས་ཚེས་༣༠བར་བཟོ་རྒྱུའི་གོ་སྐབས་ཡོད་པ་རེད་འདུག་ལ་ཆ་རྐྱེན་ཡང་རང་བཙན་ལག་དེབ་གཙོས་པས་རྒྱལ་ཁབ་སོ་སོའི་ལག་ཁྱེར་ཡོད་པ་ཡིན་ན་གསུང་ཆོས་ཀྱི་ཕྱག་འཁྱེར་བཟོ་ཐུབ་ཀྱི་ཡོད་པ་བདེ་སྲུང་ཡན་ལག་གི་འགན་འཛིན་ཚེ་རིང་དར་རྒྱས་ལགས་ཀྱིས་འགྲེལ་བརྗོད་དེ་ལྟར་ཞིག་གནང་བྱུང་།

གཞན་ཡང་གནང་ཉིན་ཚེས་ ༡༦ གི་ཞོགས་པ་ཚོུད ༨ པ་ཡས་མེད་ལ་༧གོང་ས་མཆོག་མཆོད་བརྟེན་རིན་པོ་ཆེའི་ནང་གནས་གཟིགས་ཕེབས་རྒྱུ་དང་། དེ་བཞིན་རིམ་པའི་བསྙེན་རྫོགས་ཀྱི་སྡོམ་པ་འབོག་འཇོག་གནང་རྒྱུ་སོགས་ཀྱི་མཛད་འཆར་དུ་མ་ཞིག་ཡོད་པ་ཆིབས་སྒྱུར་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དགེ་བཤེས་བསྟན་འཛིན་དཀོན་མཆོག་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག

XS
SM
MD
LG