ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་ལངས་ན་ཉི་ཧོང་ལ་ཉེན་ཁ། 


༄༅།། ཉི་ཧོང་གི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཟུར་པ་ཞིག་གིས་ཐེ་ཝན་མཚོ་འགག་ལ་དམག་འཁྲུག་འབྱུང་སྲིད་པ་འགོག་ཐབས་སུ་ང་ཚོས་ཨ་མི་རི་ཀར་མཉམ་འབྲེལ་བྱས་ནས་འགན་འཁྲི་ཆེ་ཙམ་ལེན་དགོས། གལ་སྲིད་ཐེ་ཝན་མཚོ་འགག་ལ་དམག་འཁྲུག་ལངས་ན་ཉི་ཧོང་གི་གླིང་ཕྲན་ཁག་ཀྱང་དམག་འཁྲུག་གི་མེ་རླབས་ནང་དུ་ཚུད་དེ་མངའ་ཁུལ་འདིའི་དམངས་གཙོའི་ལམ་ལུགས་ལ་ཉེན་ཁ་འབྱུང་སྲིད་ཅེས་ཉེན་བརྡ་བཏང་འདུག ཕྱི་ཟླ་༦་པའི་ཚེས་༢་ཉིན་ཉི་པོང་དྲྭ་ལམ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཕྱི་ཟླ་༤་པའི་ཚེས་༡༦་ཉིན་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཕོ་བྲང་དཀར་པོར་ཕྱིའི་རྒྱལ་ཁབ་ཅིག་གི་འགོ་ཁྲིད་ལ་ཐུག་འཕྲད་ཐེངས་དང་པོ་བྱས་པ་ནི་ཉི་ཧོང་གི་སྲིད་བློན་སུ་གྷ་རེད། ཇཱོ་བྷ་ཌན་གྱིས་སྲིད་དབང་བཟུང་བའི་རྗེས་སུ་རྒྱལ་ཁབ་གཞན་པ་གཅིག་གི་འགོ་ཁྲིད་ལ་ཐུག་འཕྲད་མ་བྱས་པར་ཉི་ཧོང་གི་སྲིད་བློན་ལ་ཐུག་འཕྲད་བྱས་པའི་དམིགས་ཡུལ་ཡང་ལྐོག་གྱུར་ཅིག་གཏན་ནས་མ་རེད། དེ་ནི་ཝ་ཤིང་ཊོན་གྱིས་པེ་ཅིང་ལ་ཉི་ཧོང་ནི་ཨེ་ཤི་ཡའི་མངའ་ཁུལ་གྱི་ཨ་མི་རི་ཀའི་མཐུན་གྲོགས་བླ་ན་མེད་པ་དེ་ཡིན་ཞེས་གོ་བརྡ་གསལ་པོ་བཏང་བ་ཞིག་མཚོན་ཐུབ། བྷ་ཌན་དང་སུ་གྷ་གཉིས་ཀྱི་སྤྱི་བསྒྲགས་དེའི་བརྗོད་བྱ་གཙོ་བོ་ནི་ཨ་རི་དང་ཉི་ཧོང་གཉིས་མཉམ་འབྲེལ་གྱིས་ཨེ་ཤི་ཡ་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་ལ་འགོ་ཁྲིད་བྱ་རྒྱུ་ཡིན། ཐེ་ཝན་མཚོ་འགག་ལ་ཞི་བདེ་བརྟན་ལྷིང་བསྐྲུན་དགོས་པ་དང་ཞི་བའི་སྒོ་ནས་མཚོ་འགག་ཕྱོགས་གཉིས་ཀྱི་རྩོད་གཞི་རྣམས་ཐག་གཅོད་བྱ་དགོས་ཞེས་བཀོད། འདི་ནི་དུས་རབས་ཕྱེད་ཀ་ལྷག་གི་རིང་ལ་ཉི་ཧོང་དང་ཨ་རིའི་འགོ་ཁྲིད་ཚོ་ཟུང་འབྲེལ་ཐོག་ཏུ་ཐེ་ཝན་གྱི་གནད་དོན་གླེང་སློང་བྱས་པ་ཐེངས་དང་པོ་རེད་ཅེས་གནས་ཚུལ་སྤེལ་འདུག

ད་ལོའི་ཕྱི་ཟླ་༤་པའི་ཚེས་༡༦་ཉིན་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཉི་ཧོང་གི་སྲིད་བློན་སུ་གྷ་མཇལ་འཕྲད་གནང་།
ད་ལོའི་ཕྱི་ཟླ་༤་པའི་ཚེས་༡༦་ཉིན་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཉི་ཧོང་གི་སྲིད་བློན་སུ་གྷ་མཇལ་འཕྲད་གནང་།

ཉི་པོང་དྲྭ་ལམ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ༡༩༦༩་ལོར་སྐབས་དེའི་ཉི་ཧོང་གི་སྲིད་བློན་ཨི་ས་ཁུ་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ནས་སྲིད་འཛིན་ནིཀ་སིན་གྱི་ལྷན་དུ་ཝ་ཤིང་ཊོན་གྱི་ཕོ་བྲང་དཀར་པོར་ཐེ་ཝན་གྱི་གནད་དོན་གླེང་སློང་བྱས་ཡོད་པ་སྟེ། སྲིད་བློན་ས་ཏོ་ཨི་ས་ཁུ་དང་སྲིད་འཛིན་ནིཀ་སིན་གཉིས་ཀྱི་མཉམ་འབྲེལ་སྤྱི་བསྒྲགས་དེར་ནིཀ་སིན་གྱིས་ཨ་མི་རི་ཀར་ཀྲུང་ཧྭ་མིང་གོ་དང་མཉམ་དུ་བཞག་པའི་ཆིངས་ཡིག་གི་འབྲུ་དོན་བསྒྲུབ་དགོས་པའི་འགན་འཁྲི་ཡོད་ཅེས་བཤད། སྲིད་བློན་ས་ཏོ་ཨི་ས་ཁུས་ཐེ་ཝན་མཚོ་འགག་ལ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་ནི་ཉི་ཧོང་གི་བདེ་འཇགས་ལ་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་ཞེས་བཤད། ༡༩༦༩་ལོར་ཐེ་ཝན་ལ་ཀྲུང་ཧྭ་མིང་གོ་ཞེས་འབོད་པ་དང་རྒྱ་ནག་གི་ཁྲིམས་མཐུན་སྲིད་གཞུང་ངོ་མ་དེ་ཀྲུང་ཧྭ་མིང་གོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཉི་ཧོང་གིས་ཐེ་ཝན་དང་ཀོ་རི་ཡར་དབང་སྒྱུར་བྱ་རྒྱུ་མཚམས་བཞག་ནས་བཟུང་། ཉི་ཧོང་ཨ་མི་རི་ཀའི་དམག་གི་སྲུང་སྐྱོབ་འོག་ཏུ་ཚུད་པས་རྒྱལ་ཁབ་དེའི་སྲིད་གཞུང་རིམ་པས་ཨ་རིའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུ་མགོ་བརྩམས། ཉི་ཧོང་གི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་སྒར་ཚུགས་ནས་ཉི་ཧོང་དང་ཐེ་ཝན། ལྷོ་ཀོ་རི་ཡ་བཅས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་ཤིག་བཟུང་། སྲིད་ཇུས་དེ་ཉི་ཧོང་དང་ཨ་མི་རི་ཀའི་འབྲེལ་བའི་སྒྲོམ་གཞི་ལྟ་བུ་ཞིག་ལ་གྱུར། ༡༩༦༩་ལོར་ཉི་ཧོང་གི་སྲིད་བློན་ཞིག་གིས་ཐེ་ཝན་དང་ཀོ་རི་ཡའི་གླིང་ཟུར་གྱི་བདེ་འཇགས་སོགས་གླེང་སློང་བྱས་པར་དཀའ་ངལ་མེད། དེ་ནི་ལོ་དེར་རྒྱ་ནག་དང་ཨུ་རུ་སུ་གཉིས་ཌ་མན་སི་ཀི་གླིང་ཕྲན་ནམ། རྒྱ་སྐད་དུ་ཀྲེན་པོ་ཏོ་ཞེས་པའི་གླིང་ཕྲན་གྱི་བདག་དབང་བརྩད་ནས་འཐབ་འཁྲུག་དྲག་པོ་ལངས་པའི་དུས་སྐབས་རེད་ཅེས་བཀོད།།

ཉི་ཧོང་དྲྭ་ལམ་གསར་ཁང་གིས་རྒྱ་ནག་དང་ཨུ་རུ་སུའི་ས་མཚམས་དམག་འཁྲུག་རྗེས་སུ་མའོ་ཙེ་ཏུང་གིས་ཉི་ཧོང་དང་ཨ་མི་རི་ཀ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་ཡར་རྒྱས་བཏང་སྟེ་ཨུ་རུ་སུ་ལ་ཁ་གཏད་གཅོག་པའི་སྲིད་ཇུས་ཤིག་བཟུང་། མའོ་ཙེ་ཏུང་གིས་ཐེ་ཝན་ནི་རྒྱ་ནག་སྐམ་ས་ཆེན་མོར་ངོ་ལོག་པའི་ཞིང་ཆེན་ཞིག་ཡིན་ཞེས་རྩོད་པ་རྒྱག་རྒྱུ་མཚམས་མ་བཞག་ཀྱང་རྒྱ་ནག་ལ་སྟོབས་འབྱོར་མེད་པ་དང་དཀའ་ངལ་གཞན་པ་མང་དག་ཅིག་ཕྲད་ནས་ཐེ་ཝན་གྱི་གནད་དོན་ལ་དོ་སྣང་བྱེད་མ་ཐུབ། ཨ་མི་རི་ཀ་དང་ཉི་ཧོང་གིས་ཀྱང་ལོ་མང་རིང་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་སེམས་ཁྲལ་བྱེད་མི་དགོས་པ་ཞིག་ཏུ་གྱུར། ལོ་རབས་༩༠་ནང་དུ་ལི་ཏིང་ཧུའི་དམངས་གཙོའི་ལམ་ནས་ཐེ་ཝན་གྱི་སྲིད་འཛིན་ལ་འོས་འདེམས་བྱུང་། ལི་ཏིང་ཧུས་མཚོ་གླིང་དེར་གོ་མིན་ཏང་གིས་དམག་ཁྲིམས་བསྡམས་ནས་དབང་སྒྱུར་བྱས་པའི་ལམ་ལུགས་མཇུག་བསྒྲིལ། ཁོང་གིས་ང་ཐེ་ཝན་པ་ཡིན་ཞེས་མཚོ་གླིང་དེར་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་ཐ་དད་ཅིག་གསར་གཏོད་བྱས་ནས་༡༩༩༦་ལོར་རྒྱ་ནག་གིས་ཐེ་ཝན་མཚོ་འགག་ལ་མེ་ཤུགས་འཕུར་མདེལ་འཕངས་ནས་སྡིགས་ར་བསྐུལ། ཨ་མི་རི་ཀས་མཚོ་དམག་གི་དཔུང་སྡེ་དང་འཐབ་འཛིང་གནམ་གྲུ་ཁྱེར་པའི་དམག་གྲུ་བཏང་ནས་ཐེ་ཝན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ནས་རྒྱ་ནག་གིས་རང་ཚོད་མ་བཟུང་ཐབས་མེད་དུ་གྱུར། དེང་སྐབས་རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་གཉིས་པར་གྱུར་ཡོད་པ་དང་༢༠༣༠་ལོར་ཨ་མི་རི་ཀའི་སྔོན་ལ་ཤོར་ཏེ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་དང་པོར་འགྱུར་རྒྱུའི་ལམ་དུ་བསྐྱོད། ད་དུང་ཡང་རྒྱ་ནག་གིས་ཨ་མི་རི་ཀ་ལྟར་དམག་དོན་ལ་འགྲོ་གྲོན་གཏོང་ཐུབ་ཀྱི་མེད་ཀྱང་དེའི་ཁྱད་པར་ནི་ལོ་རེ་བཞིན་བསྙམས། དཔེར་ན་དབྱིན་ཇི་དང་ཁེ་ན་ཌ། འཇར་མན་ཎི་དང་ཨི་ཊ་ལི། ཉི་ཧོང་སོགས་རྒྱལ་ཁབ་བདུན་གྱིས་དམག་དོན་འགྲོ་གྲོན་གཏོང་གི་ཡོད་པ་དེ་འདྲ་ཞིག་རྒྱ་ནག་གཅིག་པུས་དམག་དོན་ལ་འགྲོ་གྲོན་གཏོང་གི་འདུག་ཅེས་གནས་ཚུལ་སྤེལ།།

ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་དང་ཨ་རིའི་སྐུ་ཚབ་ཚོགས་པ་ཞིག
ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་དང་ཨ་རིའི་སྐུ་ཚབ་ཚོགས་པ་ཞིག

ད་ལྟ་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་མཚོ་གླིང་དེའི་གནས་ཐོབ་རྒྱུན་འཛིན་དང་རྒྱ་ནག་ལ་ཕོག་ཐུག་མི་གཏོང་བའི་སྲིད་ཇུས་ཤིག་འཛིན་ཐབས་བྱེད་ཀྱི་ཡོད་ཀྱང་ཞིས་ཅིན་ཕིང་འདོད་བློ་ཚིམས་དཀའ། ཞིས་ཅིན་ཕིང་གིས་མའོ་ཙེ་ཏུང་ལྟར་རྒྱ་ནག་གི་ལོ་རྒྱུས་སུ་བྱས་རྗེས་ཤིག་འཇོག་འདོད་ཡོད་པ་དང་རྒྱ་ནག་ལ་དམག་གི་སྟོབས་ཤུགས་དང་དཔལ་འབྱོར་གྱི་སྟོབས་ཤུགས། ལྷག་པར་དུ་ཐེ་ཝན་གྱི་གནད་དོན་ཐོག་ཏུ་རྒྱ་ནག་མི་དམངས་རྣམས་དམར་ཤོག་སྲིད་གཞུང་དེའི་སྲིད་ཇུས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་པས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་སྔར་ལས་ཛ་དྲག་ཅན་ཞིག་ཏུ་གྱུར། ཉམས་ཞིབ་པ་ཚོས་ཐེ་ཝན་ལ་བདེ་འཇགས་མེད་ན་ཉི་ཧོང་ལ་བདེ་འཇགས་མེད། ད་ནས་ཐེ་ཝན་ལ་བདེ་འཇགས་མེད་ཀྱང་ཉི་ཧོང་ལ་བདེ་འཇགས་ཡོད། ཉི་ཧོང་གིས་སྔར་བཞིན་མངའ་ཁུལ་དེའི་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱེད་ཐུབ་ཅེས་རྩོད་པ་རྒྱག་ས་ཞིག་ལུས་མི་འདུག ཀོ་རི་ཡའི་གླིང་ཟུར་གྱི་དམག་འཁྲུག་ལས་ཀྱང་ཐེ་ཝན་ལ་དམག་འཁྲུག་བྱུང་ན་ཉི་ཧོང་ལ་ཐད་ཀར་ཉེན་ཁ་འབྱུང་སླ། ཐེ་ཝན་ནི་ཉི་ཧོང་གི་ཨོ་ཁི་ན་ཝ་མངའ་ཁུལ་ནས་སྤྱི་ལེ་༡༠༠་ཡས་མས་ཤིག་གི་མཚམས་སུ་ཆགས་འདུག རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་གླིང་དེའི་མཚོ་འོག་དམག་གྲུ་ཁག་གི་འབྲེལ་ལམ་གློག་སྐུད་བཅད་པ་དང་ཐེ་ཝན་མཐའ་བསྐོར། རྒྱལ་སྤྱིའི་ཞི་དྲག་གི་གནམ་གྲུ་དང་གྲུ་གཟིངས་རྣམས་ཐེ་ཝན་གྱི་མཐའ་འཁོར་དུ་ཡོང་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ། ཉི་ཧོང་གི་ཡོ་ན་གུ་ནི་དང་ཨི་རི་མོ་ཏོ། མི་ཡ་ཀོ་དང་ཨི་ཤི་གྷ་ཁི། སན་ཁ་ཀུ་གླིང་ཚོམ་རྣམས་རྒྱ་ནག་གི་བཀག་སྡོམ་མངའ་ཁོངས་སུ་ཚུད་རྒྱུ། རྒྱ་ནག་གིས་སན་ཀ་ཁུ་གླིང་ཚོམ་ཡང་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་རྩོད་པ་རྒྱག་གི་ཡོད་པས་ཉི་ཧོང་གི་ལྷོ་མཐའི་ས་ཀི་ཤི་མ་གླིང་ཚོམ་ཁག་ཀྱང་ཐད་ཀར་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཚུད་རྒྱུ་རེད་ཅེས་ཐེ་ཝན་ལ་དམག་འཁྲུག་བྱུང་ན་ཉི་ཧོང་ལ་ཁེ་གྱོང་ཅི་ཡོད་རྣམས་གསལ་སྟོན་བྱས་འདུག

ཐེ་ཝན་མཚོ་འགག་གི་དམག་འཁྲུག་འགོག་པར་ཨ་མི་རི་ཀ་དང་ཉི་ཧོང་གཉིས་ཀྱིས་བདེ་འཇགས་སྲུང་སྐྱོབ་ཀྱི་སྒྲོམ་གཞི་རྒྱ་བསྐྱེད། ད་ལྟ་ཨ་རི་དང་ཉི་ཧོང་། ཨོ་གླིང་རྒྱལ་ཁབ་དང་རྒྱ་གར་བཅས་བཞི་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་སྒྲིག་འཛུགས་ཤིག་འཛུགས་རྒྱུ། རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ་ལ་བཞི་འབྲེལ་རྒྱལ་ཁབ་ཀྱིས་འགན་ཁུར་གཙོ་བོ་ལེན་རྒྱུ། དེའི་ཞོར་དུ་ལྷོ་ཀོ་རི་ཡས་ཀྱང་ཐེ་ཝན་མཚོ་འགག་གི་བདེ་འཇགས་སྲུང་སྐྱོབ་ལ་འགན་ཁུར་ལེན་དགོས་པའི་རྟགས་མཚན་ཞིག་ཐོན། ཉེ་ཆར་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ཕོ་བྲང་དཀར་པོར་འཚམས་འདྲིར་ཕེབས་ནས་སྲིད་འཛིན་བྷ་ཌན་གྱི་ལྷན་དུ་གསར་འགོད་ལྷན་ཚོགས་བསྐོངས། སྲིད་འཛིན་མུ་ཅེ་དབྱིན་གྱིས་སྐབས་དེར་ཐེ་ཝན་མཚོ་འགག་ལ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་གནད་འགག་ཆེན་པོ་ཡིན་ཞེས་བཤད། འདི་ནི་ལྷོ་ཀོ་རི་ཡའི་སྲིད་འཛིན་མང་དག་ཅིག་གིས་གླེང་སློང་བྱེད་མི་དགོས་པར་གཡོལ་ཐབས་བྱས་པའི་གནད་དོན་ཞིག་ཡིན་ཞིང་། འོན་ཀྱང་ཨ་མི་རི་ཀའི་དམག་དོན་མི་སྣ་ཚོས་ཐེ་ཝན་མཚོ་འགག་ལ་དངོས་སུ་དམག་འཁྲུག་ལངས་ཚེ། ལྷོ་ཀོ་རི་ཡས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་མཉམ་རོགས་བྱེད་ཐུབ་མིན་ཐེ་ཚོམ་རེད། ཨོ་གླིང་རྒྱལ་ཁབ་ནི་རྒྱང་ཐག་རིང་དྲགས་པ་དང་ཨ་མི་རི་ཀར་ཨེ་ཤི་ཡའི་བྱང་ཤར་ཕྱོགས་སུ་བློས་ཐུབ་ཀྱི་མཐུན་གྲོགས་གཅིག་ཡོད་པ་ནི་ཉི་ཧོང་རེད། དེས་ན་ཨ་མི་རི་ཀ་དང་ཉི་ཧོང་གཉིས་ཀྱིས་རྒྱ་ནག་གི་བཙན་འཛུལ་བཀག་ནས་ཐེ་ཝན་ལ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་མིན་གྱི་འཐབ་ཇུས་ཤིག་འཛིན་དགོས་ཀྱི་འདུག་ཅེས་བཤད། སྲིད་བློན་སུ་གྷས་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་དབུས་སྤྱི་ཁྱབ་བཀོད་འདོམས་ཁང་ཉི་ཧོང་གི་རྒྱལ་ས་ཊོཀ་ཁིའོ་ལ་ཚུགས་དགོས་པའི་གྲོས་གཞི་བཏོན་འདུག

XS
SM
MD
LG