ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཕོལ་ཕེ་ལོ་སིར་རྒོལ་རྡུང་བྱུང་བར་དབུས་ཞིབ་གཅོད་ཁང་གིས་ཞིབ་འཇུག 


༄༅།། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་བོད་དོན་རྒྱབ་སྐྱོར་བ་ནན་སི་ཕེ་ལོ་སིའི་སྐུ་བཟའ་ཟླར་མི་ཞིག་གིས་རྒོལ་རྡུང་བྱས་པར་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ནས་ཞིབ་འཇུག་བྱས་ཏེ་གནས་ཚུལ་གསར་པ་ཁག་ཅིག་ཐོན་ཞིང་། ཕྱི་ཟླ་༡༡་པའི་ཚེས་༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་གྱི་ཞོགས་པར་ལོ་ན་༤༢་ལ་སོན་པའི་ཌེ་ཝི་ཌེ་ཌི་པ་པེ་ཞེས་པའི་སྐྱེས་པ་ཞིག་གིས་ནན་སི་ཕེ་ལོ་སི་ཚང་གི་སྒོའི་ཤེལ་སྒོ་བཅག་སྟེ་ནང་དུ་འཛུལ། ཁོ་པས་ལོ་ན་༨༢་ལ་སོན་པའི་ཕོལ་ཕེ་ལི་སིའི་མགོ་ལ་ཐོ་བ་གཞུས་ནས་རྨས། སན་ཧྥ་རན་སི་སེ་ཀོ་རྫོང་གི་ཉེན་རྟོག་པ་ཚོས་ཌི་པ་པེ་ལ་འདྲི་གཅོད་བྱས་པའི་སྐབས་སུ་མི་དེས་ངའི་རྒོལ་རྡུང་བྱ་ཡུལ་གྱི་དམིགས་འབེན་ནི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་ཡིན། ང་ཁོ་ཚོའི་ཁྱིམ་དུ་འཛུལ་བ་དང་ཕོལ་ཕེ་ལོ་སི་ཉལ་སའི་ནང་དུ་ཉལ་འདུག ངས་ཁོ་པ་གཉིད་དཀྲོགས་ཏེ་ནན་སི་ཕེ་ལོ་སི་གང་དུ་ཡོད་ཅེས་དྲིས་པ་ཡིན། ངས་ནན་སི་ཕེ་ལོ་སི་བཙན་ཉར་བྱས་ནས་སྐད་ཆ་འདྲི་དགོས་བསམས་བྱུང་། གལ་སྲིད་ཁོ་མོས་ངའི་དྲི་བ་དེ་ཚོར་ལན་དྲང་པོ་ཞིག་བཏབ་ན་ཅང་མ་བྱས་པར་འཇོག་དགོས་བསམས་ཡོད། གལ་སྲིད་ཁོ་མོས་ངའི་དྲི་བ་དེ་ཚོར་ལན་འདེབས་དྲང་པོ་ཞིག་མ་བྱས་ན་པུས་ཚིག་གཅོག་འཆར་ཡོད། ཁོ་མོའི་པུས་ཚིག་བཅག་ན་གྲོས་ཚོགས་སུ་རྐུབ་བཀྱག་འཁོར་ལོའི་སྟེང་དུ་བསྡད་ནས་འགྲོ་དགོས་ངེས་རེད། དེ་ནས་དབུས་གཞུང་གི་གྲོས་ཚོགས་ཁྲིམས་བཟོ་བ་གཞན་ཚོར་མཇུག་འབྲས་གཅིག་མཚུངས་སྨིན་རྒྱུའི་ཉེན་བརྡ་གཏོང་ཐུབ། དམངས་གཙོ་ཚོགས་པའི་རྫུན་གྱི་ལན་ཁག་རྣམས་ནན་སི་ཕེ་ལོ་སི་ལ་ཡོད་པ་རེད་ཅེས་ལན་བཀྲལ།།

ཕོལ་ཕེ་ལོ་སིས་མི་དེར་ནན་སི་ཕེ་ལི་སི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པ་རེད་ཅེས་ལན་གླན། དེར་བརྟེན་ཌི་པ་པེས་གློ་ཁུག་ནང་ནས་སྒྲོག་ཐག་བླངས་ཏེ་ཕོལ་ཕེ་ལོ་སི་སྒྲོག་ཐག་གིས་བཅིངས་ནས་འཇོག་རྒྱུ་དང་ཁོ་པས་རྒྱབ་ཁུག་ཁུར་ཏེ་ཕེ་ལོ་སི་ཚང་ལ་ཡོང་བ་སོགས་ཀྱིས་ངལ་དུབ་མྱོང་སྟེ་ཅུང་ཙམ་གཉིད་དགོས་བསམས། ཁོ་པས་ཕོལ་ཕེ་ལོ་སི་སྒྲོག་ཐག་གིས་བཅིངས་ཐབས་བྱས་པར་རྒད་པོ་དེ་གློག་སྐེ་འཁྲིས་ཀྱི་ཁ་པར་ཡོད་སར་བརྒྱུགས་ཀྱང་ཌི་པ་པེས་བཀག ཁོ་ཚོས་ཕར་བཤད་ཚུར་བཤད་བྱས་པའི་སྐབས་དེར་ཕོལ་ཕེ་ལོ་སི་གསང་སྤྱོད་ནང་དུ་སོང་སྟེ་༩༡༡་མནན་ནས་ཉེན་རྟོག་པར་ཁ་པར་བཏང་ཞིང་། ཕོལ་ཕེ་ལོ་སིས་ཁ་པར་བཏང་བ་ཌི་པ་པེས་ཤེས་རྟོགས་བྱུང་ཡང་མ་བྲོས། ཅིའི་ཕྱིར་ཞེ་ན་ཁོ་པས་ཨ་རིའི་རྒྱལ་ཁབ་གསར་འཛུགས་པ་ཡབ་མེས་ཚོས་དབྱིན་ཇིར་འཐབ་རྒོལ་བྱས་པ་ལྟར་ངས་ཀྱང་མགོ་མ་སྒུར་བར་གཏུམ་དྲག་ལ་འཐབ་རྒོལ་བྱེད་ཀྱི་ཡོད། ངས་ཕོལ་ཕེ་ལོ་སི་འོག་ཤོད་དུ་ཁྲིད་ནས་མདུན་སྒོའི་རྩར་བསླེབས་པ་དང་མྱུར་དུ་སྒོ་ཕྱེ་སོང་། དེ་ནས་ཕོལ་ཕེ་ལོ་སིས་ངའི་ལག་གི་ཐོ་བར་འཇུས་ནས་འཕྲོག་ཐབས་བྱས་བྱུང་། ངས་ཁོ་པའི་མགོ་ལ་ཐོ་བ་གཞུས་ནས་རྨས་པ་ཡིན་ཞེས་ཁས་བླངས། ཉེན་རྟོག་པ་ཚོ་འཕྲལ་དུ་ཁང་པའི་ནང་དུ་བརྒྱུགས་ཡོང་སྟེ་ཌི་པ་པེ་བཟུང་བ་དང་ཕོལ་ཕེ་ལོ་སི་དྲན་མེད་དུ་བརྒྱལ་ཡོད་པ་སྨན་ཁང་དུ་ཁྱེར། ཌེ་པ་པེས་ངས་མགོ་སྒུར་རྒྱུ་མིན། ང་ནི་ནན་སི་ཕེ་ལོ་སི་འཚོལ་དུ་ཡོང་བ་ཡིན་ཞེས་བསྐྱར་དུ་བཟློས།།

འདས་པའི་ཉིན་ཤས་རིང་ཨ་རིའི་ཉེན་རྟོག་པ་ཚོས་ཌི་པ་པེས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སིའི་སྐུ་ཟླར་རྒོལ་རྡུང་བྱས་པའི་རྒྱུ་རྐྱེན་དང་མི་དེའི་ཀུན་སློང་ཅི་ཡིན་བརྟག་དཔྱད་བྱས་ཀྱང་གསལ་པོ་ཞིག་ཤེས་རྟོགས་མ་ཐུབ། དྲྭ་ལམ་གྱི་གསར་ཁང་འགའ་ཞིག་གིས་ཌི་པ་པེས་ངོ་དེབ་ནང་དུ་ཏོག་དབྱིབས་ནད་དུག་གི་སྔོན་འགོག་སྨན་ཁབ་ནི་རྫུན་མ་ཡིན་པ་དང་༢༠༢༠་ལོའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་བརྐུས་འཕྲོག་བྱས་ནས་ལྐོག་གཡོ་ངན་ཇུས་བཤམས་པ་རེད་ཅེས་དྲྭ་ལམ་དུ་འཕྲིན་ཐུང་སྤེལ། བདུན་ཕྲག་སྔོན་མའི་གཟའ་པ་སངས་ནས་ངོ་དེབ་བཟོ་ཚོང་ཁང་གིས་ཌི་པ་པེའི་དྲྭ་བྱང་སྒོ་བརྒྱབ་སྟེ་འཕྲིན་ཐུང་སྤེལ་བ་དང་མཚན་འགོད་མི་ཐུབ་པར་བསྒྱུར། ཁོ་པ་གཟའ་པ་སངས་ནས་སན་ཧྥ་རན་སི་སེ་ཀོ་རྫོང་གི་བཙོན་ཁང་དུ་བཅུག སན་ཧྥ་རན་སི་སེ་ཀོ་རྫོང་གི་ཉེན་རྟོག་པས་ཌི་པ་པེར་མི་གསོད་ཐབས་བྱས་པ་དང་ཁྱིམ་ཚང་གི་ནང་དུ་ཁྲིམས་འགལ་གྱིས་འཛུལ་ཞུགས། ཉེན་ཚབས་ཅན་གྱི་མཚོན་ཆ་ཐོགས་ཏེ་མི་ལ་རྒོལ་རྡུང་། བགྲེས་སོང་ལ་རྡུང་རྡེག་དང་བཙན་ཉར། སྤྱི་དམངས་སྲི་ཞུ་བར་འཇིགས་སྐུལ་བྱས་པ་བཅས་ཀྱི་ནག་ཉེས་བཙུགས་ནས་ཁྲིམས་ལ་སྦྱོར་འཆར་ཡོད་ཅིང་། ཌི་པ་པེར་ཉུང་མཐར་ཡང་ལོ་༡༣་གྱི་བཙོན་འཇུག་གི་ཁྲིམས་ཐག་གཅོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

དེ་རིང་གི་ཨ་རི་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་དབུས་ཁྲིམས་འཛིན་ལྷན་ཁང་གིས་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སིའི་སྐུ་ཟླར་རྒོལ་རྡུང་བྱེད་མཁན་དེར་ལོ་༥༠་ཐམ་པའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་དགོས་ཞེས་ཁ་མཆུ་བཙུགས། སྲིད་འཛིན་བྷ་ཌན་གྱིས་རྒོལ་རྡུང་དེར་ཁ་རྡུང་དྲག་པོ་བཏང་བ་དང་མི་དེ་ཚོས་ན་ནིང་ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཨ་རིའི་གྲོས་ཚོགས་ལ་དཔུང་རྒོལ་བྱུང་བ་དཀར་འདོན་བྱ་ཐབས་དང་ཏོག་དབྱིབས་ནད་དུག་རྫུན་མ་རེད། སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ལ་གཡོ་ཁྲམ་བྱས་པ་རེད་ཅེས་གནས་ཚུལ་ལོག་པ་བཀྲམ་ནས་འཁྱོག་བཤད་བྱེད་ཀྱི་ཡོད་པར་བལྟས་ཚེ། མི་དེ་ཚོའི་ཀླད་པ་ཐང་ཐང་མེད་པའི་རྟགས་མཚན་འདུག་ཅེས་བསྒྲགས། ཨ་རིའི་བདེ་འཇགས་ཚན་པ་ཕལ་ཆེ་བས་སྲིད་དོན་པ་དང་འོས་བསྡུའི་ལས་སྣེ་ཁག ཆོ་ལུགས་ཁག་གི་གྲངས་ཉུང་མི་རིགས་བཅས་ལ་རྒོལ་རྡུང་འཕོག་སྲིད་པའི་ཉེན་ཁ་འདུག ༢༠༢༡་ནས་བཟུང་སྟེ་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་གྲུབ་འབྲས་དྲང་སྙོམས་བྱུང་མེད་པའི་ལོག་བཤད་བྱས་ནས་ཕོལ་ཕེ་ལོ་སིར་རྒོལ་རྡུང་ཕོག་པ་ལྟར་གཏོར་རྒོལ་གཞན་པའང་ཐེངས་འགའ་ཞིག་བྱུང་ཡོད་པ་རེད་ཅེས་ཉེན་བརྡ་བཏང་འདུག

ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་ཕེ་ལོ་སི་དམིགས་འབེན་དུ་བཟུང་ནས་རྒོལ་རྡུང་བྱུང་བ་ཐེངས་དང་པོ་མིན་པ་ལྟར་མཐའ་མཇུག་གི་རྒོལ་རྡུང་ཡང་ཡིན་ག་ལ་སྲིད། ཨེམ་ཨེ་སི་ཨེམ་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་ལྔའི་གོང་དུ་ཨ་རིའི་གྲོས་ཚོགས་འོག་མའི་འགོ་ཁྲིད་གཞོན་པ་སྤྱི་མཐུན་ཚོགས་པའི་འཐུས་མི་སི་ཊིབ་སི་ཁེལ་སི་ལ་མེ་མདའ་བརྒྱབ་ནས་རྨས། བདུན་ཕྲག་སྔོན་མར་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་དང་རྒྱལ་ནང་བདེ་འཇགས་ལྷན་ཁང་གཉིས་ཀྱིས་ཕྱི་ཟླ་༡༡་པའི་ཚེས་༨་ཉིན་ཨ་མི་རི་ཀར་བར་མའི་འོས་བསྡུ་མ་བྱས་གོང་དུ་རྒོལ་རྡུང་གི་གནས་ཚུལ་འབྱུང་རྒྱུ་ཇེ་མང་དུ་འགྲོ་ཉེན་ཆེ། ཨ་རིའི་རྒྱལ་ནང་གི་མཐའ་ལྷུང་དྲག་སྤྱོད་པ་ཚོས་མི་དམངས་ཀྱིས་འོས་འདེམས་བྱས་པའི་འཐུས་མི་ཚོར་གཏོར་རྒོལ་བྱེད་སྲིད། འོས་མི་ཚོ་དྲིལ་བསྒྲགས་ལས་འགུལ་སྤེལ་དུ་བསྐྱོད་པའི་སྐབས་སུ་གཟབ་ནན་བྱ་དགོས་པའི་ལམ་སྟོན་བཀོད་ཁྱབ་བཀྲམ། ཨ་རིའི་གྲོས་ཚོགས་ཀྱི་ཉེན་རྟོག་པས་༢༠༡༦་ནས་ད་ལྟའི་བར་དུ་གྲོས་ཚོགས་འཐུས་མི་ཚོར་འཇིགས་སྐུལ་བྱ་རྒྱུ་བརྒྱ་ཆ་༩༦༧་མང་དུ་ཕྱིན་འདུག་ཅེས་གཞི་གྲངས་བཏོན། ཨ་མི་རི་ཀའི་གསར་འགྱུར་ལས་ཁང་ཁག་གིས་རྒྱལ་ཡོངས་གྲོས་ཚོགས་སུ་གོ་གནས་འཛིན་པའི་བུད་མེད་འཐུས་མི་ཚོར་རྒོལ་རྡུང་བྱས་པ་ནི་ཨ་མི་རི་ཀའི་དམངས་གཙོའི་ལམ་ལུགས་ལ་གཏོར་རྒོལ་བྱས་པ་དང་གཅིག་མཚུངས་རེད་ཅེས་ངོ་རྒོལ་གྱི་ཆེད་བརྗོད་སྤེལ་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG