ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བལ་ཡུལ་དུ་སྲིད་སྤྱིའི་འོས་བསྡུ་ལེགས་གྲུབ།


༄༅།། རྒྱ་ནག་གི་གནོན་ཤུགས་འོག་ཏུ་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བ་ཚོར་བལ་ཡུལ་གཞུང་གིས་ཆབ་སྲིད་ཀྱི་ལས་འགུལ་ཁག་སྤེལ་མི་ཆོག་པའི་དམ་དྲག་བྱེད་ཀྱི་ཡོད་ཀྱང་༢༠༢༡་གི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་དམངས་སྤྱི་འཐུས་གཉིས་ཀྱི་དངོས་གཞིའི་འོས་འདེམས་སྐབས་སུ་ས་གནས་འོས་བསྡུའི་འགན་འཛིན་གཙོས་ལས་སྣེ་ཚོས་དུས་རྒྱུན་དང་མ་འདྲ་བར་གསང་བའི་ཐོག་ཏུ་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་ཁག་བཀོད་སྒྲིག་བྱས་པས་དཀའ་ངལ་གང་ཡང་མ་བྱུང་བར་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བ་ཚོས་འོས་ཤོག་འཕེན་ཐུབ་ཡོད་ཅིང་། ད་ལྟ་འོས་ཤོག་ཀྱང་གྲངས་བཤེར་ཟིན་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༤་པའི་ཚེས་༡༥་ཉིན་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བའི་ས་གནས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཀརྨ་རྒྱལ་མཚན་གྱིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་གསུངས་པ་ལྟར་ན། ད་ཐེངས་ཀྱི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་དེ་ཧ་ཅང་ལེགས་གྲུབ་བྱུང་སོང་། གཙོ་བོ་དབུས་འོས་བསྡུ་ལས་ཁང་གིས་བཀོད་ཁྱབ་ལམ་སྟོན་དང་དམིགས་བསལ་ས་གནས་འགོ་འཛིན་ཚོས་ཕྱག་ལས་ཧུར་ཐག་གནང་བ་བཅས་ལ་བརྟེན་ནས་གྲུབ་འབྲས་ཐོན་པ་ཞིག་རེད། ཉེ་ཆར་སྔོན་འགྲོའི་འོས་བསྡུའི་སྐབས་སུ་བལ་ཡུལ་གཞུང་གིས་འགོག་རྐྱེན་བཟོས་པའི་ཉམས་མྱོང་ལ་གཞིགས་ནས་ཐེངས་འདིར་གྲ་སྒྲིག་གང་ལེགས་བྱས་ཏེ་དངོས་གཞིའི་འོས་བསྡུར་སྔོན་འགྲོའི་འོས་བསྡུའི་སྐབས་ལས་ཀྱང་མི་གྲངས་མང་བ་ཞིག་གིས་འོས་ཤོག་འཕེན་ཐུབ་སོང་། འོས་བསྡུའི་ལས་བྱེད་པ་དང་གཟུ་དཔང་རྣམས། འོས་བསྡུ་བྱ་ཡུལ་ས་གནས་ཁག་མང་པོར་གསང་རྒྱ་དམ་པོས་བཀོད་སྒྲིག་བྱས་པ་ཡིན། དེར་བརྟེན་འོས་འདེམས་གྲུབ་འབྲས་ལྡན་པ་ཞིག་བྱུང་བ་རེད། ད་ལྟའི་ཆར་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་དང་མཐའ་མཚམས་ཁག་གི་བོད་པ་འདུས་སྡོད་ཀྱི་ས་གནས་ཚང་མར་དངོས་གཞིའི་འོས་བསྡུ་ལེགས་གྲུབ་བྱུང་སྟེ་དབུས་འོས་བསྡུ་ལས་ཁང་ལ་འོས་ཤོག་གི་གྲངས་ཐོ་རྣམས་ཕུལ་ཟིན། བལ་ཡུལ་དུ་བོད་པ་འོས་འཕེན་པ་ཐོ་འགོད་དེབ་སྐྱེལ་བྱེད་མཁན་མི་གྲངས་༧༥༠༠་བྱུང་འདུག་ཅེས་བཀྲལ།།

གསར་འགོད་པས་མི་མང་འོས་ཤོག་འཕེན་མཁན་ཁག་ཅིག་ལ་བཅར་འདྲི་ཞུས། ཁོ་ཚོས་བལ་ཡུལ་དུ་དམ་དྲག་ཡོད་པའི་སྟབས་ཀྱིས་ང་ཚོ་བོད་པ་སྐྱབས་བཅོལ་བ་རྣམས་སྲིད་སྤྱིའི་འོས་བསྡུ་དེར་ས་ཐག་རིང་པོར་འོས་ཤོག་འཕེན་དུ་འགྲོ་དགོས་བྱུང་བར་བསམ་བློ་བཏང་ན་ངོ་མར་སེམས་སྐྱོ་དགོས་བ་ཞིག་རེད། འོན་ཀྱང་ཆོལ་ཁ་གསུམ་གྱི་བོད་པ་ཚང་མས་འགན་ཁུར་ལེན་སྟངས་དང་ལོ་ན་རྒན་གཞོན་མེད་པ། ཐ་ན་ནད་པ་ཚོས་ཀྱང་དཀའ་ངལ་ལ་མ་འཛེམས་པར་འོས་འདེམས་ལ་མཉམ་ཞུགས་བྱས་པ་མཐོང་ན་སེམས་ལ་དགའ་སྤོབས་སྐྱེ་ཡི་ཞེས་བཤད། འོས་འཕེན་པ་བསྟན་འཛིན་ཟེར་བ་ཞིག་གིས་ང་ནི་༢༠༠༢་ནས་བལ་ཡུལ་དུ་གཏན་སྡོད་བྱེད་བཞིན་ཡོད། རང་ཉིད་ས་མཐར་ཡོད་པ་དང་རང་དབང་མེད་པ། སྟག་མོ་ལུས་སྦྱིན་ལྟ་བུའི་དབེན་གནས་ཁག་ལ་གསང་བའི་སྒོ་ནས་འོས་ཤོག་འཕེན་དུ་ཕྱིན་པ་ཡིན། མི་གྲངས་ཧ་ཅང་མང་པོ་འདུས་འདུག གཙོ་བོ་ནི་སྔོན་ཆད་གནས་ཡུལ་རྒྱལ་ཁབ་ཀྱི་དམག་མིས་བཀག་འགོག་བྱས་པ་དང་འོས་སྒམ་འཕྲོག་པ་སོགས་ཀྱི་གནས་ཚུལ་མང་པོ་ཞིག་བྱུང་བས་ཐེངས་འདིར་དངོས་གཞིའི་འོས་བསྡུ་དེ་ཧ་ཅང་གི་གསང་བ་དང་དོགས་ཟོན་ཆེན་པོ་བྱས་ནས་འོས་འདེམས་བྱེད་ཐུབ་པ་བྱུང་བར་དགའ་སྐྱོ་གཉིས་ཀ་བྱུང་སོང་ཞེས་འགྲེལ་བརྗོད་གནང་ཡོད་པ་སོགས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG