ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༣/༡༡/༣༠

རྒྱ་ནག་གི་ཞིང་ཆེན་གསུམ་ལ་ངོ་བོ་འགྱུར་བའི་ནད་དུག་ཁྱབ། 


༄༅།། རྒྱ་ནག་གི་ཞིང་ཆེན་གསུམ་ལ་ངོ་བོ་ཉིས་འགྱུར་རམ། ཡང་ན་ཌེལ་ཊ་ཞེས་འབོད་པའི་ཏོག་དབྱིབས་ནད་དུག་ཁྱབ་ནས་ནད་པ་རྩད་གཅོད་དང་བརྟག་དཔྱད། མི་མང་ལ་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག དེ་རིང་ཕྱི་ཟླ་༧་པའི་ཚེས་༢༩་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐོག་མར་ཕྱི་ཟླ་༧་པའི་ཚེས་༢༠་ཉིན་རྒྱ་ནག་ནན་ཅིང་གྲོང་ཁྱེར་གྱི་ལུ་ཁུག་རྒྱལ་སྤྱིའི་གནམ་ཐང་གི་ལས་མི་༩་ལ་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་འགོས་ནས་བཟུང་། ད་ལྟའི་བར་དུ་ཅང་སུའུ་ཞིང་ཆེན་གྱི་མི་༡༧༡་ལ་ནད་དུག་འགོས། རྒྱ་ནག་གི་ཞིང་ཆེན་གཞན་གྱི་མི་༤་ལ་ནད་དུག་བགོས། ༢༠༡༩་ལོར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་རྒྱ་ནག་གཞུང་གིས་མི་མང་ས་ཡ་མང་པོ་བཙོན་པ་ལྟར་རང་ཁྱིམ་དུ་བཀག ས་གནས་གང་ཞིག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཐོན་མ་ཐོག་ཏུ་ས་གནས་དེར་འགྲིམ་འགྲུལ་བྱེད་མི་ཆོག་པ་དང་མི་གྲངས་ས་ཡ་མང་པོར་བརྟག་དཔྱད། དེར་བརྟེན་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་ཤུགས་ཆེན་པོ་ཞིག་ཁྱབ་ཐུབ་མེད་ཀྱང་ཟླ་བ་འདིར་རྒྱ་ནག་གི་ཞིང་ཆེན་གསུམ་གྱི་ནང་དུ་ཏོག་དབྱིབས་ནད་དུག་ཁྱབ་ཡོད་པ་ནི་ས་ཁྱོན་ཆེན་པོ་ཞིག་ཡིན་ཞིང་། ཅང་སུའུ་ཞིང་ཆེན་གྱི་ནད་རིགས་བརྟག་དཔྱད་ཁང་གི་ལས་སྣེ་ལུ་ཅང་ཞེས་པ་ཞིག་གིས་གཟའ་ཕུར་བུའི་ཉིན་གསར་འགོད་པ་ཚོར་བཤད་པ་ལྟར་ན། དྲྭ་ཁང་དང་ལུས་རྩལ་ཁང་། ཀ་ར་ཨོ་ཁེ་གླུ་གཞས་ཁང་སོགས་ནས་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་འདུག ནན་ཅིང་གྲོང་ཁྱེར་གྱི་དཔེ་མཛོད་ཁང་ཞིག་ནས་ཀྱང་ནད་དུག་ཁྱབ་སྟེ་དཔེ་མཛོད་ཁང་སྒོ་བརྒྱབ་པ་ཡིན། ང་ཚོས་ནན་ཅིང་གྲོང་ཁྱེར་ལ་མི་འབོར་ས་ཡ་༩་དང་འབུམ་༢་ཡོད་པ་ཚང་མར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་ཐེངས་གཉིས་རེ་བྱས་ཡོད། ཌེལ་ཊ་ཏོག་དབྱིབས་ནད་དུག་ནི་ཧ་ཅང་གི་འགོ་སླ་བ་དང་ཁྱབ་གདལ་མྱུར་བ་ཞིག་རེད་ཅེས་ཉེན་བརྡ་བཏང་འདུག

ནན་ཅིང་གྲོང་ཁྱེར་གྱི་སྡོད་དམངས་ལ་བརྟག་དཔྱད་བྱེད་བཞིན་པ།
ནན་ཅིང་གྲོང་ཁྱེར་གྱི་སྡོད་དམངས་ལ་བརྟག་དཔྱད་བྱེད་བཞིན་པ།

གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས་སི་ཁྲོན་ཞིང་ཆེན་ནང་དུ་མི་གསུམ་དང་པེ་ཅིང་གྲོང་ཁྱེར་དུ་མི་གཅིག་ལ་ཏོག་དབྱིབས་ནད་དུག་འགོས་འདུག་ཅེས་བསྒྲགས། པེ་ཅིང་གྲོང་ཁྱེར་དུ་ནད་པ་ཞིག་ཐོན་པ་ནི་དུས་ཡུན་ཟླ་བ་༦་གི་རྗེས་སུ་ཐེངས་དང་པོ་ཡིན་ཞིང་། འཕྲོད་བསྟེན་ལས་སྣེ་ཚོས་པེ་ཅིང་གི་ནད་པ་དེ་རྒྱ་ནག་དབུས་ཕྱོགས་ཀྱི་ཡུལ་སྐོར་སྤྲོ་འཆམ་འགྲོ་ཡུལ་གྱི་ས་གནས་ཤིག་གི་འཁྲབ་སྟོན་དུས་ཆེན་ལ་ཞུགས་པའི་རྗེས་སུ་ནད་དུག་འགོས་པ་ཤེས་རྟོགས་བྱུང་། དེ་བཞིན་པེ་ཅིང་གྲོང་ཁྱེར་གྱི་མགྲོན་ཁང་ཞིག་གི་ནང་དུ་འགྲུལ་པ་ཞིག་ལ་ནད་རྟགས་ཐོན་ཡོད་པས་ས་ཁུལ་དེར་འགྲོ་འོང་བཀག་སྟེ་ཉེན་རྟོག་པ་དང་འཕྲོད་བསྟེན་ལས་སྣེ་ཚོས་མགྲོན་ཁང་གི་ཕྱི་ལོགས་སུ་དུག་སེལ་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གི་ཞིང་ཆེན་གསུམ་གྱི་ནང་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་མང་ཆེ་བར་སྔོན་འགོག་སྨན་ཁབ་བརྒྱབ་པ་ཤ་སྟག་ཡིན་འདུག ད་ལྟ་རྒྱལ་ཁབ་ཕྱི་ནང་གཉིས་སུ་རྒྱ་ནག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཁག་ལ་ནད་འགོག་གི་ནུས་པ་མེད་པ། ལྷག་པར་དུ་རྒྱ་ནག་གི་སྨན་ཁབ་དེ་ཚོས་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་འགོག་ཐུབ་ཀྱི་མེད་པ་ར་འཕྲོད། རྒྱ་ནག་གཞུང་གིས་ལོ་འདི་མ་རྫོགས་གོང་དུ་མི་འབོར་དུང་ཕྱུར་༡༥་ཡོད་པ་དེའི་ཁོངས་ནས་མི་འབོར་བརྒྱ་ཆ་༦༥་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་ཐུབ་རྒྱུའི་དམིགས་ཚད་བཟུང་། ཁ་སང་གཟའ་ལྷག་པའི་ཉིན་རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་གི་འགན་འཛིན་གྱིས་སྨན་ཁབ་དུང་ཕྱུར་༡༥་བགྲོ་འགྲེམ་བྱས་ཟིན་ཞེས་བཤད་ཀྱང་མི་དམངས་བརྒྱ་ཆ་ཅི་ཙམ་ལ་སྨན་ཐུན་གཉིས་ཀའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་ཡོད་མེད་ཞིབ་ཕྲ་ཞིག་མ་བཤད།།

ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དང་ཨ་རི། ཐེ་ལན་ཌི་དང་ཨོ་གླིང་རྒྱལ་ཁབ་སོགས་ལ་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ། ཨ་རི་དང་ཐེ་ལན་ཌི། ཨོ་གླིང་རྒྱལ་ཁབ་སོགས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་འདང་ངེས་མེད་པའམ། ཡང་ན་རྒྱལ་ཁབ་དེ་དག་གི་མི་དམངས་ཀྱི་གྲས་སུ་སྨན་ཁབ་རྒྱག་རྒྱུ་མིན་ཞེས་འགོག་ཁབ་མ་བརྒྱབ་པར་སྤྱི་ཚོགས་ལ་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་འདུག རྒྱ་ནག་ལ་འགོག་ཁབ་འདང་ངེས་མེད་པའི་དཀའ་ངལ་མེད་པ་དང་པེ་ཅིང་གི་དབང་འཛིན་པ་ཚོས་བཙན་བཀའ་བཏང་ནས་མི་དམངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་གི་ཡོད་པ་རེད། རྒྱ་ནག་གཞུང་གིས་མི་གྲངས་དུང་ཕྱུར་མང་པོར་འགོག་ཁབ་བརྒྱབ་ཚར་ཡོད་ཅེས་ཁྱབ་བསྒྲགས་ཀྱང་བྱེད་ཀྱི་འདུག དེས་ན་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་བསྐྱར་དུ་ཁྱབ་ཀྱི་ཡོད་པ་ནི་ཧ་ཅང་གི་ཁྱད་མཚར་ཞིག་རེད་ཅེས་བསྟན། ཁ་སྔོན་གཟའ་མིག་དམར་ཉིན་ནན་ཅིང་གྲོང་ཁྱེར་གྱི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ཁང་གི་འགན་འཛིན་གཞོན་པ་ཏིང་ཇཱེས་གསར་འགོད་པ་ཚོར་ཉེ་དུས་གྲོང་ཁྱེར་འདིར་ནད་དུག་ཁྱབ་དོན་ནི་ཕྱོགས་གཅིག་ནས་ནད་དུག་ཁྱབ་ཡུལ་གནམ་ཐང་ཡིན་པའི་ས་ཆར་འབྲེལ་བ་འདུག ཕྱོགས་གཞན་དེར་ཌེལ་ཊ་ཞེས་འབོད་པའི་ཏོག་དབྱིབས་ནད་དུག་འདི་འགོ་སླ་བ་དང་ཁྱབ་གདལ་མྱུར་བ་ཞིག་རེད། ང་ཚོས་འཕྲལ་དུ་མི་མང་ས་ཡ་མང་པོར་བརྟག་དཔྱད་བྱས་ཀྱང་ནད་དུག་འདི་ཅང་སུའུ་ཞིང་ཆེན་བརྒལ་ནས་ས་གནས་གཞན་ལ་ཁྱབ་གདལ་ཕྱིན་ཡོད་པའི་རྟགས་མཚན་མངོན། ནན་ཅིང་ལ་ཡོང་བའི་འགྲིམ་འགྲུལ་བ་ཚོས་རྒྱ་ནག་གི་སི་ཁྲོན་ཞིང་ཆེན་དང་ལིའོ་ནིང་ཞིང་ཆེན། ལྷོ་ཕྱོགས་ཀྱི་ཀོང་ཏུང་ཞིང་ཆེན་བཅས་ལ་ནད་དུག་བགོ་ཁྱབ་བཏང་འདུག་ཅེས་བཤད། ནན་ཅིང་ལུ་ཁུག་རྒྱལ་སྤྱིའི་གནམ་ཐང་ནི་འཛམ་གླིང་གི་འགྲིམ་འགྲུལ་གྱི་བྲེལ་ཟིང་ཆེ་བའི་གནམ་ཐང་ཞིག་ཡིན་འདུག

གཟའ་ལྷག་པའི་ཉིན་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱིས་ཕྱི་ཟླ་༨་པའི་ཚེས་༡༡་བར་དུ་ནན་ཅིང་ལུ་ཁུག་རྒྱལ་སྤྱིའི་གནམ་ཐང་སྒོ་རྒྱག་རྒྱུ་རེད་ཅེས་གནས་ཚུལ་སྤེལ། ནན་ཅིང་ལུ་ཁུག་རྒྱལ་སྤྱིའི་གནམ་ཐང་གི་ལས་སྣེ་ཚོས་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་གཟའ་ཟླ་བ་ནས་གནམ་གྲུ་འཕུར་མཚམས་བཞག་སྟེ་དུག་སེལ་བྱེད་ཀྱི་ཡོད་ཅེས་ངེས་གཏན་བྱས་འདུག ད་ལོ་རྒྱ་ནག་གི་ཧུ་ནན་ཞིང་ཆེན་གྱི་ཀྲང་ཅ་ཇཱེ་རྒྱལ་ཡོངས་སྤྱི་གླིང་དུ་འཁྲབ་སྟོན་དུས་ཆེན་ཚུགས་ཏེ་མི་ཚོགས་ཆེན་པོ་འདུས། ལིའོ་ནིང་ཞིང་ཆེན་གྱི་ཏ་ལཱེན་གྲོང་ཁྱེར་དུ་མི་གསུམ་ལ་ནད་རྟགས་ཐོན་པ་རྣམས་ཀྲང་ཅ་ཇཱེ་རྒྱལ་ཡོངས་སྤྱི་གླིང་གི་འཁྲབ་སྟོན་དུས་ཆེན་ལ་ཞུགས་ནས་ནད་དུག་འགོས། ཕྱི་ཟླ་༧་པའི་ཚེས་༢༢་གཅིག་པུར་མི་༣༠༠༠་ལྷག་གིས་འཁྲབ་སྟོན་དེར་བལྟས་པ་དང་ཀྲང་ཅ་ཇཱེ་གྲོང་ཁྱེར་གཞུང་གིས་འཁྲབ་སྟོན་དུས་ཆེན་ལ་ཞུགས་པའི་མི་ཚོས་ངེས་པར་དུ་བརྟག་དཔྱད་བྱ་དགོས། ཁོ་ཚོར་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ཉེན་ཁ་ཆེན་པོ་འདུག གལ་ཏེ་ནད་རྟགས་མ་ཐོན་ཡང་འཁྲབ་སྟོན་གྱི་ལྟད་མོར་ཡོང་བའི་མི་ཚོས་སོ་སོ་རང་ཁྱིམ་དུ་ཟུར་འགོག་བྱ་དགོས་ཞེས་བརྡ་ཐོ་བཀྲམ། ཁ་སང་ཕྱི་ཚེས་༢༨་ཉིན་ཅང་སུའུ་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་དང་ཞིང་ཆེན་གྱི་སྤྱི་ཁྱབ། འཕྲོད་བསྟེན་ལས་སྣེ་ཚོ་ཛ་དྲག་གི་ཚོགས་འདུ་ཚོགས་ནས་ནད་ཡམས་ཁྱབ་གདལ་ལ་སྔོན་འགོག་ཇི་ལྟར་བྱེད་དགོས་མིན་གྲོས་སྡུར་བྱས་ཡོད་པ་དེ་ལ་བལྟས་ཚེ། ནན་ཅིང་ལུ་ཁུག་རྒྱལ་སྤྱིའི་གནམ་ཐང་ནས་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་བགོ་ཁྱབ་བཏང་ཟིན་པ་དང་ཛ་དྲག་ཆེན་པོ་ཞིག་ཡོད་པའི་རྣམ་པ་མཚོན་ཐུབ།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༤༩་ཐོན་ཡོད་པ་དང་ཁ་སང་གཟའ་ལྷག་པའི་ཉིན་ནད་པ་༨༦་ཐོན། ཞིན་ཧྭ་གསར་འགྱུར་ལས་ཁང་གིས་ནན་ཅིང་ལ་མཁའ་ལམ་བརྒྱུད་ནས་ཕྱིན་པའི་འགྲུལ་པ་རྣམས་རྩད་གཅོད་བྱེད་ཀྱི་ཡོད་ཀྱང་དུག་སེལ་བྱ་དགོས་པའི་གནམ་གྲུ་ཁག་ལ་གཙང་སྦྲ་བྱེད་མཁན་ལས་མི་ཚོར་དུག་འགོག་གི་གྱོན་ཆས་ཡག་པོ་མི་འདུག་ཅེས་གནས་ཚུལ་སྤེལ། རྒྱ་ནག་གཞུང་གིས་ནད་དུག་ཁྱབ་ཡུལ་གྲོང་ཚོ་ཁག་སྒོ་རྒྱག་དགོས་པ་དང་༢༠༢༠་ལྟར་སླར་ཡང་འགྲོ་འོང་བཀག་སྡོམ་ནན་པོ་བྱ་དགོས། གློག་བརྙན་ཁང་དང་ལུས་རྩལ་ཁང་། ཆང་ཁང་སོགས་ལ་མི་ཚོགས་ཆེན་པོ་འདུ་འཛོམ་བྱེད་མི་ཆོག མི་མང་རྣམས་དགོས་ངེས་མིན་པའི་འགྲིམ་འགྲུལ་མ་བྱས་ན་ལེགས་ཞེས་ལམ་སྟོན་བྱས་ཤིང་། ནན་ཅིང་གྲོང་ཁྱེར་གཞུང་གིས་གནམ་ཐང་གི་ལས་བྱེད་པ་རྣམས་གང་སར་བསྐྱོད་མི་ཆོག གླ་གཏོང་རླངས་འཁོར་ཁ་ལོ་བ་དང་ལས་ཁུངས་སོགས་ཀྱི་སྒོ་སྲུང་ཚོར་རྟག་ཏུ་བརྟག་དཔྱད་བྱ་དགོས་པའི་ཐག་བཅད། ནན་ཅིང་གྲོང་ཁྱེར་གྱི་འགྲེམ་སྟོན་ཁང་དང་མེ་འཁོར་འབབ་ཚུགས་རྣམས་བརྟག་དཔྱད་ཁང་དུ་བསྒྱུར་ཏེ་ཉི་མ་རེར་མི་ས་ཡ་༧་ལ་བརྟག་དཔྱད་བྱེད་ཐུབ་པའི་ཁོར་ཡུག་བསྐྲུན། ད་དུང་སྨན་རིགས་ཚོང་ཁང་ཁག་གིས་ཚ་སྨན་དང་གློ་སྨན་རྣམས་བཙོང་མི་ཆོག ཚ་སྨན་དང་གློ་སྨན་གྱིས་ནད་དུག་གི་མགོ་བོ་མནན་ནས་ནད་རྟགས་ཡོད་པ་རྩད་ཆོད་ཐུབ་རྒྱུ་ཁག་པོ་འདུག་ཅེས་བཀའ་ཕབ། ད་ལྟའི་བར་དུ་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༩༢༨༡༡་བྱུང་བ་དང་མི་༤༦༣༦་ལ་འཆི་སྐྱོན་བྱུང་སོང་ཞེས་གཞུང་འབྲེལ་གྱི་གྲངས་ཐོ་ཞིག་བཀོད། འོན་ཀྱང་རྒྱལ་སྤྱིའི་འཕྲོད་བསྟེན་མཁས་པ་ཚོས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་གིས་ནད་མནར་བྱུང་བ་དང་ནད་དུག་གིས་འཆི་སྐྱོན་བྱུང་བའི་མི་གྲངས་ནི་འབུམ་ཕྲག་དང་ས་ཡ་འགའ་ཞིག་བརྒལ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG