ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༧

༧གོང་ས་མཆོག་གིས་ཁི་རེ་སེ་ལཱག་སའན་མཆོག་ནིའུ་ཛི་ལན་ཌིའི་སྲིད་བློན་དུ་འདེམས་ཐོན་བྱུང་བར་འཚམས་འདྲི།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ནིའུ་ཛི་ལན་ཌིའི་རྒྱལ་ཡོངས་ཆབ་སྲིད་ཚོགས་པའི་འགོ་ཁྲིད་སྐུ་ཞབས་ ཁི་རེ་སེ་ ལཱག་སའན་ རྒྱལ་ཁབ་དེའི་སྲིད་བློན་གྱི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་སྟེ་རིང་མིན་ནིའུ་ཛི་ལན་ཌིའི་སྲིད་བློན་གྱི་མཛད་འགན་བཞེས་གནང་རྒྱུར་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་གནང་མཛད་ཡོད་པ་རེད།

འཚམས་འདྲིའི་གསུང་འཕྲིན་དེའི་ཞིབ་ཕྲའི་ནང་དོན་དང་འབྲེལ་བའི་སྐོར་ལ་འདི་ག་ཨ་རིའི་རླུང་འཕྲིན་ཁང་ནས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་འཆི་མེད་རིག་འཛིན་ལགས་སུ་བཅར་འདྲི་ཞུས་པའི་ནང་། མགོན་པོ་མཆོག་ནས་ སྤྱིར་འགྲོ་བ་མིའི་རིགས་ཚང་མ་གཅིག་གྱུར་ཡིན་པ་དང་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་བསམ་པའི་འདུ་ཤེས་ལ་གོ་ལ་ཁྱོན་ཡོངས་ནས་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་། འཛམ་གླིང་འདིའི་ཐོག་གདོང་ལེན་བྱེད་དགོས་པའི་གནས་སྟངས་དུ་མ་ཞིག་དེ་རིང་ཁ་སང་ཡང་ང་རང་ཚོའི་མིག་མདུན་དུ་ཡོང་དང་ཡོང་བཞིན་པ་རེད། འོན་ཀྱང་ང་རང་ཚོ་ཚང་མས་གོང་བུ་གཅིག་ཏུ་སྒྲིལ་ཏེ་འབད་བརྩོན་བྱས་ན་འབྱུང་འགྱུར་གོ་ལ་འདིར་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་ཐུབ་འགྱུར་ཡིད་ཆེས་ཡོད་ཅེས་དང་། དེ་བཞིན་ནིའུ་ཛི་ལན་ཌེ་རྒྱལ་ཁབ་ལྟ་བུར་ཆ་མཚོན་ན་འཛམ་གླིང་འདི་ཞི་བདེ་དང་ལྷིང་འཇགས་ལྡན་པ་ཞིག་བཟོ་བར་ནུས་པ་ངེས་ཅན་ཞིག་ལྡན་ཡོད་པ་རེད། གནས་སྟངས་འདི་དང་འབྲེལ་ནས་ནིའུ་ཛི་ལན་ཌིའི་རྡུལ་ཕྲན་མཚོན་ཆ་རྩ་འགོག་གི་སྲིད་བྱུས་ལ་སྐུ་ཉིད་ནས་ཀྱང་དེ་ལུགས་ཤར་བསྐྱོད་གནང་རྒྱུའི་དམ་བཅར་རྒྱལ་ཁབ་གཞན་ཚོས་ཀྱང་བསླབ་བྱ་ལེན་འོས་པ་ཞིག་དང་སྲིད་བྱུས་དེའི་རྗེས་སུ་འབྲངས་དགོས་པ་ཞིག་རེད། གང་ཡིན་ཟེར་ན་འགྲོ་བ་མིའི་རིགས་གནས་སའི་གཞི་མ་སའི་གོ་ལ་འདི་ཞི་བདེ་ལྷིང་འཇགས་ཡོང་བ་ལ་གོ་མཚོན་མེད་པའི་སྤྱི་ཚོགས་ཤིག་བཟོ་རྒྱུ་དེ་ནི་ཐབས་ལམ་ཉག་ཅིག་དེ་རེད། ཅེས་བཀའ་སྩལ་དང་སྦྲགས། ངོས་རང་དེ་སྔ་ནིའུ་ཛི་ལན་ཌི་རུ་ཐེངས་འགར་ཡོང་རྒྱུའི་གོ་སྐབས་བཟང་པོ་བྱུང་ལ། སྐབས་དེ་དག་ཏུ་ངོས་ནས་གྲོ་བ་མིའི་གཞི་རྩའི་རིང་ཐང་། སྙིང་རྗེ་དང་གུ་ཡངས། བཟོད་སྒོམ། ཆོག་ཤེས། རང་གཅུན། ཆོས་ལུགས་ནང་ཁུལ་འཆམ་མཐུན་སོགས་གོང་སྤེལ་ཐད་ལ་ཡུལ་དེའི་མི་མང་རྣམ་པས་རྒྱབ་སྐྱོར་དང་ཐུགས་སྣང་གནང་བར་དགའ་པོ་བྱུང་། མ་ཟད་ས་གནས་དེ་གའི་མི་མང་རྣམ་པའི་མཛའ་བརྩེ་དང་སེམས་ཤུགས་ཀྱིས་ངོས་ལ་བློ་བསྐྱེད་ཀྱང་ཐོབ་བྱུང་། མཐའ་དོན་གསར་དུ་བདམས་ཐོན་བྱུང་བའི་སྲིད་བློན་མཆོག་ནས་ནིའུ་ཛི་ལན་ཌིའི་མི་མང་ཚོའི་མངོན་འདོད་དང་དགོས་མཁོ་བསྒྲུབ་པར་གདོང་ལེན་མི་ཉུང་བ་གནང་དགོས་པས་ངོས་ནས་སྐུ་ཉིད་ཀྱི་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་གནང་ཡོད་པ་ཡང་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ནས་མུ་མཐུད་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་ཉེ་ལམ་ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་ནིའུ་ཛི་ལན་ཌིའི་ རྒྱལ་ཡོངས་སྲིད་བློན་གྱི་མཐའ་མའི་འོས་བསྡུ་གནང་སྟེ། དེ་སྔའི་ངལ་རྩོལ་ཆབ་སྲིད་ཚོགས་པས་མི་ལོ་དྲུག་རིང་བསྐྱངས་པའི་གཞུང་འཛིན་ལ་འོས་གྲངས་བརྒྱ་ཆ་ ༢༧ དང་། ནིའུ་ཛི་ལན་ཌེའི་ཕྱོགས་འགལ་ཚོགས་པ་རྒྱལ་ཡོངས་ཆབ་སྲིད་ཚོགས་པར་བརྒྱ་ཆ་ ༣༩ ཐོབ་སྟེ། ད་ལྟའི་གཞུང་འཛིན་དེ་བཞིན་ནིའུ་ཛི་ལན་ཌེ་རྒྱལ་ཡོངས་ཆབ་སྲིད་ཚོགས་པ་ཆགས་ཏེ། རྒྱལ་ཡོངས་ཆབ་སྲིད་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ ཁི་རེ་སེ་ ལཱག་སའན་ ལགས་ཡུལ་དེའི་སྲིད་བློན་སྐབས་ ༤༢ པར་བདམས་ཐོན་བྱུང་ནས་རིང་མིན་སྲིད་བློན་གྱི་མཛད་འཁུར་བཞེས་གནང་རྒྱུ་ཡིན་པ་རེད་འདུག

XS
SM
MD
LG