ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༧

འབུམ་རམས་པ་བདུན་ཐོན་པའི་ལོ་རྒྱུས་གསར་བ།


༧གོང་ས་མཆོག་གིས་གསར་དུ་ཐོན་པའི་འབུམ་རམས་པ་བདུན་ལ་མཇལ་ཁ་གནང་བ།
༧གོང་ས་མཆོག་གིས་གསར་དུ་ཐོན་པའི་འབུམ་རམས་པ་བདུན་ལ་མཇལ་ཁ་གནང་བ།

ཆབ་སྲིད་ཀྱི་བཀག་རྒྱ་དང་སྤྱི་ཚོགས་ཀྱི་བཀག་རྒྱ། བརྗོད་བྱའི་བཀག་རྒྱ་མེད་པར་རང་དབང་གི་ཁོར་ཡུག་ཅིག་ནས་བོད་རང་གི་སྐད་ཡིག་ཏུ་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཐད་ལ་འབུམ་རམས་པའི་མཚན་གནས་བཞེས་སྲོལ་བྱུང་བ་འདི་ནི་བཙན་བྱོལ་བའི་དཀའ་ཐུབ་ལས་བྱུང་བའི་ཤེས་ཡོན་གྱི་འཕེལ་རིམ་ཞིག་ལ་ངོས་འཛིན་ཞུ་ཆོག་པ་དང་། ཡང་ཏཱ་ལའི་བླ་མ་མཐོ་སློབ་ཅེས་༧རྒྱལ་བ་རིན་པོ་ཆེའི་མཚན་གནས་རྗེས་འབྲེལ་གྱི་སློབ་གྲྭ་ཞིག་ནས་འབུམ་རམས་པ་ཐོན་པ་འདི་ཡང་འབུམ་རམས་པ་གཞན་དང་མི་འདྲ་བར། ལྕི་ཁོག་དང་འགན་འཁྲི། གནོན་ཤུགས་སོགས་འཕར་མ་ཞིག་འདུག་ཅེས་ཉེ་ཆར་ཐོན་པའི་འབུམ་རམས་པ་བདུན་པོ་ལས་འབུམ་རམས་པ་ཞིག་གིས་འགྲེལ་བརྗོད་གནང་སོང་།

ཉེ་ཆར་ཏཱ་ལའི་བླ་མ་མཐོ་སློབ་ནས་བོད་མི་འབུམ་རམས་པ་བདུན་མཉམ་ཐོན་གནང་བ་ནི་བོད་ཀྱི་ལོ་རྒྱུས་སུ་བོད་རང་གིས་འཛིན་སྐྱོང་གནང་བཞིན་པའི་སློབ་གྲྭ་ཞིག་ཏུ་བོད་ཡིག་ནང་ལ་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཐོག་ལ་འབུམ་རམས་པའི་མཚན་གནས་བཞེས་པ་དེ་རྒྱ་གར་གྱི་གཙུག་ལག་སློབ་ཆེན་ཁག་གི་འབུམ་རམས་པའི་ཕྱག་ཁྱེར་དང་འདྲ་བར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་ངོས་ལེན་ཡོད་པ་ནི་ལོ་རྒྱུས་ཀྱི་བྱུང་བ་གསར་བ་ཞིག་ཆགས་ཡོད་ཅིང་། འབུམ་རམས་པ་རྣམས་ཀྱིས་སློབ་ཐོན་མཛད་སྒོ་གྲུབ་པའི་རྗེས་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཏེ་༧གོང་མཆོག་ལ་མཇལ་ཁ་མཉམ་དུ་ཞུས་ཏེ་འབུམ་རམས་པའི་ཆེད་རྩོམ་སྤྱན་འབུལ་ཞུས་ཡོད་པ་སོགས་ཀྱི་གནས་ཚུལ་རིམ་པས་ཐོན་སྐབས་བོད་ཕྱི་ནང་གི་བོད་མི་ཚོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་དགའ་བསུ་དང་ཚོར་ཤུགས་དྲག་པོས་རྟེན་འབྲེལ་ཞུ་བཞིན་པ་མཐོང་རྒྱུ་འདུག

འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་ནི་འབུམ་རམས་པ་བདུན་པོ་ལས་གཅིག་ཡིན་ལ། ཁོང་གིས་ཐེངས་འདིར་ཁོང་རྣམ་པའི་སློབ་ཐོན་ལ་བོད་མི་ཚོས་དགའ་བསུ་ཆེན་པོ་ཞུས་པའི་དོན་སྙིང་དང་རྒྱབ་ལྗོངས་ཅི་ཡིན་ཐད་ནས་ངོ་སྤྲོད་གནང་སྐབས། ཐེངས་འདིར་སྐབས་དང་བོའི་འབུམ་རམས་པ་བདུན་ཐོན་པ་འདི་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་སློབ་གསོའི་འཕེལ་རིམ་དང་གནས་ཚད་མཚོན་གི་ཡོད་པར་བོད་མི་ཚོས་དགའ་ཚོར་གནང་གི་ཡོད་ལ། ཡང་བོད་དུ་རྒྱ་ནག་གིས་སྐད་ཡིག་རྩ་མེད་སོགས་ཀྱི་རྒྱ་ནག་གི་སློབ་གསོའི་སྲིད་ཇུས་སྤེལ་བཞིན་པའི་སྐབས་སུ་བཙན་བྱོལ་དུ་འཛིན་རིམ་དང་པོ་ནས་འབུམ་རམས་པའི་བར་དུ་བོད་ཡིག་ཏུ་གནང་ཐུབ་ཀི་ཡོད་པར་བཙན་བྱོལ་བོད་མིའི་དཀའ་ཐུག་ལ་དགའ་སྤོབས་ཞུ་བཞིན་པ། འབུམ་རམས་པ་ཐོན་མཁན་ཚང་མ་བཙན་བྱོལ་སྤྱི་ཚོགས་སུ་ཤེས་ཡོན་གྱི་སྡེ་ཚན་སོ་སོའི་རྐང་འཛིན་མི་སྣ་རྐྱང་རྐྱང་ཆགས་ཡོད་པས་ཚད་ལྡན་ཕྱག་ཁྱེར་ཞིག་ཐོབ་པ་དེར་དགའ་སྤོབས་ཞུ་བཞིན་པ། བཙན་བྱོལ་སྤྱི་ཚོགས་ཀྱི་ས་རཱ་མཐོ་སློབ་དང་། ཏཱ་ལའི་བླ་མ་མཐོ་སློབ། ནོར་གླིང་མཐོ་སློབ་བཅས་སུ་མ་འོངས་པ་རྒྱལ་སྤྱིའི་ཚད་ལྡན་གྱི་བོད་པ་རང་གི་བོད་མི་འབུམ་རམས་པའི་དགེ་རྒན་སླེབས་ཡོང་དུས་རང་བཞིན་གྱིས་གཟི་བརྗིད་ཅིག་ཆགས་ཡོད་པ་བཅས་བོད་ཕྱི་ནང་གི་བོད་མི་ཚོས་དགའ་བསུ་ཞུ་རྐྱེན་ལྔ་གསལ་སྟོན་གནང་སོང་།

བོད་ཀྱི་ལོ་རྒྱུས་སུ་ལེའུ་གསར་པར་གྱུར་ཡོད་པའི་འབུམ་རམས་པ་བདུན་དེ་དག་ལས་འབུམ་རམས་པ་དང་དགེ་བཤེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་ལགས་ནི་དགའ་ལྡན་ཕོ་བྲང་གི་༧རྒྱལ་བ་རིན་པོ་ཆེའི་གསུང་འབུམ་སྡེ་ཚན་གྱི་རྐང་འཛིན་པའི་གྲས་ཡིན་པ་དང་། ཁོང་གི་འབུམ་རམས་པའི་ཆེད་རྩོམ་ནི་གསང་སྔགས་ཀྱི་སྐོར་ཏེ་རླུང་སེམས་ཕྲ་མོ་ལ་རྟེན་པའི་རྟགས་ཀྱི་གནད་དོན་དང་འབྲེལ་བ་ཞིག་ཡིན་པ་རེད།

ཡང་འབུམ་རམས་པ་དང་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ནི་སྨོན་ལམ་བོད་ཡིག་ཡིག་གཟུགས་གསར་གཏོད་པ་དང་སྨོན་ལམ་རིག་ནུས་བཟོ་མཁན། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་ཡིན་པ་དང་། ཁོང་གི་འབུམ་རམས་པའི་ཆེད་རྩོམ་ནི་དཔེ་མཛོད་རིག་པའི་ཁྱབ་ཁོངས་ལས་གློག་རྡུལ་དང་འབྲེལ་ནས་དཔེ་མཛོད་བདག་དམ་བྱེད་སྟངས་སྐོར་ཡིན་འདུག

འབུམ་རམས་པ་བསོད་ནམས་རྒྱལ་མཚན་ལགས་ནི་ལོ་ངོ་ལོ་༢༥་ལྷག་ལ་ཤེས་ཡོན་ཚན་པར་ཕྱག་ལས་གནང་མཁན་དང་ས་རཱ་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་ཡིན་ཞིང་།། ཁོང་གི་ཆེད་རྩོམ་ནི་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་མན་ཇུ་གོང་མའི་གནས་བབ་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་ཡོད་འདུག

འབུམ་རམས་པ་སྨན་ཤར་བློ་གྲོས་ལགས་ནི་ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་ཟུར་བ་ཡིན་ཞིང་། ཁོང་གི་འབུམ་རམས་པའི་ཆེད་རྩོམ་ནི་ཐང་བོད་གཉིས་ཀྱི་འབྲེལ་ལམ་སྐོར་ཡིན་འདུག

འབུམ་རམས་པ་ཨ་འབྲུག་དཀོན་མཆོག་ལགས་ནི་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་རྩོམ་རིག་སློབ་དཔོན་ཡིན ཞིང་། ཁོང་གི་ཆེད་རྩོམ་ནི་རྗེ་ཙོང་ཁ་བའི་སྙན་ངག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྐོར་ཡིན་པ་རེད།

འབུམ་རམས་པ་དང་སྐད་བརྡ་རིག་བ་པ་དགེ་བཤེས་བློ་བཟང་དངོས་གྲུབ་ལགས་ནི་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་བརྡ་སྤྲོད་སློབ་དཔོན་ཡིན་ཞིང་། ཁོང་གི་ཆེད་རྩོམ་ནི་བོད་ཀྱི་བརྡ་སྤྲོད་ལས་བྱ་ཚིག་ལ་འགྱུར་བ་འགྲོ་སྟངས་སྐོར་ཡིན་འདུག

འབུམ་རམས་པ་གཙང་ཕྲུག་སྟོབས་ལགས་ནི་ས་རྭ་མཐོ་སློབ་ཏུ་དགེ་རྒན་ཆེན་མོའི་ཕྱག་ལས་གནང་ནས་ད་ལྟ་ལོ་༡༣་ལྷག་འགྲོ་བཞིན་པ་དང་། ཁོང་གི་འབུམ་རམས་པའི་ཆེད་རྩོམ་ནི་སྲིད་ཚབ་རྭ་སྒྲེང་དང་སྟག་བྲག་གི་འགལ་འཛོལ། ༡༩༣༤་ནས་༡༩༥༤་བར་གྱི་བོད་ཀྱི་བསྟན་སྲིད་གཉན་འཕྲང་ཅན་གྱི་དུས་རིམ་དེར་དཔྱད་པ་གནང་ཡོད་པ་བཅས་ཡིན་འདུག

ཐེངས་འདིར་ཏཱ་ལའི་བླ་མ་མཐོ་སློབ་ནས་ཐོན་པའི་འབུམ་རམས་པ་རྣམས་ནི་བོད་དང་རྒྱ་ནག རྒྱལ་སྤྱིའི་སློབ་གྲྭ་གཞན་ཁག་ནས་འབུམ་རམས་པ་ཐོན་པ་ཚོ་དང་བསྡུར་ཚེ་ཁྱད་པར་ཅི་ཡོད་ཐད་ནས་བཀའ་འདྲི་ཞུས་སྐབས། འབུམ་རམས་པ་སྟོབས་ལགས་ཀྱིས། བོད་ནང་དུ་འབུམ་རམས་པ་ཐོན་ཡོད་པ་དེ་འདྲ་མང་པོ་ཡོད་རེད། གཞི་རྩའི་སྐད་ཡིག་གི་གནས་སྟངས་དང་ཆ་རྐྱེན་དེ་ཡག་པོ་ཡོད། ཡིན་ན་ཡང་ཁོ་ཚོར་རྒྱ་ནག་གི་སྲིད་ཇུས་དང་འབྲེལ་བའི་བཀག་རྒྱ་ཞིག་ཡོད། ཞིབ་འཇུག་པ་ཞིག་ལ་མཚོན་ན་བཀག་རྒྱ་མེད་པའི་རང་དབང་ནི་གལ་ཆེན་ཡིན་པ་གང་ཞིག་ལ་ཁོ་ཚོར་རང་དབང་དེ་མེད་དུས་གནད་དོན་མང་པོའི་ཐད་ལ་བཀག་རྒྱ་རེད། ལྷག་པར་དུ་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་གནད་དོན་ལ་རྒྱ་ནག་གི་ཁྲིམས་གཞིར་བཟུང་ནས། བོད་རྒྱ་ནག་གི་མངའ་ཁོངས་སུ་ཡོད་པ་གཞིར་བཟུང་འབྲི་དགོས་པ་མ་གཏོགས། དེ་ལས་འཕྲོས་ཏེ་འབྲི་དབང་མེད། དེ་ནང་བཞིན་ང་ཚོའི་ཆོས་དང་རིག་གཞུང་ལ་ཡང་བཀག་རྒྱ་ཡོད། མ་ཟད་སྐད་ཡིག་ཀྱང་རྒྱ་ཡིག་ཏུ་འབྲི་དགོས་པའི་ལམ་ལུགས་མང་པོ་ཡོད། ཡང་ཕྱི་ལོགས་སུ་འབུམ་རམས་པ་ཐོན་པ་དེ་འདྲ་ཡོད། དེ་ཚོར་སྐད་ཡིག་དེ་ཕྱི་རྒྱལ་གྱི་སྐད་ཡིག་ཆགས་ཡོད། བོད་ཡིག་ཡག་པོ་ཡོད་ན་དབྱིན་ཡིག་ཐོག་ནས་དཀའ་ངལ་འཕྲད་པ་དང་། དབྱིན་ཡིག་ཡག་པོ་ཡོད་ཚེ་བོད་ཡིག་གི་གནས་ཚད་ཐོག་ནས་གོ་བ་མ་ལོན་པའི་དཀའ་ངལ་ཡོད་པ། ལྷོད་ཤིག་ཤིག་ཅིག་དང་སྟབས་བདེ་བོ་ཞིག་མེད། ཕྱི་རྒྱལ་གྱི་གཙུག་ལག་སློབ་གྲྭ་ཁག་ཏུ་དབྱིན་ཡིག་ཐོག་ནས་ཐོན་དགོས་པ་རེད། ཡང་འབུམ་རམས་པ་ཐོན་མཁན་སློབ་མ་ཚོས་བསྟེན་སའི་སློབ་དཔོན་དགེ་རྒན་དེ་ཚོ་ཡང་བོད་སྐད་ཡིག་ལ་ཆ་རྒྱུས་གཏིང་ཟབ་མེད་པ་དེ་འདྲ། གཞི་རྩའི་གནས་ཚད་ཡག་པོ་ཡོད་ཀྱང་སྐད་ཡིག་གི་བཀག་རྒྱ་དང་རིག་གཞུང་གི་བཀག་རྒྱ་ཐོག་ནས་དཀའ་ངལ་ཞིག་འཕྲད་ཀི་ཡོད། དེ་ལས་ཏཱ་ལའི་བླ་མ་མཐོ་སློབ་ནས་ཐོན་པའི་ང་ཚོར་ཆ་བཞག་ན་ང་ཚོ་སློབ་ཕྲུག་གསར་བ་མིན་པར། སློབ་གྲྭ་ཐོན་རྗེས་ལས་ཀ་བྱེད་དེ་ལོ་བཅུ་ལས་མང་བ་སོང་ཡོད་པ་རྐྱང་རྐྱང་རེད། ལྷག་པར་དུ་དགེ་བཤེས་ལྷ་རམས་པ་ཟེར་དུས་སྲོལ་རྒྱུན་བོད་ཀྱི་སློབ་གསོའི་གནས་བབ་ཚད་མཐོ་ཤོས་དེ་རེད། འདི་འདྲའི་རིག་གཞུང་གི་རྨང་གཞི་ཞིག་ཁྱེར་ནས་སྤྱི་ཚོགས་ཀྱི་ཐོག་ནས་བཀག་རྒྱ་མེད་པ་དང་ཆབ་སྲིད་ཀྱི་ཐོག་ནས་བཀག་རྒྱ་མེད་པ། སྐད་ཡིག་གི་གནས་ཚད་མཐོ་བོ་ཡོད་པ། ཤེས་ཡོན་སློབ་གསོའི་དཀྱིལ་འཁོར་དུ་རྒྱུན་རིང་བོར་ཉམས་མྱོང་ཟགས་ཤིང་དགེ་ཕྲུག་མང་པོ་བསྐྱངས་ཟིན་པ་བཅས་ནི་དམིགས་བསལ་གྱི་ཁྱད་ཆོས་ཤིག་རེད། ཁྱད་ཆོས་འདི་ཁྱད་པར་ཆེན་པོ་རེད། ཡང་ཞན་ཆ་གང་ཡོད་ཟེར་ན་ཕྱི་རྒྱལ་གྱི་མཐོ་སློབ་ཚོར་ཞིབ་འཇུག་ཐབས་ལམ་དེ་བོད་པ་ལས་ལྷག་པའི་ཁྱད་ཆོས་ཆེན་པོ་ཡོད་པས། འདིའི་ཆ་ནས་ཞན་ཆ་ཞིག་ཡོད་ན་ཏན་ཏན་ཡོད་ཆོག་གི་རེད། ཅེས་གསུང་སོང་།

བོད་ཀྱི་འབུམ་རམས་པའི་ལོ་རྒྱུས་གསར་བ།
please wait

No media source currently available

0:00 0:19:43 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཡང་འབུམ་རམས་པ་སྟོབས་ལགས་ཀྱིས་གསུང་དོན་ལྟར་ན་༧གོང་ས་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་སློབ་གྲྭ་ཞིག་ནས་འབུམ་རམས་པའི་མཚན་གནས་ཐོབ་པ་ནི་དགའ་དགོས་པ་ཞིག་ཡིན་པ་གང་ཞིག་ལ་ཡང་སེམས་སུ་ལས་འགན་ལ་དཔག་པའི་གནོན་ཤུགས་ཆེན་པོ་ཡོད་པའི་སྐོར་ནས་ཀྱང་ངོ་སྤྲོད་གནང་སོང་། དེ་ཡང་སྟོབས་ལགས་ཀྱིས། ང་ཚོ་ཚང་མ་འཇོན་གི་ཡོད་མེད་ལ་མ་བརྟེན་པར་ཤེས་ཡོན་སྡེ་ཚན་ཁག་ཏུ་རྐང་འཛིན་གྱི་ལས་ཀ་བྱེད་བཞིན་ཡོད་དུས་ང་ཚོས་གསོ་སྐྱོང་བྱེད་བཞིན་པའི་སློབ་མ་ཚོར་ཕན་ཐོགས་པ་དང་འབྲེལ་ནས་བཙན་བྱོལ་སྤྱི་ཚོགས་ལ་ཕན་ཞིག་ཐོགས་བཞིན་པ་རེད། ཡང་འབུམ་རམས་པའི་མཚན་གནས་དང་འབྲེལ་ནས་རླབས་ཆེ་བའི་ལས་འགན་རེ་ཡང་ཡོད། དེ་ལས་ཀྱང་ཏཱ་ལའི་བླ་མ་མཐོ་སློབ་ཞེས་༧རྒྱལ་བ་རིན་པོ་ཆེ་ཡི་མཚན་གནས་རྗེས་འབྲེལ་ཀྱི་མཐོ་སློབ་ཞིག་ནས་ཐོན་ཡོང་དུས། ད་ནི་འབུམ་རམས་པའི་གནས་ཚད་ལས་ལྷག་པའི་ལས་ཀ་ཞིག་བྱེད་མ་ཐུབ་པའམ། ལྷག་པར་དུ་ཞབས་འདེགས་ཞུས་མ་ཐུབ་པར་ཞབས་འདྲེན་ཞུས་ན་དཔེ་ཟགས་ཀི་རེད་བསམ་པའི་ལྕི་ཁོག་འཕར་མ་ཞིག་དང་འགན་འཕར་མ་ཞིག གནོན་ཤུགས་འཕར་མ་ཞིག་ཡོང་གི་འདུག ཡང་ཕྱོགས་གཅིག་ནས་བསམ་བློ་བཏང་བ་ཡིན་ན་སོ་སོའི་མི་ཚེ་ནང་ལ་༧རྒྱལ་བ་རིན་པོ་ཆེའི་མཚན་གནས་རྗེས་འབྲེལ་གྱི་མཐོ་སློབ་འདི་འདྲ་ཞིག་ནས་ཐོན་ཡོང་དུས། སོ་སོའི་བསོད་ནམས་ཡིན་ཨཱང་བསམ་པའི་སྤོབས་པ་སྐྱེས་བྱེད་ཀྱི་གཞི་ཞིག་ཀྱང་ཆགས་བསྡད་འདུག་ཅེས་གསུངས་བྱུང་།

གལ་ཏེ་བོད་མི་ཚོའི་ནང་དུ་ཁོང་ཚོ་ལྟར་འབུམ་རམས་པའི་སློབ་གཉེར་གནང་འདོད་ཡོད་ཚེ་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ངོས་ནས་འབུམ་རམས་པའི་སློབ་མ་བསྡུ་བའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བར་ཐུགས་སྣང་གནང་སྟེ་དམ་འཛིན་ཞུ་རྒྱུ་གལ་ཆེན་པོ་དང་་། སོ་སོར་ཚང་དགོས་པའི་ལག་ཁྱེར་དེ་ཚོ་གྲ་སྒྲིག་བྱེད་དགོས་པ། གནས་ཚད་ཇེ་མཐོར་གཏོང་དགོས་པ། ཞིབ་འཇུག་གི་ཐབས་ལམ་དང་བོད་ཀྱི་སྐད་ཡིག་གི་གནས་ཚད་ཡར་རྒྱས་གཏོང་དགོས་པ། ཡང་ཞིབ་འཇུག་ལ་མཁོ་བའི་སྐད་ཡིག་གཞན་པའི་གནས་ཚད་ཡར་རྒྱས་གཏོང་རྒྱུ་སོགས་ནི་གོམ་པ་དང་བོ་ཆགས་ཡོད་འདུག དེའི་ཐད་ལ་འབུམ་རམས་པ་སྟོབས་ལགས་ཀྱིས་གསུང་དོན་ལྟར་ན། ད་ལྟ་ཏཱ་ལའི་བླ་མ་མཐོ་སློབ་ཏུ་སློབ་མ་བརྒྱད་ཀྱིས་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་ལས་ཁོ་ཚོར་ཤེས་རིག་ལས་ཁུངས་ཀྱིས་སློབ་ཡོན་གནང་བཞིན་པ་དེ་དགའ་དགོས་པ་ཞིག་ཡིན་པ་གང་ཞིག་ལ། ད་དུང་སྤྱི་ཚོགས་སུ་གནས་ཚད་གང་ལ་གང་འཚམ་ཡོད་པ་དེ་འདྲ་ལ་ཡང་ཤེས་ཡོན་གྱི་གོ་སྐབས་ཤིག་རག་རྒྱུར་སྤྱི་ཚོགས་ཁྱོན་ཡོངས་ནས་མཐུན་རྐྱེན་དང་རྒྱབ་སྐྱོར་བྱེད་པ་ཡིན་ན་བོད་པའི་སྤྱི་ཚོགས་ཀྱི་ཁེ་ཕན་ཡིན་པ་དང་། ལྷག་པར་དུ་དགོན་སྡེ་གྲྭ་ཚང་ཁག་ཏུ་ཚད་མཐོ་བའི་ནང་བསྟན་ཆོས་ལུགས་སློབ་གཉེར་གནང་མཁན་ཚོས་གོ་སྐབས་འདི་བཞེས་རྒྱུར་འབོད་སྐུལ་གནང་སོང། གོ་སྐབས་འདི་བཞེས་ཏེ་རྒྱལ་སྤྱིའི་ཞིབ་འཇུག་གི་ཐབས་ལམ་དང་དཔྱད་བརྗོད་ཀྱི་ཐབས་ལམ་དེ་ཚོ་ལག་བསྟར་གྱིས་འབུམ་རམས་པའི་མཚན་གནས་བཞེས་རྗེས་རྒྱལ་སྤྱིའི་བོད་རིག་པའི་ཐོག་ལ་དགེ་བཤེས་དང་མཁན་པོ་ཚོ་ཕེབས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་འགྲེལ་བཤད་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པའི་སྐོར་ངོ་སྤྲོད་གནང་སྐབས། སྟོབས་ལགས་ཁོང་ཉིད་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ལ་ཞུགས་སྐབས་མཐོང་ཐོས་དང་ཉམས་མྱོང་གཞི་ལ་བཞག་ནས་གསུང་རྒྱུར། ང་བོད་རིག་པའི་ཚོགས་ཆེན་དེ་ལ་ཐེངས་མང་པོ་སོང་བ་ཡིན། བོད་པའི་གནད་དོན་སྐོར་ལ་སྔགས། མདོ། རྒྱུ་སོགས་ཕྱི་རྒྱལ་བས་འགྲེལ་བཤད་བྱེད་ཡོང་དུས་ངོ་མ་དེ་འདྲ་ཨེ་ཡིན་ན་བསམ་ནས་ང་ལ་བློ་དོགས་མང་པོ་སྐྱེས་ཡོང་གི་འདུག་ཅེས་གསུང་བྱུང་ལ། བོད་པ་རང་ལ་གོ་སྐབས་དང་མཐུན་རྐྱེན་ཡོད་དུས་བཀག་རྒྱ་མེད་པའི་ཁོར་ཡུག་འདི་ནས་བོད་མི་ཚོས་གོ་སྐབས་ལེན་དགོས་པ་གལ་ཆེན་པོ་ཡིན་པ་འབོད་སྐུལ་གནང་སོང་།

XS
SM
MD
LG